ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ཚེས་ ༧ ནས་ ༡༣ བར་གུས་པ་“༢༠༢༤ལོའི་ཐའེ་ཝན་སྲིད་འཛིན་འོས་བསྡུ་ཆེན་མོར་ལྟ་ཞིབ་སྐོར་སྐྱོད་”བྱེད་པའི་གོ་སྐབས་བྱུང་བ་བཞིན། ཟླ་ ༡ ཚེས་ ༨ ཉིན་གྱི་སྔ་དྲོར། ཐའེ་ཝན་རྒྱལ་གཉེར་སྲིད་དོན་གཙུག་ལག་སློབ་ཆེན་དུ་རྟེན་གཞི་བྱས་ཡོད་པའི་འོས་བསྡུ་ཉམས་ཞིབ་ཁང་[1]དུ་ཕྱིན་ཏེ། དེ་གའི་འགན་འཛིན་དང་ཉམས་ཞིབ་པ་སྐུ་ཞབས་ཡུག་ཆིན་ཞིན་ (游清鑫) དང་ཉམས་ཞིབ་པ་ཞའོ་དབྱི་ཅིན་(蕭怡靖)གཉིས་མཉམ་དུ་ཐའེ་ཝན་གྱི་མང་གཙོའི་འཕེལ་རིམ་དང་མང་གཙོའི་ལམ་ལུགས་སྐོར་ལ་བགྲོ་གླེང་བྱས། དུས་སྔ་མའི་ཐའེ་ཝན་གྱི་ལོ་རྒྱུས་སྟེང་མང་གཙོ་ཅན་དུ་བསྒྱུར་བའི་ལམ་ཀ་འཚོལ་ཅི་ཐུབ་བྱས་ཀྱང་། ཆབ་སྲིད་ཀྱི་ལང་ཕྱོགས་ལ་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོག་རྐྱེན་མང་པོ་ཐེབས་ཕྱིར། ༡༩༩༠ལོར་སླེབས་རག་བར་དུ་མང་གཙོ་ཁྱོན་ཡོངས་ནས་ཇེ་ཟབ་ཏུ་གཏོང་ཐུབ་པ་ཞིག་བྱུང་མེད། ༡༩༧༥ལོར་ཅང་ཅེ་ཧྲིའི་བུ་ཅང་ཅིན་གོ(蒋经国)ཡིས་སྲིད་འཛིན་གྱི་ལས་གནས་བསྟུད་མར་བཟུང་ཞིང་། ༡༩༨༧ལོར་དུས་ཡུན་རིང་པོའི་སྲིད་འཛིན་ལས་གནས་འཛིན་རྒྱུའི་“ཉེན་ཟོན་དམ་བསྒྲགས་(严禁)ཀྱི་གནས་སྟངས་དེ་མེད་པར་བཟོས་ནས་རིམ་པས་མང་གཙོའི་རྨང་གཞི་བསྐྲུན་ཐུབ་པ་བྱུང་ཡོད། དེ་ནས་ཅང་ཅིན་གོ་ཡི་སྲིད་དབང་མུ་སྐྱོང་མཁན་ལིས་ཏིག་ཧོས་(李德辉)ཀྱིས་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་མང་པོས་ཐད་ཀར་འོས་འདེམས་བྱེད་པའི་(多黨直選)མང་གཙོ་ཅན་དུ་བསྒྱུར་པ་ཞིག་ཡིན་ལ། དུས་ཡུན་དེ་ནི་ཐའེ་ཝན་གྱི་མང་གཙོའི་བརྒྱུད་རིམ་ནང་ལོ་རྒྱུས་རང་བཞིན་ལྡན་པའི་བཅོས་སྒྱུར་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་འདྲ་སྟེ། ༡༩༨༨ལོར་སྲིད་འཛིན་ཟུར་པ་ཅང་ཅིན་གོ་གཤེགས་རྗེས། སྐབས་དེར་སྲིད་འཛིན་གཞོན་པའི་ལས་འགན་ཁུར་ཡོད་པའི་ལིས་ཏིག་ཧོས་ཀྱིས་རྩ་ཁྲིམས་ལ་བཟོ་བཅོས་གཏོང་དགོས་པའི་སྐུལ་འདེད་གནང་ཞིང་སྲིད་འཛིན་འོས་འདེམས་བྱ་རྒྱུ་དེ་ཐད་ཀར་མི་མང་ལ་སྤྲད་པ་དེ་ནི་མང་གཙོའི་གོམ་ཁ་ཆེན་པོ་དེ་ཡིན།
སྲིད་དོན་གཙུག་ལག་སློབ་ཆེན་གྱི་སློབ་ཁྲིད་ཐོག་ཁང་ཆེན་པོ་དེའི་འོག་ཏུ་དེ་སྔ་“ཧོང་ཀོང་ཁྲིམས་བྱོལ་བ་རྩིས་སྤྲོད་ཁྲིམས་གཞིར་”ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྤེལ་དུས། ཧོང་ཀོང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་པའི་སྦྱར་ཤོག་མང་པོ་སྦྱར་འདུག སྦྱར་ཤོག་དེ་དག་མཐོང་རྗེས་ང་ཚོའི་བསྐོར་སྐྱོད་ཚོགས་མིའི་ནང་ཧོང་ཀོང་གི་བུ་མོ་ཞིག་ཡོད་པ་དེ་ཡིས་ད་ནི་ང་ཚོ་ཧོང་ཀོང་ཤི་ཚར་ཟེར་ནས་མིག་ཆུ་ཤོར་སོང་། ཕྱི་དྲོ་དེར་ཕྱིར་མགྲོན་ཁང་དུ་ལོག་པའི་ལམ་སྐབས་སུ་ཁོ་མོས་ང་ལ་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་གྲངས་ཉུང་མི་རིགས་མང་ན་ཡང་། སོག་པོ་དང་ཤར་ཏིར་ཀི་སི་ཐན་ལྟ་བུར་མཚོན་ན་ལུས་པོ་ཡོད་ཀྱང་མགོ་མེད་པ་ལྟ་བུ་ཞིག་ཆགས་འདུག འོན་ཀྱང་བོད་ནི་ལུས་པོ་དང་མགོ་བོ་གཉིས་ཀ་ཡོད་པར་མ་ཟད། རིག་གཞུང་རྩ་ཆེན་པོ་ཡོད་པ་ཞིག་རེད། ད་ཁྱེད་ཚོ་བོད་པས་ཧུར་ཐག་བྱ་དགོས་ནི་རེད་ཟེར། སྐད་ཆ་དེས་ང་ལ་རང་བཞིན་གྱིས་སེམས་ཤུགས་ཤིག་སྤྲད་སོང་། ཡང་ཕྱི་དྲོ་དེར་ཐའེ་ཝན་མང་གཙོ་ཐེབས་རྩ་ཚོགས་པའི་ལས་ཁུངས་སུ་ཕྱིན་ཏེ། དེ་གའི་འགན་འཛིན་གཞོན་པ་འབུམ་རམས་པ་ལྕམ་ལེའོ་ཏཱ་ཆི་(廖達琪)མཉམ་དུ་བགྲོ་གླེང་བྱས། ཐེབས་རྩ་ཚོགས་པ་འདི་ཨེ་ཤི་ཡའི་རྒྱལ་ཁབ་རིམ་པའི་ཐེབས་རྩ་ཁང་ཐོག་མ་དེ་ཡིན་ཅིང་། སྲིད་དོན་ཚོགས་པའི་ལང་ཕྱོགས་གང་ཡང་མི་འཛིན་པ་(跨黨派)ཞིག་སྟེ། རྒྱལ་སྤྱིའི་སྟེང་ཐའེ་ཝན་གྱི་མང་གཙོའི་ཤུགས་རྐྱེན་གྱི་ནུས་པ་སྤེལ་བཞིན་པའི་ཐེབས་རྩ་ཁང་ཞིག་རེད། ལྕམ་ལེའོ་ཏཱ་ཆི་ཡིས་བཙན་བྱོལ་བོད་གཞུང་ལ་ཆབ་སྲིད་ཚོགས་པ་ཡོད་དམ་ཞེས་དྲིས་པར། གུས་པས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་མང་གཙོའི་རྩ་ཁྲིམས་སྐོར་ངོ་སྤྲོད་ཞུས། བགྲོ་གླེང་དེ་ཚར་རྗེས་ཐའེ་ཝན་མང་གཙོ་ཚོད་ལྟ་ཁང་དུ་ཕྱིན་ཏེ། དེ་གའི་འགན་འཛིན་ཝུའུ་མེན་ཞོན་(吳銘軒)མཉམ་དུ་བགྲོ་གླེང་བྱས། ཚོད་ལྟ་ཁང་འདིས་འཕྲུལ་རིགས་ཀྱི་ཚད་མཐོའི་ལག་རྩལ་སྤྱད་ནས་རྒྱ་ནག་གིས་ངོ་དེབ་དང་ཋོས་ཊིར་ཐོག་ཐའེ་ཝན་གྱི་འོས་བསྡུ་ཆེན་མོར་འགོག་རྐྱེན་ཅི་རིགས་བཟོ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་བཞིན་པར་ཞིབ་འཇུག་བྱས་ཏེ། དེ་དང་འབྲེལ་བའི་ཁྱབ་བསྒྲགས་རྫུན་མ་མང་པོ་ཞིག་བསྡུ་རུབ་བྱས་འདུག་ཅིང་། དེ་སྔ་ཨུ་རུ་སུ་ཡིས་ཡུག་ཡེན་ལ་བཙན་འཛུལ་བྱེད་སྐབས་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་ཨུ་རུ་སུ་ལ་རྒྱབ་སྐྱོར་ཐོབ་ཆེད་འབྲེལ་ཡོད་གནས་ཚུལ་རྫུན་མ་མང་པོ་ཞིག་ཁྱབ་སྤེལ་བྱས་ཡོད་ཚུལ་ཡང་དཔེ་མཚོན་གྱི་ཚུལ་དུ་རེ་རེ་བཞིན་གསལ་སྟོན་གནང་སོང་། རྒྱ་ནག་གིས་འཛམ་གླིང་དྲ་རྒྱའི་སྒང་དུ་རྒྱ་ནག་རིང་ལུགས་དྲིལ་བསྒྲགས་དང་བོད་ནང་གི་དོན་དངོས་མིན་པའི་གནས་ཚུལ་མང་པོ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱེད་བཞིན་པ་དེ་ཡང་གོང་གསལ་གྱི་འཕྲུལ་རིགས་དེ་དག་བེད་སྤྱོད་གཏོང་གི་ཡོད་ཚོད་ཀྱི་ཚོར་སྣང་བྱུང་།
ཚེས་ ༩ ཉིན་གྱི་སྔ་དྲོར། ཐའེ་ཝན་གྱི་སྲིད་དོན་ཚོགས་ཆེ་ཤོས་གསུམ་གྱི་ཡ་གྱལ་ཏེ། ཐའེ་ཝན་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་དབུས་སྤྱི་ཁྱབ་ཁང་དུ་ཕྱིན། འོས་བསྡུ་ཆེན་མོ་སླེབས་ལ་ཡོད་སྟབས་བདེ་འཇགས་ཀྱི་སླད་དུ་དབུས་སྤྱི་ཁྱབ་ཁང་གི་ཁང་བརྩེགས་ཆེན་པོའི་འོག་ཏུ་ཉེན་རྟོག་པས་བསྐོར་འདུག དེ་ནས་སྤྱི་ཁྱབ་ཁང་གི་ཚོགས་ཁང་དུ་ཐའེ་ཝན་གཞོན་ནུ་མང་གཙོ་མཐུན་ཚོགས་(臺灣青年民主協會)ཀྱི་རྒྱུན་ལས་ཀྲང་ཡུས་མེང་(張育萌)གིས་མང་གཙོ་སྲིད་དོན་ཚོགས་པའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་སྲིད་དོན་ཚོགས་པའི་འཕེལ་རིམ་སྐོར་ནས་གསུང་བཤད་གནང་བ་དང་དེའི་རྗེས་སུ་དྲི་བ་དྲིས་ལན་བྱས། བགྲོ་གླེང་དེ་ཚར་རྗེས་དེའི་ཕྱི་དྲོར་ཡེ་ཤུའི་ཆོས་ཚོགས་མང་གཙོ་ལས་སྒྲུང་ཁང་དུ་ཕྱིན་ཅིང་། ལས་ཁུངས་དེའི་འགན་འཛིན་དང་ཆོས་དཔོན་ཧོང་ཁྲོན་ཧྲིན་(黃春生)མཉམ་དུ་ཐའེ་ཝན་གྱི་མང་གཙོའི་སྐོར་ལ་བགྲོ་གླེང་བྱས། ཆོས་ཚོགས་འདིས་དེ་སྔ་ཧོང་ཀོང་དུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཁྲིམས་གཞི་ཕྱིར་འཐེན་གྱི་ལས་འགུལ་སྤེལ་སྐབས་ཧོང་ཀོང་གི་ན་གཞོན་མང་པོ་ཞིག་ཐའེ་ཝན་དུ་སྐྱབས་བཅོལ་ཞུ་རྒྱུར་དཔལ་འབྱོར་ཐོག་རོགས་རམ་མང་པོ་བྱས་འདུག བགྲོ་གླེང་འདི་འཚོགས་བཞིན་པའི་སྐབས་སུ་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱ་མཚོའི་ལྷོ་ངོས་སུ་འཁོར་སྐར་(衛星)ཞིག་འཕངས་པས། ཐའེ་ཝན་རྒྱལ་སྲུང་ལྷན་ཁང་ནས་མི་མང་ལ་བདེ་འཇགས་ཀྱི་དོགས་ཟོན་བྱ་དགོས་པའི་གསལ་བསྒྲགས་འཕྲིན་ཐུང་ཞིག་ཁ་པར་ཐོག་དུས་གཅིག་ཏུ་བཏང་བས། ཐའེ་ཝན་རྒྱལ་ཡོངས་ཀྱི་མི་མང་འཇིགས་སྣང་ཆེན་པོ་སྐྱེས་སོང་། འཁོར་སྐར་དེ་ནི་ཐའེ་ཝན་གྱི་འོས་བསྡུ་སླེབས་ལ་ཉེ་སྟབས་རྒྱ་ནག་གིས་འཇིགས་སྐུལ་བྱས་པ་ཞིག་ཡིན་པ་འདྲ། དགོང་དྲོའི་དུས་སུ་ཞིན་པེ་གྲོང་ཁྱེར་དུ་ཕྱིན་ནས་གོ་མིན་ཏང་སྲིད་དོན་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་འོས་བསྡུའི་དྲིལ་བསྒྲགས་བྱེད་སར་འབྱོར་ཞིང་། དེ་གར་སྲིད་དོན་ཚོགས་པ་འདིའི་སྲིད་འཛིན་འོས་བསྡུའི་དམིགས་ཡུལ་དང་ལངས་ཕྱོགས་སོགས་གཏམ་བཤད་བྱས་པར་ཉན་ཅིང་དྲི་བ་དྲིས་ལན་བྱས།
ཚེས་༡༠ཉིན་གྱི་སྔ་དྲོར་ཐའེ་པེ་གྲོང་ཁྱེར་དུ་ཕྱིན་ཏེ། མི་སེར་བཟང་པོ་རིག་གནས་འགུལ་སྐྱོད་ལས་འགུལ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེའི་ལས་ཁུངས་ནང་ཆུ་ཚོད་གཉིས་རིང་ཐའེ་ཝན་གྱི་སྤྱི་ཚོགས་ཐོག་མི་སེར་རྣམས་ཀྱིས་མང་གཙོ་ལ་བཅངས་པའི་འདུ་ཤེས་དང་སྤྱི་ཚོགས་ལ་བཅངས་པའི་འགན་ཁུར་སྐོར་ནས་བགྲོ་གླེང་བྱས། དེའི་ཉིན་རྒྱབ་ཐའེ་པེ་གྲོང་ཁྱེར་གྱི་ས་གནས་བུད་མེད་མནའ་འབྲེལ་ཚོགས་པའི་ལས་ཁུངས་ནང་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་ལ་ཉན་ཅིང་། གཏམ་བཤད་གྲུབ་རྗེས་དེ་གའི་འགན་འཛིན་ལིན་ཧྲི་ཧན་(林詩涵)མཉམ་དུ་བགྲོ་གླེང་བྱས།
ཚེས་ ༡༡ ཉིན་གྱི་ཞོགས་པར། ཕྱིར་ཐའེ་ཀྲོང་གྲོང་ཁྱེར་ནས་ཐའེ་པེ་གྲོང་ཁྱེར་དུ་ལོག་སྟེ། གྲོང་ཁྱེར་འདིར་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་འགྲེམས་སྟོན་ཁང་(國家人權博物館-白色恐怖景美紀念園區)དུ་ཕྱིན། འགྲེམས་སྟོན་ཁང་འདིར་དེ་སྔ་ཐའེ་ཝན་གྱི་དམག་ཁྲིམས་སློབ་གྲྭ་དང་། རྒྱལ་སྲུང་ལྷན་ཁང་གི་ཆེས་མཐོའི་དམག་དོན་ཁྲིམས་ཞིབ་ཁང་། ཞིབ་དཔྱོད་ཁང་སོགས་ཀྱི་ལས་ཁུངས་རྟེན་གཞི་བྱས་མྱོང་ཞིང་། ༡༩༤༩ནས་༡༩༩༢ལོའི་བར་ཐའེ་ཝན་གཞུང་གི་“དཀར་པོའི་འཇིགས་སྐུལ་”(白色恐怕時期)ཞེས་པའི་ལས་འགུལ་སྤེལ་གྱི་སྐབས་སུ་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་བཙོན་པ་རྣམས་ཁྲིམས་ཐག་གཅོད་ས་དང་། འདྲི་རྟོགས་བྱེད་ས། བཙོན་འཇུག་བྱེད་ས་སོགས་ཁྲིམས་ཀྱི་རྟེན་གཞིར་བེད་སྤྱོད་བྱས་མྱོང་འདུག་ཅིང་། ཕྱིས་སུ་ཐའེ་ཝན་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱས་པའི་ལོ་རྒྱུས་ཀྱི་དན་རྟགས་མཚོན་ཆེད་དུ་ལས་ཁུངས་ཀྱི་ངོ་བོ་བསྒྱུར་ནས་འགྲེམས་སྟོན་ཁང་བྱས་འདུག་ལ། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། འདྲི་རྟོག་ཁང་། བཙོན་ཁང་སོགས་སྔར་གྱི་ཁང་པའི་བཟོ་ལྟ་དང་ཅ་ལག་སོགས་ཀྱང་སྔར་མུས་སུ་འགྲེམས་སྟོན་གྱི་ཚུལ་དུ་བཞག་འདུག གནས་སྟངས་འདིས་ཐའེ་ཝན་ནང་འདས་པའི་དུས་སུ་ཆབ་སྲིད་ཀྱི་འགྱུར་ལྡོག་དབང་གིས་མི་མང་ལ་རྡབ་གསིག་ཅི་རིགས་ཕོག་ན་ཡང་། འདས་པའི་ལོ་རྒྱུས་དེ་སྦེད་སྐུང་གཡོགས་འགེབས་ཅི་ཡང་མི་བྱེད་པར་དེང་ཡང་འགྲེམས་སྟོན་གྱི་ཚུལ་དུ་ལྟ་སྐོར་བྱས་ཆོག་པ་འདིས་ཐའེ་ཚན་གྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རང་དབང་གི་རིན་ཐང་དེ་རྟོགས་ཐུབ་པ་འདྲ། ད་དུང་དཀར་པོའི་འཇིགས་སྐུལ་གྱི་དུས་སྐབས་དེར་བཙོན་འཇུག་བྱས་མྱོང་བའི་སྐུ་ཞབས་ཁྲིན་ཆིན་ཧྲིན་(陈钦生)གྱིས་སྔར་གྱི་བཙོན་འཇུག་གི་མྱོང་བརྒྱུད་མང་པོ་འགྲེལ་བཤད་བྱས་སོང་། རྒྱ་ནག་ལ་མཚོན་ན་རིག་གསར་སྐབས་རྡབ་གསིག་ཕོག་སའི་ཡུལ་དངོས་དེ་འགྲེམས་སྟོན་གྱི་ངོ་བོར་སྟོན་རྒྱུ་ཕར་ཞོག རིག་གསར་སྐབས་ཀྱི་མྱོང་བརྒྱུད་ཅི་རིགས་གླེང་བའི་སྨྲ་བརྗོད་ཀྱི་རང་དབང་ཅུང་ཟད་ཀྱང་མེད་པ་འདིས། རྒྱ་ནག་སྐམ་ས་དང་ཐའེ་ཝན་བར་གྱི་སྨྲ་བརྗོད་རང་དབང་ལ་ཁོར་ཡུག་གི་ལེགས་ཆའི་ཧེ་བག་ཡོད་པ་རྟོགས་ཐུབ། དེའི་ཉིན་རྒྱབ་ཐའེ་ཝན་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་སྐམ་ས་ཨུ་ཡོན་ལྷན་ཚོགས་ཞེས་པའི་ལས་ཁུངས་དེར་སྐོར་བསྐྱོད་བྱེད་དགོས་འདུག་མོད། ང་དང་ཧོང་ཀོང་གི་ཚོགས་མི་རྣམས་སོ་སོའི་བདེ་འཇགས་ཀྱི་ཆེད་དུ་ལས་ཁུངས་དེ་ལ་ཕྱིན་མེད། ཡང་དེའི་ཕྱི་དྲོར་གཉིས་གཉིས་བརྒྱད་རྒྱལ་ཁབ་དྲན་གསོ་ཁང་(National 228 Mumorial Museum)ཞེས་པར་བསྐྱོད། ༡༩༤༧ལོར་ཐའེ་ཝན་མི་མང་གིས་སྲིད་གཞུང་ལ་སྲིད་དོན་བཅོས་སྒྱུར་བྱ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་པར། མཐར་སྲིད་གཞུང་འུ་ཐུག་སྟེ་དམག་དཔུང་གིས་མི་མང་ལ་དྲག་གནོན་བྱས་པའི་གནས་ཚུལ་དེའི་སྐོར་གྱི་འདྲ་པར་དང་དངོས་པོ་མང་པོ་ཞིག་དྲན་གསོ་ཁང་འདིར་ཉར་ཚགས་བྱས་འདུག ཡང་ཉིན་དེའི་དགོང་དྲོའི་དུས་སུ་དོམ་ནག་སློབ་གླིང་(黑熊學院)ཟེར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེའི་ཡིག་ཚང་དུ་ཕྱིན། ཚོགས་པ་འདིས་ཐའེ་ཝན་གྱི་མང་ཚོགས་ལ་རྒྱ་ནག་སྐམ་སའི་བཙན་འཛུལ་དང་དམག་འཁྲུག་གི་ཉེན་ཁ་ལས་གཡོལ་ཐབས་དང་། གལ་སྲིད་རྒྱ་ནག་གིས་དངོས་ནས་ཐའེ་ཝན་ལ་བཙན་འཛུལ་བྱས་རྗེས་མི་མང་གིས་ཀྱང་རྒྱལ་ཁབ་(ཐའེ་ཝན་)སྲུང་སྐྱོབ་ཀྱི་འདུ་ཤེས་བཅངས་ནས་དམག་དཔུང་ནང་མཉམ་ཞུགས་བྱས་ཏེ་དམག་མང་ནུས་པ་འདོན་སྤེལ་བྱེད་དགོས་པའི་སྐོར་ནས་གོ་རྟོགས་སྤེལ་གྱིན་འདུག་པས། གོ་ཐོས་སུ་ཐའེ་ཝན་གྱི་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་ཁ་གཏད་གཅོག་མཁན་གོ་མིན་ཏང་སྲིད་དོན་ཚོགས་པས་དོམ་ནག་སློབ་གླིང་ལ་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད་སྐད།
ཚེས་ ༡༢ ཉིན་གྱི་སྔ་དྲོར། ཐའེ་པེ་མི་སེར་ཚོགས་པ་(臺北公民團體)ཞེས་པའི་ལས་ཁུངས་དེར་ཕྱིན། ཚོགས་པ་འདི་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། བོད་དོན་སྐོར་ལ་བགྲོ་གླེང་མང་ཙམ་བྱས། ཉིན་རྒྱབ་དམངས་ཁྲོད་ཁྲིམས་འཛིན་བཅོས་སྒྱུར་ཐེབས་རྩ་ཁང་(民間司法改革基金會)དུ་ཕྱིན། ཐེབས་རྩ་ཁང་འདིས་ཐའེ་ཝན་གྱི་མང་ཚོགས་ལ་གྱོད་དོན་གཏུག་བཤེར་བྱེད་སྐབས་ཁྲིམས་ཐོག་ནས་འདྲ་མཉམ་མ་ཡོང་བ་མང་པོ་ཞིག་ཁྲིམས་རྩོད་ཀྱི་ལམ་ནས་རོགས་པ་བྱེད་བཞིན་འདུག བགྲོ་གླེང་འདི་ཚར་རྗེས་ཐའེ་པེ་ཁྲིམས་བཟོ་ཨུ་ཡོན་ལྷན་ཁང་གི་དབུས་སྤྱི་ཁྱབ་ཁང་དུ་ཕྱིན་ཅིང་། ཁྲིམས་བཟོའི་འཕེལ་རིམ་དང་བཞུགས་གྲལ་གྱི་གོ་རིམ་བགོ་བཤའ་རྒྱག་སྟངས་སྐོར་ནས་ངོ་སྤྲོད་དང་བགྲོ་གླེང་བྱས། ཉིན་དེའི་དགོང་དྲོར་༢༠༢༤ལོའི་ཐའེ་ཝན་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མིར་ཞུགས་པའི་སྲིད་དོན་ཚོགས་པ་ཆེན་པོ་གསུམ་གྱི་འོས་བསྡུའི་སྔ་ཉིན་དགོང་མོའི་རྔམ་ཟིལ་ཆེ་བའི་ལས་འགུལ་(選前之夜-造勢活動)ལ་ལྟ་ཞིབ་སྐོར་སྐྱོད་བྱས། དང་པོ་མི་མང་སྲིད་དོན་ཚོགས་པའི་ལས་འགུལ་སྤེལ་སར་ཕྱིན། མི་ཚོགས་སྟོང་ཕྲག་མང་པོ་འདུག དེ་ནས་ཞིན་པེ་གྲོང་ཁྱེར་དུ་ཡོད་པའི་གོ་མིན་ཏང་སྲིད་དོན་ཚོགས་པའི་མཚན་མོའི་ལས་འགུལ་སྤེལ་སར་ཕྱིན། དེར་ཡང་མི་ཚོགས་སྟོང་ཕྲག་མང་པོ་འདུག འོན་ཀྱང་དུས་ཚོད་ཀྱི་དབང་གིས་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་ལས་འགུལ་སྤེལ་སར་འགྲོ་ཐུབ་མ་སོང་། དགོང་མོ་དེར་གསར་འགྱུར་ལས་རྒྱུས་ལོན་བྱུང་བ་ལྟར་ན། མང་གཙོ་སྲིད་དོན་ཚོགས་པའི་ལས་འགུལ་སྤེལ་སར་མི་ཁྲི་ཚོ་༢༠ལྷག་འདུ་འཛོམས་བྱུང་ཡོད་ཅིང་། སྲིད་དོན་ཚོགས་པ་ཆེ་ཁག་གསུམ་གྱི་མི་མང་འདུ་འཛོམས་མང་ཤོས་དེ་ཆགས་ཡོད།
ཚེས་ ༡༣ ཉིན་གྱི་སྔ་དྲོར། ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་འོས་ཤོག་བླུག་སའི་ས་ཁུལ་འགའ་རུ་ཕྱིན་ཅིང་། ཉིན་རྒྱབ་ཏུ་གདམ་བྱར་ཐོབ་པའི་འོས་ཤོག་གི་གྲངས་འབོར་བསྡོམས་རྩིས་བྱེད་བཞིན་པའི་ས་ཁུལ་འགའི་ཡུལ་དངོས་སུ་(地方開票所)ལྟ་ཞིབ་སྐོར་སྐྱོད་བྱས། དགོང་དྲོའི་དུས་སུ་ཇ་ཁང་ཞིག་ཏུ་ཚོགས་མི་ཚང་འཛོམས་ཀྱིས་བརྙན་འཕྲིན་གྱི་ཐད་གཏོང་བརྒྱུད་ནས་མཐའ་མའི་འོས་ཤོག་གི་གྲངས་འབོར་དང་འོས་བསྡུའི་མཇུག་འབྲས་གསལ་སྟོན་བྱེད་པའི་མཛད་སྒོར་བལྟས། མཇུག་མཐར་མང་གཙོ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་ལེ་ཆིན་ཏིག་ལ་འོས་ཤོག་40.05%ཐོབ་ནས་ཐའེ་ཝན་གྱི་སྲིད་འཛིན་ཁྲི་རབས་བཅོ་ལྔ་པར་རྒྱལ་ཁ་ཐོབ། རེ་ཞིག་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏིག་(赖清德)ལགས་གཟི་ཉམས་དང་བཅས་གསར་འགོད་ལྷན་ཚོགས་ཀྱི་གར་སྟེགས་སྟེང་ཕེབས་བྱུང་། ཁོང་གི་གདོང་ལ་ཡིད་ཆེས་ཀྱི་སྤོབས་ཉམས་ཀྱིས་ཁེངས་འདུག སྐུ་ཞབས་ལེ་ཆིན་ཏིག་ནི་རང་བཙན་གྱི་ལྟ་བ་ཤུུགས་ཆེན་པོར་འཛིན་མཁན་ཞིག་ཡིན་ཏེ། མི་འགྱངས་པར་ཁོང་གིས་སྲིད་འཛིན་གྱི་ལས་ཁུར་འགོ་བཙུགས་རྗེས་འབྱུང་འགྱུར་ལོ་བཞིའི་ཐའེ་ཝན་གཞུང་ནས་བོད་དོན་ལ་སྔར་ལས་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་ཡོད།
དེ་ལྟར་བདུན་ཕྲག་གཅིག་རིང་གི་འོས་བསྡུ་ཆེན་མོར་ལྟ་ཞིབ་སྐོར་སྐྱོད་རྫོགས་སོང་། དེའི་ཕྱི་ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་གཉིས་རིང་གི་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས་བྱས། ཚོགས་འདུའི་ཐོག་སོག་པོ་དང་། ཤར་ཏིར་ཀི་སི་ཐན། ཧོང་ཀོང་། མན་ཇུ། ད་དུང་གྱ་དགུ་ལོའི་རྒྱ་ནག་མང་གཙོ་ལས་འགུལ་གྱི་སྣེ་ཁྲིད་མཁན་སྐུ་ཞབས་ཝང་ཏན་སོགས་མང་གཙོ་དོན་གཉེར་པ་དང་སྲིད་དོན་འཐབ་རྩོད་པ་མང་པོ་ཞིག་ཕེབས་འདུག ཁོ་བོས་ཚོགས་འདུའི་ཐོག་“རྒྱ་ནག་དབང་སྒྱུར་འོག་གི་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་”ཅེས་པའི་བརྗོད་གཞིའི་ཐོག་རྒྱ་སྐད་ནང་གཏམ་བཤད་བྱས། ཚོགས་འདུའི་ཉིན་གཉིས་པ་ནི་ཚོགས་ནང་ཁུལ་ཚོགས་འདུ་ཞིག་ཡིན་ཏེ། བོད་དང་། སོག་པོ། མན་ཇུ། ཤར་ཏིར་ཀི་སི་ཐན། ཧོང་ཀོང་། ཐའེ་ཝན་མང་གཙོ་དོན་གཉེར་བ་བཅས་མ་འོངས་པར་ཚོགས་པ་ཁག་ནས་ནུས་པ་མཉམ་སྤུངས་སྐོར་ལ་བགྲོ་གླེང་ལྷུག་པོ་བྱུང་།
[1] 臺灣國立政治大學選舉研究中心