བོད་པའི་སློབ་གྲྭ་རྒྱལ་སྤྱིའི་ཤེས་ཡོན་གནས་ཚད་ཐོག་སླེབས་ཐུབ་བམ།

January 2, 2017 By Tenzin Pema

༄༅། །དེང་དུས་འཛམ་གླིང་ནང་ཤེས་ཡོན་སྤྲོད་སྟངས་སྣ་ཚོགས་ཡོད་ཀྱང་། མི་ཚེའི་ནང་རང་གཞན་གཉིས་ཀར་ཁ་ཡོད་ལག་ཡོད་ཕན་ཐོགས་ཅན་གྱི་ཤེས་བྱ་ག་ཚོད་རག་གི་ཡོད་མེད་ཐོག  ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ལོ་གསུམ་རེའི་ནང་རྒྱལ་ཁབ་མང་པོའི་རང་ལོ་བཅོ་ལྔ་ཡིན་པའི་སློབ་ཕྲུག་ཚོའི་ཤེས་ཚད་ཤེས་རྟོགས་སླད་རྒྱལ་སྤྱིའི་སློབ་ཕྲུག་དཔྱད་ཞིབ་ལས་འགུལ་༼PISA (Programme for International Student Assessment)༽ ཞེས་པའི་སྤྱི་རྒྱུགས་གཅིག་གཏོང་འགོ་ཚུགས་རེད། དེའི་ནང་གྲུབ་འབྲས་བཟང་པོ་འཐོན་མཁན་གྱི་རྒྱལ་ཁབ་འགའ་ཤས་ནི་ཕིན་ལེནྜ་ (Finland) དང་། རྒྱ་ནག་གྲོང་ཁྱེར་ཧྲང་ཧེ༌(Shanghai) དང་།  ཧོང་ཀོང་ (Hong Kong) དང་། སིངྒ་པོར། (Singapore) བཅས་རེད།

གཟེངས་སུ་ཐོན་པའི་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་ཡོད་ཀྱང་གོང་གསལ་རྒྱ་ནག་གི་གྲོང་ཁྱེར་གཉིས་མ་གཏོགས་མེད་པ་དེས་རྒྱ་ནག་གི་ཤེས་ཡོན་སྲིད་བྱུས་ཚད་གཞི་ཇི་ལྟར་ཡོད་མེད་ལ་དཔྱད་གཞིར་རང་བཞིན་དུ་འགྱུར་ཡང་། ཕྱོགས་ཡོངས་ལ་ལག་ལེན་གཅིག་མཚུངས་མེད་པའི་རྐྱེན་གྱིས་བོད་རིགས་གནས་སྡོད་ཁག་ཚུད་པའི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་རང་ལོ་བཅོ་ལྔ་ཅན་གྱི་སློབ་ཕྲུག་རྣམས་སྤྱི་རྒྱུགས་དེའི་ནང་མཉམ་ཞུགས་བྱེད་རྒྱུའི་གདེང་སྤོབས་མེད། དེ་བཞིན་བོད་ཕྱི་ལ་ཡོད་པའི་བོད་མི་མང་ཆེ་བའི་སྡོད་གནས་རྒྱ་གར་ཡིན་པས། རྒྱ་གར་གྱི་ཤེས་ཡོན་གནས་ཚད་ཡག་ཤོས་ཡིན་ཁུལ་གྱི་མངའ་སྡེ་ཧི་མཱ་ཅལ་དང་ཏ་མིལ་ནཱ་ཌུ་གཉིས་ཀྱི་སློབ་ཕྲུག་རྣམས་ཕྱི་ལོ་ ༢༠༠༩ ལོར་པི་སཱ་རྒྱལ་སྤྱིའི་སློབ་ཕྲུག་དཔྱད་ཞིབ་ལས་འགུལ་གྱི་སྤྱི་རྒྱུགས་ནང་མཉམ་ཞུགས་བྱས་ཏེ་རྒྱལ་ཁབ་ ༧༣ ནང་ནས་ཨང་རིམ་མཐའ་མཇུག་གཉིས་པར་ལུས་ཡོད། དེར་བརྟེན་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་སྲིད་བྱུས་ནི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་འོག་ནས་འགྲོ་མུས་ཡིན་པས། ང་ཚོ་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ག་ཚོད་ཡོད་མེད་ཐེ་ཚོམ་རང་བཞིན་དུ་གྱུར་ཡོད། འོན་ཀྱང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་རེ་བ་ཡོད་པ་དེ་’བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་’ནས་ཡོང་གི་ཡོད་པར་མངོན།

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བརྒྱད་པར་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན། སྲིད་བྱུས་དེ་ཉིད་ལག་བསྟར་ཆེད་’མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་’ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་གསར་དུ་བཙུགས་པ་དང་། འདས་པའི་ལོ་བཅུ་གཅིག་ནང་སློབ་གྲྭ་འདིར་ཆ་འཇོག་དང་ཡིད་ཆེས། བསྔགས་བརྗོད་དང་རྒྱབ་སྐྱོར་རིམ་པས་ཐོབ་དང་འཐོབ་བཞིན་ཡོད་པ༌དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་སློབ་གྲྭ་དེས་ད་བར་དུ་གཟེངས་སུ་ཐོན་པའི་གྲུབ་འབྲས་མི་ཉུང་བ་བཏོན་ཐུབ་པས་རེད། དཔེ་མཚོན་འགའ་ཤས་ཞུས་ན།

ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་པའི་སློབ་གྲྭ་ ༥༢ ཀྱི་འཛིན་རིམ་ལྔ་པའི་སློབ་ཕྲུག་ཡོངས་ཀྱི་ཤེས་ཚད་ཤེས་རྟོགས་སླད་བོད་ཡིག་དང་། ཨིན་ཇི། ཨང་རྩིས་བཅས་ཀྱི་སྤྱི་རྒྱུགས་གཅིག་གོ་སྒྲིག་གནང་བའི་ནང་སམྦྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་བོད་ཡིག་ཨང་རིམ་དང་པོ་དང་། ཨིན་ཇི་ཨང་རིམ་གཉིས་པ། ཨང་རྩིས་ཨང་རིམ་གསུམ་པ་བཅས་སློབ་ཚན་གསུམ་གྱི་ཆ་སྙོམས་བརྒྱ་ཆ་ ༨༡.༡ ཐོག་ནས་སྤྱི་ཡོངས་ཀྱི་ཨང་རིམ་དང་པོ་དང་། པོག་རི་པོང་སམྦྷོ་ཊ་སློབ་གྲྭ་ཆ་སྙོམས་བརྒྱ་ཆ་ ༧༥.༩ ཐོག་ནས་ཨང་རིམ་གཉིས་པ་དང་། མེག་གྷན་བོད་ཁྱིམ་ཉིན་སློབ་ཆ་སྙོམས་བརྒྱ་ཆ་ ༧༤.༣ ཐོག་ཨང་རིམ་གསུམ་པ། སུ་ཇཱ་བོད་ཁྱིམ་སློབ་གྲྭ་ཆ་སྙོམས་བརྒྱ་ཆ་ ༧༢.༥ ཐོག་ཨང་རིམ་བཞི་པ་དང་། ཅོན་ཏ་ར་སམྦྷོ་ཊ་གཏན་སློབ་ཆ་སྙོམས་བརྒྱ་ཆ་ ༧༡.༦ ཐོག་ཨང་རིམ་ལྔ་པ་ལོན་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༨ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་དགུ་པ་བར་དང་། བཅུ་པ་ནས་བཅུ་གཉིས་བར་བཅས་སྡེ་ཚན་གཉིས་ཀྱི་སློབ་ཕྲུག་ཚོར། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་དང་། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། ཞེས་པའི་བརྗོད་གཞི་མི་འདྲ་བ་གཉིས་ཀྱི་ཐོག་རྩོམ་ཡིག་འགྲན་སྡུར་ཞིག་གོ་སྒྲིག་གནང་བའི་སྡེ་ཚན་གཉིས་པའི་ནང་ཨང་རིམ་གསུམ་པ་ལོན་མཁན་ངག་དབང་དབང་མོ་དང་མིག་དམར་ཆོས་སྒྲོན་གཉིས་ཀ་ད་ལྟའི་ཆར་པོན་ཊ་སམྦྷོ་ཊ་གཏན་སློབ་ཏུ་ཡོད་ཅིང་། དེ་སྔོན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པ་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཆགས་ཡོད།

དེ་བཞིན་བསྟན་འཛིན་མགོན་པོའང་དཔེ་སྟོན་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་མོན་གྷོ་གཏན་སློབ་ཏུ་བསྐྱོད་དེ། འདི་ལོ་ ༢༠༡༦ ལོར་འཛིན་རིམ་བཅུ་གཉིས་ལོ་འཁོར་ཡིག་རྒྱུགས་སྐབས་བོད་ཡིག་ལ་བརྒྱ་ཆ་ ༩༨ ལོན་ཏེ། ད་ལྟ་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་ཡོད།

ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༦ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་གིས་གོ་སྒྲིག་གནང་བའི་སྐབས་གཉིས་པའི་བོད་ཀྱི་ཐ་སྙད་གསར་པའི་འགྲན་སྡུར་ནང་བོད་པའི་མཐོ་སློབ་དང་། སློབ་གྲྭ། གྲྭ་ཚང་། བཙུན་དགོན་སོགས་ཤེས་ཡོན་ལྟེ་གནས་ཁང་ཁག་ ༡༦ ནས་མཉམ་ཞུགས་པ་ ༨༠ འགྲན་སྡུར་ནང་ཞུགས་ཏེ། སམྦྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བརྒྱ་ཆ་ ༨༢ ཐོབ་སྟེ་ཨང་དང་པོ་དང་། སྨན་རྩིས་ཁང་མཐོ་སློབ་ལ་བརྒྱ་ཆ་ ༨༠ ཐོབ་སྟེ་ཨང་གཉིས་པ། ས་རཱ་མཐོ་སློབ་ལ་བརྒྱ་ཆ་ ༧༩ ཐོབ་སྟེ་ཨང་གསུམ་པ། སྤོན་ཊ་སམྦྷོ་ཊ་གཏན་སློབ་ལ་བརྒྱ་ཆ་ ༧༧ ཐོབ་སྟེ་ཨང་བཞི་པ་ལོན་ཡོད།

དེ་ཙམ་དུ་མ་ཟད་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ བར་ཉིན་གྲངས་བདུན་རིང་ཤེས་རིག་ལས་ཁུངས་ནས་རྒྱ་གར་དང་བལ་ཡུལ་ཁོངས་ཀྱི་སློབ་གྲྭ་ ༣༡ གི་འཛིན་རིམ་བཅུ་པའི་བོད་རིགས་སློབ་ཕྲུག་རྩེ་ཕུད་སུམ་བརྒྱ་ལྷག་དྷ་སར་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐོག་མ་དེ་གོ་སྒྲིག་གནང་བ་དང་། ཟབ་སྦྱོང་གི་ཉིན་མཐའ་མར་སློབ་ཕྲུག་ཚོའི་བོད་ཡིག་དང་ཨིན་ཇིའི་ཤེས་ཚད་གང་འདྲ་ཡོད་མེད་བལྟ་རྒྱུར་སྐད་ཡིག་གཉིས་ཀའི་ནང་རྩོམ་ཡིག་འགྲན་སྡུར་ཞིག་གནང་འབྲས། སླར་ཡང་སམྦྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བོད་ཡིག་རྩོམ་ཡིག་འགྲན་སྡུར་ནང་ཨང་རིམ་གཉིས་པ་དང་ཨིན་ཇིའི་རྩོམ་ཡིག་འགྲན་སྡུར་ནང་ཨང་རིམ་གསུམ་པ་ལོན་ཡོད།

ཕྱི་ལོ་ ༢༠༡༣ ཟླ་ ༩ ནང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྐབས་དང་པོའི་བོད་ཀྱི་ཐ་སྙད་གསར་པའི་འགྲན་སྡུར་ནང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་བདུན་ནས་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་གཉིས་རེ་བཅས་ཁྱོན་བསྡོམས་སློབ་ཕྲུག་བཅུ་བཞི་ཡིས་མཉམ་ཞུགས་གནང་བ་དང་། དེའི་གྲུབ་འབྲས་ནང་སམྦྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བདུན་པའི་སློབ་ཕྲུག་ལྷག་བསམ་དོན་ཡོད་ཨང་དང་པོ་དང་། འཛིན་རིམ་དགུ་པའི་སློབ་ཕྲུག་བསྟན་འཛིན་ཆོས་དབྱིངས་ཨང་གཉིས་པ། ཅོན་ཏཱ་ར་སམྦྷོ་ཊ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སློབ་ཕྲུག་རིག་འཛིན་ཕུན་ཚོགས་ཨང་གསུམ་པ་ལོན་ཡོད།

སྤྱིར་ཕྲུ་གུའི་ཤེས་ཡོན་གྱི་གནས་ཚད་ཆུ་ཚོད་གཉིས་གསུམ་གྱི་ཡིག་རྒྱུགས་ཐོག་ནས་ཤེས་དཀའ་ཡང་། སློབ་གྲྭ་བྱེ་བྲག་པ་གཅིག་སློབ་གྲྭ་མང་པོའི་ནང་ནས་ཡིག་རྒྱུགས་དང་རྩོམ་ཡིག་འགྲན་སྡུར་ཁག་ལ་གཅིག་རྗེས་གཉིས་མཐུད་རྩེ་ཕུད་གྲས་སུ་སླེབས་པ་དེས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཚེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཐོན་པ་གསལ་སྟོན་བྱས་པ་རེད། རྒྱུ་མཚན་འདི་དག་ལ་གཞིགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་འོག་ནས་བསླབ་པ་མཐར་སོན་པའི་བོད་པའི་སློབ་གྲྭ་ཁག་རྒྱལ་སྤྱིའི་ཤེས་ཡོན་གནས་ཚད་ཐོག་སླེབས་ཐུབ་པའི་རེ་བ་ཆེ།

འོན་ཀྱང་མ་འོངས་པར་ཤེས་ཡོན་སྲིད་བྱུས་འདི་ཉིད་ཆ་ཚང་ངམ་ཆ་ཤས་གང་རུང་ལག་ལེན་བསྟར་མིན་ལ་མ་ལྟོས་པར་ཁྲིམས་མཐུན་གྱི་སྲིད་བྱུས་དེའི་དམིགས་ཡུལ་ཆེ་ཁག་རྣམས་ཇི་ཙམ་འགྲུབ་ཡོད་མེད་ཞིབ་འཇུག་བྱ་གལ་ཡིན་པ་མ་ཟད། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་མཁན་གྱི་སློབ་གྲྭ་བྱེ་བྲག་པ་འདི་ཉིད་མ་འོངས་པར་བོད་པའི་སློབ་གྲྭ་ཡོངས་ལ་དོན་དངོས་ཐོག་དཔེ་སྟོན་མཁན་དང་སྣེ་འཁྲིད་མཁན་ཞིག་ཡོང་བར་ཕྱི་ནང་ཡོངས་ནས་ངོ་ལྐོག་དབྱེར་མེད་དང་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་རྒྱུ་ཤིན་ཏུ་གལ་ཆེ།

 

* བསྟན་འཛིན་པདྨ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཡིན། གོང་འཁོད་བསམ་ཚུལ་རྣམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཡིན་པའི་ངེས་པ་མེད།

Print Friendly
Share on FacebookTweet about this on TwitterShare on Google+