བོད༌ཀྱི༌སྲིད༌བྱུས༌ཉམས༌ཞིབ༌ཁང༌གི༌གོ༌སྒྲིག༌ཞུས༌པའི༌བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ༌དེ༌ཕྱི༌ལོ༌༢༠༢༠ཟླ༌༡༡ཚེས༌དགུ༌ནས༌བཅུ༌གཉིས༌བར༌དྲྭ༌ལམ༌བརྒྱུད༌བསྐོངས༌ཚོགས༌ཞུས༌ཡོད།
ཟླ༌༡༡ཚེས༌༩ཉིན༌གྱི༌ཞོགས༌པའི༌ཚོགས༌དུས༌སུ༌ཐོག༌མར༌ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ནས་ཚོགས་འདུའི་ངོ་སྤྲོད་དང་གཏམ་བཤད།
དེ༌རྗེས༌བསྟན༌པ༌རྒྱལ༌མཚན༌ལགས༌ཀྱི༌གཙོ༌སྐྱོང༌གནང༌ཡོད།
ཐོག༌མར༌གཏམ༌བཤད༌གནང༌མཁན༌པདྨ་རྣམ་རྒྱལ།ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ལྟེ་གནས་ཁང་གི༌ཉམས་ཞིབ་དང་འགན་འཛིན་ལས་རོགས།
བརྗོད༌གཞི༌《བོད་བཙན་པོའི་དུས་སྐབས་ཀྱི་ཁྲིམས་ཡིག་སྐོར་ལ་བསྐྱར་ཞིབ།》
པདྨ་རྣམ་རྒྱལ༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཏུན་ཧོང་གཏེར་སོགས་བརྡ་རྙིང་ཡིག་ཆ་དང་སྲོང་བཙན་སྐབས་གཏན་ལ་ཕབ་པའི་ཁྲིམས་ཡིག་ཁོད་སོ་དྲུག་བཅས་གཞི་ལ་བཞག་སྟེ།བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སྐབས་ཀྱི་ཁྲིམས་སྲོལ་དང་། ལྷག་དོན་བཙན་པོ་སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་ཁྲིམས་ལུགས་སྐོར་ཞིབ་འཇུག་གིས་སྐབས་དེའི་ཁྲིམས་སྲོལ་གྱི་ངོ་བོ་དང་ཁྱད་ཆོས་སྐོར་གཙོར་འདོན་གནང༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང།ཀིརྟི་བྱེས་པ་གྲྭ་ཚངགི༌་དཔེ་འཁྲིད་དགེ་རྒན།
བརྗོད༌གཞི༌《དུས་རབས་ ༡༤ པའི་ནང་ལྷ་ས་དང་ས་སྐྱར་བྱུང་བའི་ནད་ཡམས་གླེང་བ།》
ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།དུས༌རབས༌བཅུ༌གཉིས༌ནས༌ཕྱི༌ལོ༌༡༩༥༠ལོ༌དབར༌བོད༌ནང༌ནད༌ཡམས༌ཆེན༌པོ༌བདུན༌བྱུང༌བ༌དང།ལྷག༌པར༌དུ༌དུས༌རབས༌༡༤ནས༌༡༥དབར༌ས༌སྐྱ༌དགོན༌དུ༌བྱུང༌བའི༌ནད༌ཡམས༌སྐོར༌གསུངས༌སོང།ས༌སྐྱ༌དགོན༌གྱི༌ནད༌ཡམས༌དེ༌རྒྱ༌ནག༌ནས༌ཡོང༌བའི༌གནས༌སྐོར༌བ༌ཞིག༌གི༌འཁྱེར༌ཡོང༌བ༌དང༌ནད༌ཡམས༌དེས༌རྐྱེན༌པས༌ས༌སྐྱ༌དགོན༌ཆེན༌སྟོང༌ལ༌ཉེ༌བའི༌དཀའ༌ངལ༌ཆེན༌པོ༌ཞིག༌བྱུང༌བ།དེ༌ནས༌གྲུབ༌ཐོབ༌ཐང༌སྟོང༌རྒྱལ༌པོས༌སློབ༌བུ༌བརྒྱད༌མངགས༌རེ༌ས༌སྐྱ༌དགོན༌ནང༌དུ༌སྨོན༌ལམ༌ཚོགས༌ཏེ༌ནད༌ཡམས༌གདོགས༌ཐབས༌གནང༌བ།དེ༌ནས༌ས༌སྐྱའི༌ནད༌སྒྲུབ༌སྨོན༌ལམ༌ཆེན༌པོའི༌གལ༌གནད༌དང༌ད༌དུང༌བོད༌ཀྱི༌ནད༌འགོག༌སྨན༌ཀྱི༌བྱུང༌རིམ༌༌ཀྱང༌གསུངས༌སོང།
ཉིན༌དང༌པོའི༌ཕྱི༌དྲོའི༌ཚོགས༌ཐེངས༌ཐོག༌གཙོ༌སྐྱོང༌གནང༌མཁན༌བསྟན་འཛིན་དགྲ་ལྷ།
གཏམ༌བཤད༌གནང༌མཁན༌དང༌པོ༌འཇམ་དབྱངས་དོན་གྲུབ།ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ༌འབུམ་རམས་སློབ༌གཉེར༌དང་བོད་ཀྱི་ལོ་རྒྱུས་རིག་པའི་དགེ་རྒན།
བརྗོད༌གཞི༌《རུ་བོད་བསྟན་སྲིད་ཀྱི་འབྲེལ་བར་སོག་པོ་མཚན་ཞབས་རྡོ་རྗེ་ཡིབ་ཀྱིས་ཞབས་འདེགས་ཇི་ཞུས་སྐོར་ལ་མདོ་ཙམ་དཔྱད་པ།》
འཇམ༌དབྱངས༌དོན༌གྲུབ༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།རྒྱལ༌བ༌སྐུ༌ཕྲེང༌བཅུ༌གསུམ༌མཆོག༌གིས༌མཚན་ཞབས་རྡོ་རྗེ་ཡིབ་ཀྱི༌སྐུ༌ཚེའི༌ངོ༌སྤྲོད༌དང༌ལྷག༌པར༌དུ༌ཁོང༌གི༌ང་ཨུ་རུ་སུའི་གསང་མྱུལ༌བའི༌གནས༌བབ།ཁོང༌ཕྱི༌ལོ༌༡༨༧༢ལོར༌ལྷ༌སར༌ཐོག༌མར༌ཕེབས༌པའི༌དུས༌ནས༌གསང༌མྱུལ༌བའི༌ལས༌འགན༌བསྣམས༌ཡོད༌པ།ཁོང༌ཕྱི༌ལོ༌༡༨༨༨ོར༌རྒྱལ༌བའི༌མཚན༌ཞབས༌གནང༌བ།ལྷག༌པར༌དུ༌ཁོང༌གི༌རྒྱལ༌བ༌སྐུ༌ཕྲེང༌བཅུ༌གསུམ༌པའི༌བཀའ༌མངགས༌བཞིན༌བོད༌རང༌བཙན༌གྱི༌གནས༌བབ༌མཚོན༌པའི༌བོད༌དང༌ཨུ༌རུ༌སུ༌དབར༌ཀྱི༌མཆིངས༌ཡིག༌བཞག༌པའི༌བྱས༌རྗེས༌སྐོར༌ཡང༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌དེ༌གཉན་ཐར།། ཏཱ་ལའི་བླ་མ་མཐོ་སློབ་དུ་གཙུག་ལག་རབས་འབྱམས་པའི༌ལོ་རྒྱུས་སློབ་དཔོན།
བརྗོད༌གཞི།《སོག་པོའི་དགེ་བཤེས་དབང་རྒྱལ་གྱི་ངོ་སྤྲོད།》
གཉན༌ཐར༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།སོག་པོའི་དགེ་བཤེས་ངག་དབང་དབང་རྒྱལ་ལགས་ཕྱི༌ལོ༌༡༩༢༠ལོར༌ཐོག་མར་བོད་དུ་ཕེབས་སྟེ༌འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཚོགས་ཞུགས་སློབ་གཉེར་གནང་ཚུལ་དང། དེ་ནས་རྒྱ་ནག་དང་རྒྱ་གར་དུ་འགྲུལ་བཞུད་རྗེས་སླར་ཡང་བོད་དུ་ཕེབས་ནས་དགེ་བཤེ་དམ་འབུལ་གནང་ཚུལ།མཐར་༡༩༥༠ ལོར་རྒྱ་གར་དང་དེ་ནས་༡༩༥༥ ལོར་ཨ་རིར་ཕེབས་ནས་ནུབ་ཕྱོགས་སུ་ཐོག་མར་བོད་དོན་གྱི་ལས་འགུལ་སྤེལ་བ། དེ་རྗེས་ཨ་རིར་བོད་ཀྱི་གསང་བའི་དམག་དོན་གྱི་ལས་རོགས་སུ་ཞུགས་པ།ལྷག༌པར༌དུ༌བོད༌བརྒྱུད༌ནང༌བསྟན༌ཨ༌རིའི༌ནང༌བརྒྱུད༌སྤེལ༌བྱུང༌བའི༌ཐོག༌ཀྱི༌བྱས༌རྗེས༌གསུངས༌སོང།
ཉིན༌གཉིས༌པའི༌ཕྱི༌དྲོའི༌ཚོགས༌ཐེངས༌སྟེང༌གཙོ༌སྐྱོང༌བ༌བསྟན་འཛིན་ལྷ་སྒྲོན།
ཐོག༌མར༌གཏམ༌བཤད༌གནང༌མཁན༌ཨཱཙཱརྱ་ཨག་ལོ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང༌གི༌བོད་ཀྱི་རྩོམ་རིག་དགེ་རྒན།
བརྗོད༌གཞི།《བོད་ཀྱི་ཐུན་མིན་ཀ་བཤད་རྩོམ་ཡིག་གི་སྐོར།》
ཨཱཙཱརྱ་ཨག་ལོ༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཀ་བཤད་རྩོམ་རིག་ཅེས་པའི་གོ་དོན་དང་མིང་གི་རྣམ་གྲངས་ནས་འགོ་བརྩམས་ཏེ། རྩོམ་རིག་དེ་བོད་ལ་དུས་རབས་ཇི་ཙམ་ནས་དར་མིན། དེའི་དགོས་པ་དང་ནང་དོན། ལྷག༌པར༌དུ༌ཀ༌བཤད༌ནི༌བོད༌རང༌དུ༌དར༌བའི༌བོད༌ལུགས༌ཀྱི༌ཙོམ༌ཡིན༌པ༌《སྙན༌ངག༌མེ༌ལོང།》ལ༌མི༌བརྟེན༌པ༌མི༌ལོང༌མ༌མ༌བསྒྱུར༌གོང༌ནས༌བོད༌ནང༌དར༌ཡོད༌པ།མེ༌ལོང༌མས༌འཕྱིས༌སུ༌ཤུགས༌རྐྱེན༌ཐེབས༌༌པ།བོད༌དུ༌ཐོག༌མར༌ཆ༌ཚང༌ཤོས༌ཀྱི༌ཀ༌བཤད༌དེ༌འགྲོ༌མགོན༌ཆོས༌རྒྱལ༌འཕགས༌པའི༌ཀ༌བཤད༌ཡིན༌ཚུལ༌སོགས༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌དེ༌བློ་བཟང་ཆོས་གྲགས། ཝཱ་ཎ་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན།
བརྗོད༌གཞི།《བོད་ཀྱི་རྩོམ་རིག་གཞུང་ལུགས་ལས་ཉམས་ཀྱི་རྣམ་གཞག་ལ་ཐོག་མར་དཔྱད་པ།》
བློ་བཟང་ཆོས་གྲགས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར༌འཕགས་བོད་གཉིས་ཀྱི་གནའ་བོའི་མཁས་པ་རྣམས་ནི་གཞུང་ལུགས་ཁུངས་སུ་བྱས་ནས། བོད་ཀྱི་རྩོམ་རིག་ལ་རང་རྐང་ཚུགས་པའི་ཉམས་ཀྱི་གཞུང་ལུགས་ཤིག་དགོས་པའི་གལ་གནད་དང་ནང་འདྲེན་བྱེད་ཐབས། དེ་བཞིན་ཉམས་ཀྱི་རྣམ་
གཞག་གི་སྤྱི་རྣམ་ངོ་སྤྲོད། འཕགས་བོད་ཀྱི་ཉམས་ཀྱི་རྣམ་གཞག་གི་འཕེལ་རིམ་དང་གཤིབ་བསྡུར། ཉམས་དང་འགྱུར་བའི་གཞུང་ལུགས་དང་ལག་ལེན་སོགས༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གསུམ༌པ༌དེ༌སྐར༌མ༌ཚེ༌རིང། དབུས་སྨན་རྩིས་ཁང་གི་ལས་དྲུང།
བརྗོད༌གཞི།《བོད་ཀྱི་ལོ་རྒྱུས་ཁྲོད་ཐུ་བྷོད་རྩོམ་རིག་གི་ཁ་ཕྱོགས་དང་དེའི་གནས་བབ་སྐོར་ལ་དཔྱད་པ།》
སྐར༌མ༌ཚེ༌རིང༌ལགས༌ཀྱི༌གཏམ༌བཤདཁྲོད༌གཙོ༌བོར།ལོ་རྒྱུས་ཁྲོད་ཀྱི་བོད༌ཀྱི༌རྩོམ་རིག་གི་གནས་བབ་དང་དེའི་ཁ་ཕྱོགས་ལ་དཔྱད་ཞིབ། དེའང་རྒྱལ་ཕྲན་དུས། བཙན་པོའི་དུས།སིལ་བུའི་དུས། ཆོས་སྲིད་ཟུང་འབྲེལ་གྱི་དུས། བཅས་ཐུ་བྷོད་རྩོམ་རིག་གི་དུས་སྐབས་མི་འདྲ་བ་སོ་སོའི༌གནས༌སྟངས༌ཀྱི་སྐོར༌གསུངས༌སོང།
ཉིན༌གསུམ༌པའི༌སྔ༌དྲོའི༌ཚོགས༌ཐེངས༌ཐོག༌གཙོ༌སྐྱོང༌བ༌བསྟན་འཛིན་ཚེ་བསྟན།
གཏམ༌བཤད༌གནང༌མཁན༌ཐོག༌མ༌དགེ་བཤེས་ཁྲི་གཡུང་དྲུང་། སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན།
བརྗོད༌གཞི།《བོད་ཀྱི་གནའ་བོའི་ཕྱག་སྲོལ་སྨན་རིའི་ཁྲི་འཛིན་རྟགས་སྒྲིལ་གྱི་ཐོག་མའི་ཞིབ་འཇུག་སྙན་ཞུ།》
དགེ་བཤེས་ཁྲི་གཡུང་དྲུང་ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།བོད་ཀྱི་གནའ་བོའི་བོན༌ཆོས༌ཀྱི༌ཕྱག་སྲོལཡི་བྱུང་རབས་དང་ཁྱད་ཆོས། ཕྱག་ལེན་གནང་སྟངས། དེའི་དམིགས་ཡུལ་དང་དགེ་ཕན།ལྷག༌པར༌དུ༌རྟགས༌སྒྲིལ།བརྟག༌སྒྲིལ།རྟགས༌རིལ༌ཡང༌ན༌ཟན༌རིལ༌སྐོར༌གསུངས།ཁྲི༌གཡུང༌དྲུང༌ལགས༌ཀྱི༌དུས༌རབས༌༡༨པའི༌ནང༌བོད༌དབུས༌ཁུལ༌དུ༌སྤྲུལ༌སྐུ༌ངོས༌འཛིན༌ཀྱི༌ཐབས༌ལམ༌གསེར༌བུམ༌དཀྲུགས༌པ༌ཟེར༌བའི༌ལམ༌ལུགས༌དེ༌ཆབ༌སྲིད༌ཀྱི༌དགོས༌མཁོ༌ཞིག༌ལ༌བརྟེན༌ནས༌བྱུང༌བ༌ལས༌མནའ༌ནས༌དར༌ཁྱབ༌བྱུང༌ཡོད༌པའི༌བོད༌རང༌གི༌སྲོལ༌རྒྱུན༌རིག༌གནས༌སམ༌ཕྱག༌སྲོལ༌གང༌ཡང༌མིན༌པའི༌སྐོར༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌འཇམ་དབྱངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་པའི་ལོ་རིམ་གསུམ་པའི་སློབ་མ།
བརྗོད༌གཞི།《ནང་ཆོས་སམ་ནང་པའི་ཚན་རིག་དང་ཚན་རིག་གམ་དེང་རབས་ཚན་རིག་བསྡུར་བ།》
འཇམ༌དབྱངས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ནང་ཆོས་དང་ཚན་རིག་གི་སྤྱི་བཤད་མདོར་ཙམ།ནང་ཆོས་ནི་བྱམས་པ་དང་བརྩེ་བ། བཟོད་བསྲན་དང་ཆོག་ཤེས། ཏིང་ངེ་འཛིན་དང་རང་བཞིན་མེད་པའི་ལྟ་བ་སོགས་ལ་བརྟེན་ནས་སེམས་ཀྱི་གནས་ལུཊ་འཚོལ་བར་བྱེད་པའི་ནང་གི་འཛུཊ་བསྐྲུན་ཞིག་ཡིན་པ་དང་ཚན་རིག་ནི་ཨང་རྩིས་དང་དཔེ་རིས། གློག་ཤུཊ་དང་རྫས་རིཊ་སྣ་ཚོཊ་ཀྱི་ནུས་པ་ལ་བརྟེན་ནས་དངོས་པོ་རྣམས་ཀྱི་གཤིས་ལུཊ་འཚོལ་བར་བྱེད་པའི་མིའི་འཛུཊ་བསྐྲུན་ཞིག་ཡིན།དེ༌ནས༌ཆོས་ཚན་གཉིས་ཀྱི་ཁྱད་པར་ལ་ལྟ་བ། སྤྱིར་ན་ནང་པའི་ཚན་རིག་གི་སློབ་གཞི་དེ་ལ་དབྱེ་བ་ག་ཚོད་ཡོད་པ་དང་ཚན་རིག་པའི་སློབ་གཞི་དེ་ལ་ག་ཚོད་ཡོད་མེད་རག་ཙམ་དང་།དེ་ནས་ཆོས་ཚན་གཉིས་ཀྱི་མཐུན་ཕྱོཊ་འགའ་དང་མི་མཐུན་ཕྱོཊ་འགའ་གསུངས༌སོང།
ཉིན༌གསུམ༌པའི༌ཕྱི༌དྲོའི༌ཚོགས༌ཐེངས༌ཐོག༌གཙོ༌སྐྱོང༌བ༌ཚེ་དབང་རྡོ་རྗེ།
གཏམ༌བཤད༌གནང༌མཁན༌ཐོག༌མ༌འབུམ་རམས་པ་རིག་འཛིན་ལྷུན་གྲུབ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ༌རྒན།
བརྗོད༌གཞི།《བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་སྐུ་ཞབས་པི་ཡན་ཐའོ་ཡི་བོད་ཆེན་པོའི་སྐོར་གྱི་ཡིག་ཐོག་དྲི་ལན་བརྒྱད་ལ་བསྐྱར་ཞིབ།》
རིག་འཛིན་ལྷུན་གྲུབ༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཕྱི་ལོ་༢༠༡༠ཟླ་༡པའི་ཚེས་༤ཉིན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཞབས་པི་ཡན་ཐའོ་ཡིས་བོད་ཆེན་པའི་སྐོར་ཡིག་ཐོག་བཅར་འདྲི་ལ་བཀའ་ལན་ཕེབས་པ་དེ། དྲི་བ་དེ་དག་རྒྱ་རིགས་མི་སྒེར་པའམ་མི་དམངས་དཀྱུས་མ་ཞིག་གི་དོགས་གཞི་ཙམ་ལ་ངོས་འཛིན་གནང་གི༌ཡོད། འོན་ཀྱང་། སྐུ་ཞབས་པི་ཐའོ་ཡིས་བཏང་པའི་དྲི་བ་བརྒྱད་ནི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བསམ་འཆར་དོན་ངོ་མར་ལག་ལེན་བསྟར་ཐུབ་ཐབས་ཡོད་མེད་ཐད་དྲིས་བ་ཞིག་ཆགས་ཀྱི་ཡོད། དྲི་ལན་བརྒྱད་ལ་བསྐྱར་ཞིབ་དང་། རྒྱབ་ལྗོངས། གནད་འགགས་བཅས་ལ་དབྱེ་ཞིབ་བྱས་ཐོག། སློབ་དཔོན་ཟམ་གདོང་རིན་པོ་ཆེས་དྲི་བ་ཕལ་ཆེ་བར་ལན་ཐེབས་མེད་པ་དང་། བསམ་འཆར་ཡིག་ཆར་རྒྱ་ཕྱོགས་ཀྱི་དོགས་པ་ཇི་ཡོད་ད་དུའང་སེལ་མེད་པ། བསམ་འཆར་ནང་གསལ་ལས་གཞན་པའི་གུ་བཤང་དང་དེ་བས་མར་བབ་ས་ཡོད་མེད། དེ་མིན་གདམས་ག་གཞན་ཡང་གང་ཡོད་མེད་བཅས་ཀྱི་ཐོག་དཔྱད༌པ༌གནང༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌དགེ་བཤེས་འཇིགས་མེད་བློ་གྲོས།དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་དུ་ཞབས་ཞུ་སྒྲུབ༌པ།
བརྗོད༌གཞི།《༸གོང་ས་མཆོག་དང་ཐོ་མཱ་སི་མེར་ཊོན།》
དགེ་བཤེས་འཇིགས་མེད་བློ་གྲོས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་ལུགས་ཉམས་ལེན་པའི་དབར་འབྲེལ་བ་ཇི་ལྟར་བྱུང་བའི་ལོ་རྒྱུས། ༸གོང་ས་མཆོག་གི་ཐུགས་འགན་བཞིའི་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པས་གལ་ཆེན་པོར་གྱུར་ཡོད། ༸གོང་ས་མཆོག་ཡེ་ཤུའི་ཆོས་ལུགས་ཀྱི་ཉམས་ལེན་པ་མང་པོ་དང་འབྲེལ་ལམ་ཧ་ཅང་ཉེ་པོ་བྱུང་ཡོད་པའི་གྲས་ནས་ཐུགས་འགན་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་སྐྱོང་རྒྱུར་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ཡེ་ཤུའི་ཆོས་པ་ཞིག་བྱུང་ཡོད་པ་ནི་ཐོ་མཱ་སི་མེར་ཊོན་ Thomas Merton ཡིན། ཁོང་དང་༸གོང་ས་མཆོག་ཕན་ཚུན་མཇལ་འཕྲད་ཇི་ལྟར་བྱུང་བའི་ལོ་རྒྱུས་གསུངས༌སོང།
གཏམ༌བཤད༌གནང༌མཁན༌གསུམ༌པ༌ཉི་མ་ཚེ་རིང་།<<ཆོས་ལུགས་ཀྱི་འཇིག་རྟེན་དང་བུད་མེད་ལས་དབང་>>ཀྱི༌རྩོམ༌པ༌པོ།
བརྗོད༌གཞི།《ཤེས་ཡོན་སྲིད་བྱུས་གསར་པའི་རེ་སྙེག་དང་གོད་ཆག།》
ཉི༌མ༌ཚེ༌༌རིང༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།འདས་ཟིན་པའི་ལོ་ངོ་དྲུག་བཅུའི་རིང་བཙན་བྱོལ་བོད་སློབ་ཁག་གི་ནང་སྔ་ཕྱི་རིམ་པར་ཤེས་ཡོན་སྲིད་བྱུས་ཇི་ལྟ་བུ་ཞིག་ལག་བསྟར་བྱས་པའི་བརྒྱུད་རིམ་ནས་འཕྲོས་ཏེ། ལེགས་ཉེས་ལ་མ་ལྟོས་པའི་འབྲས་བུ་དང་། སྒོས་སུ་ཕྱི་ལོ་ ༢༠༠༤ ནས་ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་དང་། རིམ་པས་བཙན་བྱོལ་བོད་སློབ་ཁག་ཏུ་ལག་བསྟར་བགྱིས་འབྲས་ལས། དེང་གི་ཆར་བཙན་བྱོལ་བོད་སློབ་ཁག་ཏུ་སློབ་གཉེར་བྱེད་ཀྱིན་པའི་སློབ་མའི་བསམ་སྤྱོད་གཉིས་ཀྱི་གནས་བབ་ལ་གཞིགས་ཏེ། བཙན་བྱོལ་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་གསར་བའི་རེ་སྙེག་དང་གོད་ཆག་ཅི་ཞིག་བྱུང་ཡོད་མེད་ཀྱི་གནད་དོན་ཐད་དཔྱད༌པ༌གནང༌སོང།
ཉིན༌མཐའ༌མའི༌སྔོ༌དྲོའི༌ཚོགས༌ཐེངས༌ཐོག༌གཙོ༌སྐྱོང༌བ༌ཕན་ཐོགས།
གཏམ༌བཤད༌གནང༌མཁན༌དང༌པོ༌བསྟན༌འཛིན༌རིག༌གྲོལ།ཤུག་གསེབ་ཨོ་རྒྱན་རྫོང་གི་རིག་གནས་དགེ་རྒན།
བརྗོད༌གཞི།《འབྲོག་པའི་དུས་ཚིགས་བཞིའི་འཚོ་བ་སྐྱེལ་སྟངས་སྐོར་གླེང་བ།》
བསྟན༌འཛིན༌རིག༌གྲོལ༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཁོང༌གི༌ཕ༌ཡུལ༌ཀྱི༌འབྲོག༌པའི༌འཚོ༌བ༌སྐྱེས༌སྟངས༌སྐོར།འབྲོག༌པའི༌དུས༌ཚིགས༌བཞིའི༌ནང༌གི༌འཚོ༌བ༌སྐྱེས༌སྟངས༌དང༌འགྱུར༌མདོག༌གང༌འདྲ༌ཡོང༌མིན།ཐུན༌ཁུངས༌དང༌འཚོ༌བའི༌ནང༌དགོས༌མཁོ༌ཆེ༌ཤོས༌ཀྱི༌དངོས༌ཟོག།བུ༌ཕྲུག༌གསོ༌སྐྱོང།བུད༌མེད༌མནའ༌མར༌འགྲོ༌སྟངས༌སོགས༌ཀྱི༌ཐད༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌འཕྲིན་ལས་མཐུ་སྟོབས༌འམ༌ཚངས༌གསར༌འཕྲིན༌ལས།སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལོ་རྒྱུས་འབྲི་རྩོམ་ཚན་པའི་ཁོངས་མི། ཁམས་སྒར་གསུང་རབ་ཉམས་གསོ་ཁང་གི་རྩོམ་སྒྲིག་ཁོངས་མི།
བརྗོད༌གཞི།《འབྲོག་ཁུལ་གྱི་ཀོ་བའི་ཐོན་རྫས་དང་སྤྱོད་སྒོ།》
ཚངས༌གསར༌འཕྲིན༌ལས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཀོ༌བ༌ནི༌འབྲོག་པ་རྣམས་ལ་མཚོན་ན་དགོས་གལ་ཆེ་བ་དང་། མེད་དུ་མི་རུང་བའི་སྤྱོད་སྒོ་ཆེ་བའི་ཐོན་རྫས་ཤིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གསར་གཏོད་བྱས་པའི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྦྱོད་མཚོན་པའི་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཡ་མཚན་ཞིན་ཡིན་པ། བོད༌ཀྱི༌འབྲོག༌ཁུལ༌ཀྱི༌ཀོ༌བའི༌ཐུན༌ཁུངས༌ངོ༌སྤྲོད༌དང༌དེང༌དུས༌ཀྱི༌གནས༌སྟངས༌སྐོར༌གསུངས༌སོང།
གཏམ༌བཤད༌གནང༌མཁན༌གསུམ༌པ༌རྡོར་རྗེ་རིན་ཆེན། བོད་དང་ས་འབྲེལ་མི་རིགས་ཁག་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་་ཐོག༌རིགས་གཅིག་རྐང་འཛིན་ཞིབ་འཇུག༌གནང།
བརྗོད༌གཞི།《བོད་ཀྱི་ས་འབྲེལ་ནུབ་ཧི་མཱ་ལ་ཡའི་སྤྱི་ཏི་བུ་ཆེན་གྱི་གྲི་རྩེད་སྐོར།》
རྡོར་རྗེ་རིན་ཆེན༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།སྤྱི་ཏི་བུ་ཆེན་གྱི་གྲི་རྩེད་འདི་ཐོག་མར་ཚུལ་ཇི་ལྟར་དར་རྒྱས་བྱུང་བ་དང་། གྲི་རྩེད་ཀྱི་སྔོན་འགྲོའི་སྟ་གོན་ལ་རིམ་པ་གང་དག་ཡོད་པ།གྲི་གར་གྱི་ཕྱག་རྒྱ་དང་། ཕྱག་རྒྱའི་མཚན་དོན། གོམ་སྟབས་སྒྱུར་སྟངས། གྲི་རྩེད་ཀྱི་སྦྱོར་བ་དངོས་ཀྱི་སྐབས་རལ་གྲི་རྩེ་རྣོན་ཅན་གཉིས་ཀྱིས་རང་གི་གྲོད་པ་དང་། མགྲིན་པ། ཁ་མིག་སོགས་ལ་ཤུགས་ཀྱིས་སྣུན་པར་བྱེད་པ་དང་། ཡང་རལ་གྲིའི་སོ་ཁ་གྱེན་དུ་བསླངས་པའི་སྟེང་རྐང་རྗེན་དུ་གོམ་བགྲོད་བྱེད་པ་སོགས་ཤིན་ཏུ་ལྟ་བས་མི་བཟོད་བ་སྟེ་འཇིགས་ཡེ་རེར་ངོ་མཚར་བའི་སྣང་ཚུལ། དེ་ལྟར་རལ་གྲི་རྩེ་སྣོན་ཅན་གཉིས་ཀྱིས་ལུས་པོའི་ཆ་ཤས་ཁག་ལ་ཤུགས་ཀྱིས་བསྣུན་ཀྱང་ཁྲག་ཐོགས་ཙམ་ཡང་མི་ཟགས་ཤིང་། གནོད་སྐྱོན་ཕྲ་མོ་ཙམ་ཡང་མི་འབྱུང་བའི་རྒྱུ་མཚན་ཅི་ཞིག་ཡིན་པ། སྤྱིར་བོད་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལྷ་བ་རྣམས་སུ་ལྷ་ཞུགས་པའི་རྣམ་པ་དང་། སྤྱི་ཏི་བུ་ཆེན་གྱི་གྲི་རྩེད་སྐབས་ཀྱི་ལྷ་ཡི་གསལ་སྣང་སྒོམ་པའི་རིམ་པ་དང་ཁྱད་པར་གཉིས་གཏན་ནས་མི་འདྲ་བའི་སྐོར།སྤྱི་ཏི་བུ་ཆེན་གྱི་གྲི་རྩེད་བྱེད་སྒོ་དེ་ཉིད་སྔ་དགོང་དུས་གསུམ་གྱི་སྐབས་གང་འདྲ་ཞིག་ལ་སྤེལ་དགོས་པ༌སོགས༌གསུངས༌སོང།
ཉིན༌བཞི༌པའི༌ཕྱི༌དྲོའི༌ཚོགས༌ཐེངས༌ཐོག༌གཙོ༌སྐྱོང༌བ༌བདེ་ཆེན་དཔལ་མོ།
གཏམ༌བཤད༌གནང༌མཁན༌ཐོག༌མ༌བདེ༌ཁང༌བཀྲ་ཤིས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི༌བོད་ཀྱི་ལོ་རྒྱུས་དང་ལེགས་བྱང་ཐོག་ཁྱད་འཕགས་སློབ་དཔོན་(M.Phil)གྱི་སློབ་མ།《ཚན་རིག་གི་འཇིག་རྟེན་ཁམས།》ཀྱི༌རྩོམ༌པ༌པོ།
བརྗོད༌གཞི།《ས་དུམ་བཞི་དང་ས་སྲུབས་ལྔ་ལས་བོད་ཀྱི་ས་ཁམས་ཇི་ལྟར་ཆགས་ཚུལ་ལ་དཔྱད་པ།》
བདེ༌ཁང༌བཀྲ༌ཤིས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར། དེང༌ཀྱི༌དུས༌ས་ཁམས་རིག་པ་བ་དང་དངོས་རྙིང་རྟོག་ཞིབ་རིག་པ་བ་འགས་དབྱིན་ཡིག་གི་ཐོག་བྲིས་པའི་དཔྱད་རྩོམ་འགར་གཞི་བཅོལ་བྱས་ནས། བོད་ཁམས་ཆགས་ཚུལ་ཐད་དཔྱད༌པ༌གནང། བོད་ཀྱི་ལྷོ་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་ནུབ་ཕྱོགས་སུ་ཀ་ར་གོ་རམ་གྱི་རི་རྒྱུད། བྱང་ཕྱོགས་སུ་དེང་ཡུ་གུར་ཆགས་སའི་ཏཱ་རིམ་གཞོང་སའི་བྱང་ཤར་ཕྱོགས་སུ་ཆགས་པའི་བོད་ཀྱི་ཆེས་བྱང་མཐར་གནས་པའི་ཚྭ་འདམ་གཞོང་སའི་ནུབ་ནས་བྱང་ཤར་བར་དུ་ཆགས་པའི་ཨེལ་ཊེན་ཊཱའི་རི་རྒྱུད་དང་ཁི་ལིན་རི་རྒྱུད་བཅས་སོ། །དེས་ན་ས་དུམ་དེ་དག་དུས་ཇི་ཙམ་ཞིག་ནས་གླིང་པོ་ཆེན་ཅི་ཞིག་ལས་གས་སྲུབས་བྱུང་སྟེ། མཉམ་འདུས་ཇི་ལྟར་བྱས་ཏེ་ས་མཐོ་རི་མཐོ་ཅན་གྱི་ད་ལྟའི་བོད་ཡུལ་གྱི་ས་ཁམས་དེ་ཆགས་ཚུལ་གྱི་ཐད་གསུངས༌སོང།
གཏམ༌བཤད༌གནང༌མཁན༌གཉིས༌པ༌ལྷ་མོ་སྐྱབས།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌་བོད་ཀྱི་ལོ་རྒྱུས་སྟེང་དུ་གཙུག་ལག་རབ་འབྱམས་ M.A སློབ༌མ།
བརྗོད༌གཞི།《བོད་ཀྱི་གཙང་བོའི་སྐོར་མདོ་ཙམ་གླེང་བ།》
ལྷ༌མོ༌སྐྱབས༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།ཁ་འབབ་བཞི་དང་། རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་ལ་སོགས་པའི་གཙང་བོ་དག་གི་ངོ་སྤྲོད་དང་རིང་ཚད། དེ་དག་གང་ནས་འབབ་ཅིང་ཡུལ་ལུང་གང་དུ་རྒྱུ་བ་དང་། མཐར་རྒྱ་མཚོ་གང་དུ་འདྲེས་པའི་སྐོར་གྱི་འགྲེལ་བརྗོད༌གནང༌སོང།
མཐའ༌མའི༌གཏམ༌བཤད༌གནང༌མཁན༌དགེ་བཤེས་ངག་དབང་རྒྱལ་མཚན།རྒྱུད་སྟོད་དུས་དེབ་དང་དྲ་རྒྱ་རྩོམ་སྒྲིག།
བརྗོད༌གཞི།《དབྱར་རྩྭ་དགུན་འབུ་བེད་སྤྱོད་ལོག་པར་བཏང་བའི་མཇུག་འབྲས་གླེང་བ།》
དགེ་བཤེས་ངག་དབང་རྒྱལ་མཚན༌ལགས༌ཀྱི༌གཏམ༌བཤད༌ཁྲོད༌གཙོ༌བོར།དབྱར་རྩྭ་དགུན་འབུ་བརྐོ་བ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ས་བཅུདས་ཉམས་ཤིང་ཁོར་ཡུག་གཏོར་བརླག་དང་འབག་བཙོག་བཟོས་པའི་སྐོར།ལོ་རྒྱུས་རང་བཞིན་ལྡན་པའི་རང་འབྲེག་གི་འཚོ་བའི་གོམས་
གཤིས་བཟང་པོ་མུ་མཐུད་དེ་བདག་བཅེས་བྱེད་རྒྱུའི་འདུན་པ་དང་སྤྲོ་སྣང་ཡོངས་སུ་བརླག་སྟེ་སྲ་བརྟན་ཕུག་འཕེར་གྱི་འཚོ་བར་ཉམས་གུད་ཚད་མེད་བཏང་བའི་སྐོར༌གསུངས༌སོང།
ཚོགས༌འདུ༌འདིའི༌ནང༌༌ཁྱོན༌བསྡོམས༌གཏམ༌བཤད༌གནང༌མཁན༌གྱི༌ན༌གཞོན༌ཉམས༌ཞིབ༌པ༌བཅོ༌བརྒྱད༌གདན༌འདྲེན༌ཞུས༌ཡོད། ཚོགས༌འདུ༌དེ་དྲྭ་ཐོག་bluejeansབརྒྱུད༌བསྐོངས༌ཚོགས༌ཞུས༌པ༌དང༌དུས༌ཚུངས༌ངོ༌དེབ༌ཐོག༌ཐད༌གཏོང༌ཞུས༌ཡོད།ཚོགས༌ཐེངས༌རེར༌ཉམས༌ཞིབ༌པ༌མི༌རེ༌ནས༌སྐར༌མ༌༢༠ནས༌༢༥ཙམ༌གྱི༌གཏམ༌བཤད༌གྲུབ༌རྗེས༌སྐར༌མ༌༢༥ཡི༌དྲི༌བ༌དྲི༌ལན༌གྱི༌ལས༌རིམ༌གོ༌སྒྲིག༌ཞུས༌ཡོད།ཚོགས༌ཞུགས༌ཀྱི༌ཉམས༌ཞིབ༌པ༌དང༌ངོ༌དེབ༌ཐོག༌ཐད༌གཟིགས༌གནང༌མཁན༌ཚོས༌དྲི༌བ༌གང༌མང༌ཕུལ༌བ༌དང༌འབྲེལ༌ཡོད༌ཉམས༌ཞིབ༌པ༌ནས༌ལན༌འདེབས༌གནང༌ཡོད།
ལས་བསྡོམས་ཕྱོགས་སྒྲིག་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཡིན།