བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༧ ནས་ ༢༨ བར་ཉིན་གཉིས་རིང་བསྐོང་ཚོགས་གནང་གཏན་ཁེལ་ཡོད། November 29, 2023Tempa Gyaltsen Zamlha ༅། །བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༧ ནས་ ༢༨ བར་ཉིན་གཉིས་རིང་བསྐོང་ཚོགས་གནང་གཏན་ཁེལ་ཡོད། དེ་ཡང་ཕྱི་ཚེས་ ༢༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མཛད་རིམ་དབུ་འཛུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་དང་གལ་གནད། སྤྱི་ཡོངས་ཀྱི་སྒྲོམ་གཞི་སྐོར་ངོ་སྤྲོད་གནང་རྗེས་གདན་ཞུས་སྐུ་མགྲོན་གཙོ་བོར་ཉི་འོང་སྐུ་ཚབ་དོན་གཅོད་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྤྱི་ཡོངས་ཀྱི་གལ་གནད་དང་། ད་ལྟའི་རྒྱ་གཞུང་གིས་བོད་ནང་ཆུ་བོ་གཏོར་སྐྱོན་དང་གཏེར་ཁ་སྔོག་འདོན་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཆུ་བོའི་དཀའ་ངལ་སྔ་ཕྱི་བར་གསུམ་དུ་འཕྲད་ཚུལ་སོགས་རྒྱས་པར་གསུངས་སོང་། ལྷག་པར་བོད་མི་ཡོངས་ཀྱི་སྐྱབས་གནས་༸གོང་ས་ཐམས་ཅད་མཁྱེན་པའི་ཁོར་ཡུག་གི་གཟིགས་པ་ཡངས་པའི་དགོངས་ཚུལ་ཚོགས་བཅར་བ་རྣམས་ལ་རྒྱས་པར་འགྲེལ་བརྗོད་གནང་སོང་།དམིགས་བསལ་སྐུ་མགྲོན་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འབུམ་རམས་པ་ས་ཡ་མོལ་ཆ་རུན་ར་རྟ་ན་ལགས་ནས། ཆུ་བོར་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་ཁག་ནས་ཐུན་མོང་གིས་མཉམ་མཐུན་གན་རྒྱ་དང་། མཉམ་ལས་ཐོག་ཆུ་བོའི་གལ་གནད་ངོས་འཛིན་ཐུབ་པ་དགོས་གལ་ཡིན་ཚུལ་ནན་ཏན་གྱིས་གཏམ་བཤད་གནང་སོང། སྐབས་དེའི་ཚོགས་འདུའི་ནང་དོན་གཙོ་བོ་ནི་བོད་ནི་ཨེ་ཤ་ཡ་གླིང་ཕྲན་གྱི་ཆུ་བོ་ཆེ་ཁག་དྲུག་གི་ཆུའི་འབྱུང་ཁུངས་དང་། དེ་བཞིན་མི་འབོར་མང་ཤོས་ཀྱི་ཨེ་ཤ་ཡའི་ཡུལ་ལུང་དྲུག་དང་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀའི་འཐུང་ཆུའི་གཞི་རྩ་ཡང་ཡིན། བར་སྐབས་ལོའི་བགྲང་བྱ་ཁ་ཤས་ནང་འབྱུང་བའི་ལྡོག་ཏུ་མེད་པའི་དཀའ་ངའ་མང་དག་ཅིག་འཕྲད་མུས་ཡིན་པ་དང་། ལྷག་པར་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་འབག་བཙོག་སོགས་ཀྱི་དཀའ་ངལ་མང་དག་ཅིག་གིས་ཆུ་དང་ཁོར་ཡུག་འབྲེལ་བའི་གོད་ཆགས་དང་ཉམས་སླད་དུ་འགྲོ་གི་ཡོད། ཐེངས་བཞི་པའི་ཁོར་ཡུག་ཚོགས་འདུའི་ཁྲོད་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་ཁོར་ཡུག་དང་འབྲེལ་བའི་མཁས་དབང་རིག་གཅིག་རྐང་འཛིན་པ་དང་། ཚན་རིག་པ། ལས་འགུལ་བ། སྲིད་བྱུས་འཆར་འགོད་བྱེད་མཁན་མང་དག་ཅིག་མཉམ་འཛོམས་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་གོ་ལའི་གཅིག་གྱུར་གྱི་ཐོན་ཁུངས་སྐོར་གླེང་སློང་ཤུགས་ཆེ་བྱེད་འཆར་ཡོད་ན། ཆུ་མཛོད་གསར་རྒྱག་ལས་གཞི་དང་ཆུ་སྣེ་ཁ་བསྒྱུར་སོགས་ཀྱིས་ལུང་པ་མང་པོར་དཀའ་ངལ་འཕྲད་མུས་ཡོད་པ་དང་། རྒྱལ་ཁབ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུ་དང་། གསར་གཏོད་རང་བཞིན་གྱི་མཉམ་འབྲེལ་ཐོག་གནས་ཚུལ་བརྗེ་ལེན་དང་འཛམ་གླིང་གྲོས་མཐུན་མཚན་རྟགས་འགོད་རྒྱུར་གནོན་ཤུགས་དང་ཆུ་ངོགས་ཀྱི་རྒྱལ་ཁབ་ཀྱིས་ཐུན་མོང་གི་ཨེ་ཤ་ཡིའི་ཆུ་བོ་ཁག་སྲུང་སྐྱོབ་ཀྱི་དམ་བཅའ་བརྟན་པོར་གནས་རྒྱུ།བོད་ཀྱི་ཁོར་ཡུག་ཚོགས་ཐེངས་བཞི་པ་འདི་ཉིད་བསྐོང་ཚོགས་བྱས་པའི་དམིགས་ཡུལ་ནི། གོ་ལའི་གལ་གནད་ཐོག་བོད་དེ་ཨེ་ཤ་ཡའི་ཆུ་མཛོད་ཡིན་པར་དྲན་སྐུལ་དང་ངོས་ལེན་བྱ་རྒྱུ་དང་། བོད་ཀྱི་རྒྱལ་མཚམས་དང་འབྲེལ་བའི་རྒྱུག་ཆུ་ཁག་གི་གལ་གནད་ངོས་འཛིན་ཐོག་ཆུའི་རྩོད་རྙོག་འཕེལ་རིམ་གྱིས་མི་མང་ས་ཡ་མང་པོའི་འཚོ་བར་དཀའ་ངལ་དང་གནོད་སྐྱོན་ཇི་ལྟར་ཡོང་མིན་ལ་སླར་ཡང་དཔྱད་ཞིབ་ཐོག་བསྐྱར་གླེང་བྱ་རྒྱུ། ཨེ་ཤི་ཡའི་ཆུ་བོ་སྲུང་སྐྱོབ་ཐད་ཐབས་ལམ་འདྲ་མིན་ལག་ལེན་ཡོང་ཐབས་ལ་གནས་ཚུལ་དང་བསམ་ཚུལ་བརྗེ་ལེན། དེ་བཞིན་བགྲོ་གླེང་སོགས་ཀྱི་སྡིངས་ཆ་བསྐྲུན་ནས་སྦྱངས་བཤད་བྱ་རྒྱུ། ས་ཁུལ་ཁག་ནང་ཁུལ་དབར་ཆུ་བོའི་ཐོན་ཁུངས་མཉམ་སྤྱོད་ཡོང་སླད་མངའ་ཁུལ་གཅིག་སྒྲིལ་གྱིས་སྒྲིག་འཛུགས་བཙུགས་ནས། ཆུ་བོོའི་སྲུང་སྐྱོབ་ཆེད་སྤྱི་ཡོངས་ཀྱི་མཉམ་ལས་འགན་ལེན་དང་། ཆུ་བོའི་བདེ་འཇགས་དང་ཆུའི་འཛིན་སྐྱོང་ཚད་གཞི་ཡར་རྒྱས་དང་ཡུན་གནས་རྒྱ་སྐྱེད་ཡོང་སླད་ཀྱི་གཞི་བརྟན་གལ་འགང་ཡིན་པ་གསལ་ཁ་འདོན་རྒྱུ། བོད་ཀྱི་རྒྱལ་མཚམས་དང་འབྲེལ་བའི་རྒྱུག་ཆུ་འབབ་ཡུལ་ས་ཁམས་དམའ་བའི་ས་གནས་ས་ཐོག་གི་ཡུལ་མིར་ཆུ་བོའི་གནད་དོན་ཐོག་དཀའ་ངལ་དང་གདོང་ལེན་ཇི་ལྟར་བྱེད་ཕྱོགས་རྒྱུས་ལོན་དང་། ས་གནས་མི་མང་གི་འཛིན་སྐྱོང་ཉམས་མྱོང་། མ་འོངས་ལས་དོན་ལ་བསམ་ཆར་དང་ལེགས་སྤེལ་ཉེས་འགོག་གི་མྱོང་ཚོར་དང་ཡར་རྒྱས་ལས་དོན་སླད་རྒྱབ་གཉེར་བྱ་རྒྱུ། ཨེ་ཤ་ཡིའི་ཆུ་མཛོད་སྲུང་སྐྱོབས་སླད་ས་བབ་དམའ་བའི་རྒྱལ་ཁབ་ཕན་ཚུན་དབར་དཀའ་ངལ་དང་གདོང་ལེན་སྦྱངས་ཤེས་ཀྱིས་ཐུན་མོང་བསམ་ཚུལ་བརྗེ་ལེན་དང་དཔྱད་གཞིའི་སྲིད་བྱུས་སྙན་ཐོ་འདོན་སྤེལ་བྱ་རྒྱུར་བཅས་ལ་དམིགས་ཡོད། ད་རེས་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པའི་ཐོག་ ༼ཆུ་དང་གནམ་གཤིས་འབྲེལ་བའི་བརྒྱུད་རིམ་ཐོག་གནམ་གཤིས་འགྱུར་ལྡོག་གིས་ཆུ་བོར་ཤུགས་རྐྱེན་ ༽ དང་། ༼རྒྱུག་ཆུའི་གཤོངས་ཀྱི་རྩོད་རྙོག་སྔོན་འགོག་དང་ཡུན་གནས་ཐུབ་པའི་ཡར་རྒྱས། ༽ ༼ ཡུལ་དེ་རང་གི་ཤེས་བྱ་དང་གནམ་གཤིས་རང་གནས། ༽ ༼ རྒྱལ་མཚམས་དང་འབྲེལ་བའི་ཆུ་བོའི་མཉམ་འབྲེལ་དང་ཆུ་གློག་ཆབ་སྲིད། ༽ ༼ རྒྱལ་མཚམས་དང་འབྲེལ་བའི་ཆུ་བོའི་བེད་སྤྱོད་དང་དབང་འཛིན་ཐོག་མི་མང་ཐད་ཀར་མཉམ་ཞུགས ༽ ༼ གོ་ལའི་གནམ་གཤིས་གླེང་སྟེགས་ནང་གི་བོད། ༽ཅེས་པའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག།