༄༅། རྒྱ་གཞུང་ནས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་འབྲེལ་བའི་དཔྱད་གླེང་་ཚོགས་འདུ། July 25, 2024editor དེ་རིང་ཕྱི་ཚེས་༢༩་ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉེ་ཆར་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་མགོ་ལོག་ཁུར་ན་ཡོད་པའི་བོད་ཀྱི་རིག་གནས་མཐོ་སློབ་རྭ་རྒྱ་གངས་ལྗོངས་ཤེས་རིག་སློབ་གླིང་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་འབྲེལ་བའི་དཔྱད་གླེང་གི་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུ་དེའི་ནང་ལ་གཏམ་བཤད་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་དང་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པད་མ་མཚོ་ལགས། རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་ཟུར་དང་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་བཅས་ཕེབས་ཡོད་ལ། དེ་བཞིན་དམིགས་བསལ་བགྲོ་གླེང་བའི་སྐུ་མགྲོན་གྲས་སུ་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་བོད་མི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། གསར་ཁང་ཁག་དང་སྡེ་ཚན་ཁག་སོ་སོའི་ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་༤༠ལྷག་མཉམ་ཞུགས་བྱས་ཡོད།། ཚོགས་འདུའི་མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བའི་ནང་། རྒྱ་གཞུང་ནས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་པའི་དཔྱད་གླེང་ཚོགས་འདུ་འདི་འདྲ་ཞིག་ཚོགས་པའི་དགོས་དོན་ལྔ་ཡོད། དང་པོ་རྒྱ་གཞུང་གི་ད་བར་བཙན་དབང་གིས་བོད་ནང་གི་སློབ་གྲྭ་མང་པོ་སྒོ་བརྒྱབ་པ་ལ་བོད་མི་ཡོངས་ནས་ངོ་རྒོལ་དང་། །གཉིས་པ། བོད་ནང་ལ་ཞུགས་པའི་བོད་མི་ས་ཡ་དྲུག་ལ་གདུང་སེམས་མཉམ་སྐྱེ་ཞུ་བ། གསུམ་པ། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་བོད་ཀྱི་སློབ་གསོ་ཐད་ལ་ཞབས་ཞུ་རླབས་ཆེ་སྒྲུབ་པ་ལ་ཡིད་རང་དང་གུས་བཀུར་ཞུ་བ། བཞི་བ། རྒྱ་གཞུང་གི་བོད་ནང་གི་རིག་གནས་སློབ་གསོའི་མ་ལག་དུ་མ་ཞིག་ཐབས་སྣ་ཚོགས་ཐོག་ནས་རྩ་མེད་བཏང་བཞིན་ཡོད་པའི་གསལ་སྟོན། ལྔ་བ། བོད་ཀྱི་རིག་གནས་ནི་བོད་པ་ཙམ་ལ་མ་ཡིན་པར།རྒྱ་ནག་དང་གོ་ལ་སྤྱིའི་གཅེས་ནོར་ཡིན་པས་བོད་ཀྱི་རིག་གནས་གཙོ་བཟུང་གི་སློབ་གླིང་དེ་འདྲ་སྒོ་བརྒྱབ་ན་རང་གཞན་ཀུན་ལ་གནོད་རྐྱེན་ཡིན་པའི་སྐོར་གསུངས་སོང་། ། དེའི་རྗེས་དཔྱད་གླེང་ཚོགས་འདུའི་ཐོག་ཕེབས་པའི་སྐུ་ངོ་པད་མ་མཚོ་ལགས་ཀྱིས་བརྗོད་གཞི་༼རྭ་རྒྱལ་ཤེས་རིག་ནོར་གླིང་གི་སློབ་གསོའི་བྱ་བཞག་ལ་འཕྲད་པའི་དཀའ་ངལ༽སྐོར་ལ་གསུང་བཤད་གནང་བའི་ནང་། ཕྱི་ལོ་༡༩༩༤་ནས་༢༠༢༤་བར་སློབ་གླིང་དེའི་ནང་གི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡི་སློབ་ཚན་ལ་རྒྱ་གཞུང་ནས་གནོད་ཤུགས་རབ་དང་རིམ་པ་བྱེད་པ་མ་ཟད། ཕྱི་ལོ་༢༠༠༨་ནས་བཟུང་ཕྱི་དྲིལ་རོགས་སྐྱོར་ཁག་ལ་རྒྱ་གཞུང་ནས་གནོད་ཤུགས་སླེབས་པ་དང་མཉམ་དུ། ཕྱི་ལོ་༢༠༡༠་དང་༢༠༡༡་ནས་བཟུང་སློབ་ཚན་དང་སློབ་མའི་ལས་རིགས་ཁག་དུ་མ་ཞིག་རང་བཞིན་གྱི་མེད་པར་བཟོ་བ་དང་འགྱུར་ལྡོག་བཏང་དགོས་བྱུང་། འོན་ཀྱང་། ད་བར་སློབ་གླིང་དེ་ནས་ཆེད་ལས་སློབ་མ་གྲངས་༦༠༠་དང་སློབ་ཐོན་སློབ་མ་གྲངས་༢༢༠༠་ཙམ་ཐོན་ཡོད་པ་སྐོར་ཅེས་གསུངས་སོང་། ཡང་སློབ་གླིང་འདི་ནས་བསླབ་པ་སློབ་གཉེར་གནང་མྱོང་མཁན་ཞི་བདེ་ཟླ་བ་ལགས་ཀྱིས་བརྗོད་གཞི་༼རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནང་ལ་སློབ་སྦྱོང་བྱེད་པའི་མྱོང་བ༽སྐོར་གསུང་བཤད་གནང་བའི་ནང་། ང་༡༩༩༨་ལོར་ལ་སློབ་གླིང་དེ་ལ་གསར་ཞུགས་སློབ་མ་ཡིན་ལ། ལོ་ལྔའི་རིང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་ལ་སློབ་སྦྱོང་བྱེད་མྱོང་། ང་རང་ཉིད་ཀྱི་བསམ་ན་སློབ་གླིང་འདི་ནི་ཉེ་རབས་བོད་ཀྱི་སློབ་གླིང་དུ་མ་ཡོད་པའི་ཁྲོད་ནས་གལ་ཆེན་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། སློབ་གླིང་གི་དམིགས་ཡུལ་དང་ཁ་ཕྱོགས་ཡང་གཙོ་བོ་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བ་གཙོ་བཟུང་ཡིན་པ་སྐབས་དེ་དུས་གསལ་བོ་རེད། ཅེས་གསུངས་སོང་།། ལྷག་པར་དུ་དེ་རིང་གི་ཚོགས་འདུ་ལ་དམིགས་གསལ་ཕེབས་པའི་གཏམ་བཤད་པ་རྣམ་ནི་བོད་མི་མང་སྤྱི་འཐུས་གསུམ་དང་།ཕྱི་དྲེལ་ལས་ཁུངས་ཀྱི་དྲུང་འཕར།ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར།གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བཅས་ཀྱི་གསུང་བཤད་ནང་། ལོ་རེ་བཞིན་བོད་མི་རིགས་ཀྱི་སློབ་གསོ་དང་གོམས་གཤིས་སོགས་ཇེ་སྡུག་ལ་འགྲོ་བས། བོད་རིགས་སློབ་མ་རྒྱ་རིགས་ལ་འགྱུར་བའི་ཉེན་ཁ། ཞིང་འབྲོག་མི་མང་རྣམ་དཔལ་འབྱོར་གྱི་མགོ་སྐོར་འོག་ནས་འཚོ་བའི་ཁ་ཕྱོགས་འགྱུར་བཞིན་ཡོད་སྐོར། ད་དུང་། ལོ་མང་རིང་རྒྱ་ནག་གཞུང་གིས་མི་རིགས་གཞན་ལ་བོད་ཀྱི་སློབ་གྲྭ་ཁག་དང་། སློབ་གསོ། སློབ་ཚན། སློབ་མ་སོགས་ཀྱི་སྐོར་ལ་འཁྱོག་བཤད་དང་། རྗུན་བཤད་བྱེད་པའི་གནད་དོན་ལ་སྤྱི་ཡོངས་ནས་ཉམས་ཞིབ་གནང་དགོས་པའི་དུས་ལ་སླེབས་ཡོད་པ། ཅེས་ཐད་ལ་གྲོས་བསྡུར་དང་དྲི་བ་དྲི་ལན་གནང་སོང་།། མཇུག་ཏུ་སྐུ་ངོ་ཟླ་བ་ཚེ་རིང་མཆོག་གིས་བརྗོད་གཞི་ ༼རྭ་རྒྱ་སློབ་གླིང་སྒོ་བརྒྱབ་པའི་དོན་རྐྱེན་ལས་བོད་ཡིག་སློབ་གསོའི་མ་འོངས་འཕེལ་ཕྱོགས་ ༽ སྐོར་ གསུང་བཤད་གནང་བའི་ནང་། དེང་སང་རྒྱ་གཞུང་གི་ཁྲིམས་དང་དཔལ་འབྱོར་ལ་དཔྱད་ན་བོད་ཀྱི་རིག་གཞུང་སྐོར་ལ་ལོ་རེ་བཞིན་ཇེ་སྡུག་ལ་འགྲོ་བཞིན་ཡོད་ལ།བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་སོགས་རྩ་མེད་བཟོ་ཐབས་ལ། རིག་གནས་དང་འབྲེལ་བའི་བོད་ནང་གི་སློབ་གྲྭ་ཁག་དང།་དགོན་སྡེ་ཁག། ། ཤེས་ཡོན་པ་བཅས་སྤྱི་ཡོངས་ལ་གནོད་ཤུགས་ཆེ་རུ་བཏང་བཞིན་ཡོད་པ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གཅིག་པོ་ཙམ་མིན་པར། སློབ་གླིང་དུ་མ་ཞིག་སྒོ་བརྒྱབ་ཟིན་པ་དང་། མ་འོངས་པ་ཤེས་ཡོན་གྱི་སྡེ་གཞན་ཁག་ཡང་སྒོ་བརྒྱབ་ཡ་ཡིན་པ་སྨྲ་བསམ་བརྗོད་མེད་ཡིན། ཞེས་གསུངས་སོང་། གནས་ཚུལ་འདི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟླ་དྲུག་ཉམས་ཞིབ་པ་ཀུན་བཟང་སྒྲོལ་མ་ལགས་ནས་བྲིས།