བོད་ཀྱི་བྱིས་པའི་འཁྲབ་གཞུང་གི་ངོ་བོ་དང་། དབྱེ་བ།
སྙན་ངག་ལེ་ལོང་ལས་ཟློས་གར་ནི”སྒེག་དང་རོལ་དང་སྟབས་ལ་སོགས། །ལྟ་བའི་དོན་ཡིན་་་”ཞེས་དང་། བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་ཀྱི་རྣམ་བཤད་ལས་”སྒེག་པ་དང་། རོལ་པ་ལ་སོགས་ཉམས་འགྱུར་རྨད་དུ་བྱུང་བའི་རྐང་ལག་གི་གར་སྟབས་དང་གཏམ་བརྗོད་ཟུང་དུ་འབྲེལ་ཞིང་གཏམ་རྒྱུད་ངེས་པ་ཅན་དང་འགྲོགས་ནས། མི་རྣམས་ཀྱི་མིག་གི་བདུད་རྩི་དང་རྣ་བའི་དཔྱིད་དཔལ་དུ་གར་སྟེགས་ཐོག་ངོ་མཚར་གཟིགས་མོའི་འཁྲབ་སྟོན་བྱེད་པ་ལ་ཟེར་བ་ཡིན།”ཞེས་དང་། སྙན་ངག་ལེགས་བཤད་གཏེར་འབུམ་ལས་”སྔོན་བྱུང་གཏམ་བརྒྱུད་དམ། དེ་རབས་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་རྣམས་བརྗོད་བྱར་བྱས་ནས་གླུ་ལེན་པའམ། གར་འཁྲབ་པ་སྟེ་དེང་དུས་ཀྱི་གློག་བརྙན་དང་ཟློས་གར་ལ་སོགས་པ་རྣམས་སོ།།”ཞེས་གསུངས་ཡོད། དེས་ན་ཟློས་གར་འཁྲབ་སྟོན་གྱི་འཆར་འགོད་རྩོམ་རིག་ལ་ཟློས་གར་འཁྲབ་གཞུང་དང་། བྱིས་པའི་སྒེར་རོལ་ཉམས་འགྱུར་གར་གཏམ་རྨད་དུ་བྱུང་བའི་བྱིས་པའི་ལོང་སྤྱོད་འཁྲབ་སྟོན་གྱི་འཆར་འགོད་བརྩམས་ཆོས་ལ་བྱིས་པའི་འཁྲབ་གཞུང་ཟེར་ན་མི་ཆོག་རྒྱུ་མེད།
དེ་ཡང་དཔེར་ན། ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་ཆེད་བོད་དུ་ལྷ་མོ་གསར་བཏོད་གནང་བ་ནས་ད་བར་གྱི་འཁྲབ་གཞི་ནོར་བཟང་སོགས་ཀྱི་རྣམ་ཐར་ཡིན། དེ་དག་བརྗོད་བྱར་བཟུང་ནས། བརྗོད་དོན་གཙོ་ཕལ་དང་། དོར་ལེན་ཐོག འཁྲབ་མི་སོ་སོའི་འཁྲབ་ཁྱེར་དང་། སྟངས་སྟབས། གླུ་ཚིག། མགྲིན་གུག། འཁྲབ་ཆས་ཀྱི་བཟོ་དབྱིབས། རྔ་རོལ་གྱི་དབྱངས་ཚིག་སོགས་འཆར་འགོད་ཞིབ་ཚགས་ཀྱི་ཐོག་ནས་འཁྲབ་སྟོན་ཞུ་བཞིན་ཡོད་པས། འཁྲབ་སྟོན་གང་ཞིག་གི་འཆར་འགོད་རྩོམ་ཡིག་ནི། འཁྲབ་གཞུང་དང་དེའི་གཞི་རྩ་སྐྱེས་བུ་དམ་པའི་རྣམ་མཐར་རམ། ལོ་རྒྱུས། སྒྲུང་གཏམ་སོགས་ནི་འཁྲབ་གཞི་ཡིན།
འཁྲབ་གཞི་གང་ཞིག་འཁྲབ་གཞུང་དུ་ཕབ་ཏེ། འཁྲབ་ཁྲིད་པའི་བཀོད་སྒྲིག་ལྟར་འཁྲབ་སྟོན་པས་མི་སྣའི་གཟུགས་བརྙན་མཚོན་ཆེད་ཆས་གོས་སོགས་གྱོན་ཏེ་སྐད་ཆ་བཤད་སྟངས་དང་ལུས་ཀྱི་རྣམ་འགྱུར་སོགས་གཟིགས་མོ་བས་མངོན་སུམ་དུ་མཐོང་བ་ལྟར་འཁྲབ་སྟོན་བྱེད་ཀྱི་ཡོད་ཀྱང་། ས་ཡུལ་དངོས་ཏེ་རི་ཀླུང་ནགས་ཚལ། རྒྱལ་པོའི་ཕོ་བྲང་སོགས་མཚོན་དོན་ཙམ་ལས། འཁྲབ་ས་གཞི་གཅིག་ཏུ་ཉ་པ་དང་འབྲོག་པ། ཞིང་པ། རྒྱལ་པོ་སོགས་འཁྲབ་ཀྱི་ཡོད་པས། དེའི་རིགས་ཀྱི་འཆར་འགོད་རྩོམ་རིགས་ནི་གར་སྟེགས་འཁྲབ་གཞུང་དང་།
འཁྲབ་གཞི་གང་ཞིག་གི་བརྗོད་དོན་བཞིན་ས་ཡུལ་དངོས་སམ་དེ་མཚུངས་སུ་བསྐྱོད་པའམ་འདྲ་བཟོ་བྱས་ནས་འཁྲབ་སྟོན་པས་བརྙན་པར་འཁྲུལ་ཆས་ཀྱི་མདུན་དུ་འཁྲབ་སྟེ་བརྙན་ལེན་བགྱིས་ནས་སྒྲིག་སྦྱོར་བྱས་པ་རྣམས་བརྙན་འཕྲིན་ནམ་གློག་བརྙན་བརྒྱུད་དེ་གཟིགས་མོ་བས་མངོན་སུམ་དུ་སྣང་བ་ལྟར་དུ་སྟོན་པའི་འཆར་འགོད་རྩོམ་རིགས་ལ་གློག་བརྙན་འཁྲབ་གཞུང་ཞེས་བརྗོད་ཆོག
དེས་ན་བོད་ཀྱི་བྱིས་པའི་འཁྲབ་གཞུང་ལ་ངོ་བོའི་སྒོ་ནས་དབྱེ་ན། བྱིས་པའི་སློབ་ཚན་དང་། གཏམ་རྒྱུད། ལུས་རྩལ། རྩེད་འཇོ། གཏམ་བརྗོད་འཁྲབ་གཞུང་སོགས་དང་། བརྗོད་བྱ་དོན་གྱི་ཆ་ནས་དགའ་སྐྱོ་ཆགས་སྡང་སོགས་དུ་མར་དབྱེ་རུང་མོས། རྣམ་པའི་སྒོ་ནས་དབྱེ་ན། བྱིས་པའི་གར་སྟེགས་འཁྲབ་གཞུང་དང་། བྱིས་པའི་གློག་བརྙན་འཁྲབ་གཞུང་གཉིས་སུ་དབྱེ་ཆོག་པར་སྣང་།[PDF]