བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་བསྐོང་འཚོགས་བྱས། November 25, 2021editor འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གཙོ་སྒྲུབ་བྱས་པའི་འོག་ཕྱི་ལོ་༢༠༢༡ཟླ་༡༡་ཚེས་༢༠ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་“བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ”གཟབ་རྒྱས་ངང་འཚོགས་ཤིང་རྒྱལ་ཁའི་ངང་མཇུག་བསྡུས་ཡོད། ཐེངས་འདིའི་ཚོགས་འདུའི་སྟེང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་རྒན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་། ཝ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། ཝ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་དང་རྒྱལ་རབས་སློབ་དཔོན་སྨན་ཤེར་བློ་གྲོས་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་ལོ་རྒྱུས་སློབ་དཔོན་རྩ་རག་བཀྲ་བཟང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ཡེ་ཤེས་བསམ་གྲུབ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་དྲུང་ཆེ་བ་རི་ཟླ་བ་ཚེ་རིང་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་བཅས་དཀྱུས་གཅིག་ཏུ་གདན་འདྲེན་ཞུས་ཡོད་ཅིང་། དེ་བཞིན་འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཡོངས་དང་། ས་རཱ་མཐོ་སློབ་ཀྱི་དགེ་ལས་ཡོངས། ལོ་རྒྱུས་ལ་དོ་དབྱིངས་དང་ཉམས་ཞིབ་པ་ཁག་ཅིག གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐུ་ཚབ་བཅས་ཚོགས་འདུར་མཉམ་ཞུགས་བྱེད་མཁན་མང་པོ་བསླེབས་ཡོད། དེ་ཡང་ཚེས་༢༠ཉིན་གྱི་སྔ་དྲོ་ཆུ་ཚོད༩:༠༠ཐོག་ཚོགས་འདུ་དངོས་སུ་མགོ་བརྩམས་ཤིང་། འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་དྲུང་ཆེ་བ་རི་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་དབུ་འབྱེད་དང་སྦྲགས་ཕེབས་བསུའི་གཏམ་བཤད་། ཁོང་གིས་གསུང་རྒྱུར། སྤྱིར་ལོ་རྒྱུས་ནི་མི་རིགས་ཤིག་གི་དར་རྒུད་ཀྱི་དྲན་ཐོ་ལྟ་བུ་ཡིན་ཕྱིར། མེས་པོའི་ལོ་རྒྱུས་མི་རིགས་རང་གིས་ཤེས་རྒྱུ་གལ་ཆེ་ཞིང་། ལྷག་པར་དུ་བོད་མི་རིགས་ཀྱི་རྒྱལ་ཁབ་དང་རང་དབང་ཤོར་ཟིན་པ་དང་། རྒྱ་གཞུང་གིས་དུས་ནམ་རྒྱུན་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་སྐབས་འདིར་ང་ཚོས་རང་གི་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གཞུང་སྐད་ཡིག་སོགས་ཤེས་རྟོགས་ཡོང་ཆེད་ལོ་རྒྱུས་ཚོགས་འདུ་འདི་བསྐོང་ཚོགས་བྱས་པ་ཡིན་ལ། ཚོགས་འདུའི་སྟེང་བཙན་བྱོལ་ནང་གི་ལོ་རྒྱུས་མཁས་པ་ཕལ་ཆེ་བ་ཕེབས་ཡོད་ཅེས་དང་། ཆབ་སྲིད་ངོས་ནས་བཤད་ན། བོད་འདི་སྔ་མ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བསྙོན་དུ་མེད་ལ། སྔར་རང་བཙན་ཡིན་པ་གཞིར་བཞག་སྟེ་ད་ལྟ་ང་ཚོ་དབུ་མའི་ལམ་ལ་འགྲོ་དགོས་པ་བྱུང་ཡོད་ཅེས་ཚོགས་འདུ་འདི་བསྡུས་པའི་དགོས་དམིགས་གསུངས་ཏེ། ས་ཐག་རིང་པོ་ནས་སྐུ་ངལ་ལ་མ་འཛེམས་པར་ཚོགས་འདུའི་ཡུལ་དངོས་སུ་ཕེབས་པའི་གདན་ཞུའི་སྐུ་མགྲོན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་། དེ་ནས་འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་སྐུ་ངོ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས་ཚོགས་འདུའི་ལས་རིམ་ངོ་སྤྲོད་ཞུས་པའི་གཏམ་བཤད་སྐབས་གསུང་རྒྱུར། བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་འདི་འཚོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྤྱི་ནོར་༧གོང་སྐྱབས་༧མགོན་ཆེན་པོ་མཆོག་གི་དགོངས་བཞེད་ཆགས་ཡོད་པ་དང་། ༧གོང་ས་མཆོག་གིས་ལོ་ཤས་སྔོན་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་འདུ་ཞིག་འཚོག་ཐུབ་ན་དགེ་མཚན་ཆེ་བའི་སྐོར་བཀའ་སློབ་སྩལ་ཡོད་སྟབས། ད་རེས་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འདི་འཚོགས་པ་ཡིན། དེར་མ་ཟད་དེ་རིང་གི་ཚོགས་འདུ་འདིར་མཚོན་ན། ཡུལ་བཟང་པོ་དང་། དུས་བཟང་པོ། སྐལ་བ་བཟང་པོ་སུམ་འཛོམས་བྱུང་ཡོད་པས་ཚོགས་འདུ་འདི་ལ་དོན་སྙིང་ཆེས་ཆེར་ལྡན་ཞེས་གསུངས་པ་དང་། ཡང་ཁོང་གིས་གསུངས་རྒྱུར། ང་ཚོས་བོད་ཀྱི་མཛད་རྗེས་ཆེ་བའི་ལོ་རྒྱུས་མི་སྣ་དག་ལ་ཆེ་མཐོང་བསྔགས་བརྗོད་ཀྱི་གཟིགས་བཟོས་གསོལ་རས་འབུལ་རྒྱུ་དང་མི་སྣ་དེ་དག་གི་བྱས་རྗེས་བཟང་པོ་མི་རབས་ཕྱི་མར་ངོ་སྤྲོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས། ད་རེས་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོའི་ནང་འདས་པའི་ལོ་རྒྱུས་ནང་གི་གལ་ཆེའི་མི་སྣའི་སྐོར་ལ་དཔྱད་གླེང་བྱེད་པ་དང་། ཚོགས་འདུ་ཐེངས་གཉིས་པའི་ནང་བོད་ཀྱི་ལོ་རྒྱུས་ནང་གི་གལ་གནད་ཆེ་བའི་དུས་ཚིགས་སྐོར་བགྲོ་གླེང་བྱ་འཆར་ཡོད་པ། ཚོགས་འདུ་ཐེངས་གསུམ་པའི་སྐབས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་སྔར་ལས་གཟབ་རྒྱས་ཤིག་འཚོག་འཆར་ཡོད་ཅེས་ཚོགས་འདུའི་ལས་རིམ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་སྦྲགས་མ་འོངས་པའི་བོད་ཀྱི་ལོ་རྒྱུས་བགྲོ་གླེང་སྐོར་མུ་མཐུད་ནས་གོ་སྒྲིག་ཞུ་འཆར་ཡོད་ཚུལ་སོགས་ཀྱི་གསུང་བཤད་གནང་། དེའི་རྗེས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་ཆེད་ཞུའི་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲ་ལམ་བརྒྱུད་ནས། དུས་ཚོད་སྐར་མ་བཅུ་གཉིས་རིང་དམིགས་བསལ་བཀའ་སློབ་ཐུང་ངུ་བཀའ་དྲིན་དུ་བསྐྱངས་པའི་ནང་གསུངས་དོན། “ད་རེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས། བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཆེན་མོ་ཞེས་པའི་དེ་འདྲའི་ཚོགས་འདུ་གལ་ཆེན་པོ་བསྐོང་འཚོགས་གནང་སྟེ། དེའི་ཐོག་ལ་མཁས་དབང་རྣམ་པ་ཚོས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་དང་དཔྱད་རྩོམ་སྤེལ་རེས་ཀྱི་དེ་འདྲའི་ཐོག་ལ་ངོས་ཀྱིས་ཚིག་ཁ་ཤས་བཤད་རོགས་གྱིས་ཞེས་གསུང་གི་འདུག ཡིན་ནའང་ང་རང་ལོ་རྒྱུས་ལ་ཞིབ་འཇུག་བྱས་མྱོང་མཁན་དེ་འདྲ་ཞིག་མ་རེད། དེ་བཞིན་དུ་ལོ་རྒྱུས་ཞིབ་འཇུག་གི་ཉམས་མྱོང་དང་དེ་འདྲའི་ཤེས་བྱ་ཡོན་ཏན་སོགས་གང་ཡང་མེད་མཁན་ཞིག་རེད། དེ་བས་འདི་འདྲའི་ཚོགས་འདུ་གལ་ཆེན་པོ་ཞིག་གི་ཐོག་གཏམ་བཤད་བྱེད་རྒྱུ་དེ་ཧ་ཅང་ངོ་ཚ་དགོས་པའི་གནས་སྟངས་འདྲ་པོ་ཞིག་རེད་འདུག་ཀྱང་། གོ་སྒྲིག་ཞུ་མཁན་ཚོས་ང་ལ་ཡིན་གཅིག་མིན་གཅིག་ཅིག་བཤད་རོགས་ཞེས་གསུངས་ཡོད་པས། ཚིག་ཁ་ཤས་ཤིག་བཤད་ཤེས་མི་ཤེས་ལྟ་གི་ཡིན། དེའི་ནང་ནས་དོན་ཚན་དང་པོའི་ནང་ཞུ་བསམ་པ་ནི། ང་ཚོ་བོད་མི་རིགས་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡིག་ཆ་དང་། དེ་བཞིན་རྩོམ་རིག་གི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཞིག་རེད། དེ་ཡིན་པས་ན་ང་རང་ཚོའི་ཁྱི་མཚེས་རྒྱལ་ཁབ་ཡིན་ན་འདྲ། མི་རིགས་གཞན་ཡིན་ནའང་འདྲ། འདི་འདྲའི་ཡིག་ཆ་སྣ་འཛོམས་པ་དེ་མི་རིགས་ཁ་ཤས་ལ་མ་གཏོགས། མི་རིགས་ཚང་མར་ང་ཚོད་བོད་ནང་བཞིན་ཤེས་རིག་གི་བང་མཛོད་དེ་འདྲའི་རྒྱ་ཆེན་པོ་མེད་པ་རེད། དེ་བས་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས། སོ་སོའི་ལོ་རྒྱུས་དང་སོ་སོའི་རྩོམ་རིག་དེ་ལ་སྤོབས་པ་སྐྱེས་ཆོག་པ་ཞིག་དང་གཞན་ལ་ངོམ་ཆོག་པ་དེ་འདྲའི་རིན་ཐང་རྩ་ཆེན་པོ་ཡོད་པ་ཞིག་རེད། དེས་ན་དང་པོ་སོ་སོའི་ངོས་ནས་རིན་ཐང་བྲལ་བ་ཞིག་ཡིན་པ་དང་རིན་ཐང་བྲལ་བ་ཞིག་ཡིན་པ་དེ་ངོ་འཕྲོད་དགོས་པ་ཞིག་དང་རྩ་ཆེ་བ་ཞིག་ཡིན་པ་ཧ་གོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ཧ་གོ་བའི་ཐོག་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་པའི་བང་མཛོད་དང་ཡང་ན་ཤེས་བྱའི་བང་མཛོད་རྩ་ཆེན་པོ་དེ་ག་འདྲ་བྱས་ནས་མི་ཉམས་རྒྱུད་འཛིན་བྱེད་དགོས་པ་དང་། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་ག་འདྲ་གཏོང་དགོས་པ་དེ་འདྲའི་ཐོག་ལ་གོམ་པ་གཉིས་པ་འདྲ་པོ་ཞིག་སྤོ་ཐུབ་རྒྱུ་རེད། དེ་མིན་སོ་སོའི་ངོས་ནས་རྩ་ཆེན་པོ་ཞིག་ཡིན་པ་དང་རིན་ཐང་ཆེ་བ་ཞིག་ཡིན་པ་དེ་ཧ་གོ་མ་ན། ཕལ་ཆེར་གོ་མེད་ཚོར་མེད་ཀྱི་ཉེན་ཁ་འདྲ་པོ་ཞིག་ཡོང་གི་རེད། དེ་ནས་དོན་ཚན་གཉིས་པ་ནི། ང་རང་ཚོའི་རྩོམ་རིག་ཡིན་ན་འདྲ། ལོ་རྒྱུ་ཡིན་ན་འདྲ། དེ་ལ་སྤྱིར་བཏང་མཁས་པ་སྔ་མ་ཚོས་ཞིབ་འཇུག་དང་དཔྱད་པ་མང་པོ་ཞིག་གནང་ཡོད་པ་རེད། དེ་དག་ང་རང་ཚོ་ལ་མཚོན་ན་ཧ་ཅང་རིན་ཐང་ཆེ་བའི་ནོར་བུ་ལྟ་བུ་ཆགས་ཡོད། དེ་རྨང་གཞིར་བཞག་སྟེ་དེ་འདྲའི་འགྲོ་སྟངས་ཀྱི་ཐོག་ནས་ཞིབ་འཇུག་ག་འདྲ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཉམས་ཞིབ་ག་འདྲ་བྱེད་དགོས་པ་དེ་ལ་ང་ཚོས་སྦྱོང་བརྡར་དང་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པ་ཆགས་ཡོད་བསམ་གྱི་འདུག རྒྱུ་མཚན་ག་རེ་ཟེར་ན། ད་ང་རང་ཚོའི་མཁས་པ་སྔ་མ་ཚོའི་བླ་མའི་རྣམ་ཐར་ཡིན་ན་འདྲ། དེ་ག་ནང་བཞིན་ལུང་པ་སོའི་དཀོན་པའི་ལོ་རྒྱུས་ཡིན་ན་འདྲ། དེ་དག་ཚང་མར་ཅུང་ཟད་ཕྱོགས་འཐེན་གྱི་རྣམ་པ་ཐོན་པ་ཞིག་ཆགས་འདུག་སྟེ་སོ་སོའི་ལུང་པ་དེ་གལ་ཆེ་ཚུལ་གྱི་དེ་འདྲའི་རྣམ་པ་ཤུགས་ཆེན་པོ་ཡོང་གི་ཡོད། དེ་བས་ང་ཚོའི་ཁྱོན་ཡོངས་ནས་སྐབས་དེའི་བོད་པའི་གནས་སྟངས་དང་། དེ་བཞིན་ཆོས་སྲིད་ཀྱི་གནས་སྟངས་གང་ཅིའི་ཆ་ནས་ཀྱང་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ཞིབ་ཅིག་བྱེད་དགོས་ན། ཆོས་བརྒྱུད་རང་ག་བ་དང་བླ་མ་དང་དཔོན་པོ་རང་ག་བའི་རྣམ་ཐར་གཅིག་པུ་ལ་བལྟས་ན་ང་ཚོས་རྟོགས་ཐུབ་པ་ཞིག་ཡོད་མ་རེད་བསམ་གྱི་འདུག དེ་བས་སྐབས་དེ་དུས་ཀྱི་ཆོས་བརྒྱུད་འདྲ་མིན་དང་། དེ་བཞིན་ལུང་པ་འདྲ་མིན། གང་ལྟར་མི་སྣ་འདྲ་མིན་སོགས་མང་པོ་ཞིག་གི་ལོ་རྒྱུས་དང་རྣམ་ཐར་ལ་བལྟས་ན། དེ་ནས་གཞི་ནས་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་བརྙན་ཟེར་ན་འདྲ། སྐབས་དེའི་ལོ་རྒྱུས་ཀྱི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་པ་རྟོགས་ཐུབ་འོང་གི་རེད། དེ་འདྲའི་དཔྱད་པ་བྱས་ཏེ་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་ཞིབ་བྱེད་པ་དང་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ན་ང་རང་ཚོར་ཞན་ཆ་འདྲ་པོ་ཞིག་ཡོང་གི་ཡོད། དེ་འདྲའི་ཐོག་ལ་རྣམ་པ་ཚོས་ཉབས་ཞིབ་བྱས་གནང་ཡང་གནང་གི་ཡོད་ལ་མ་འོངས་པར་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད། དོན་ཚན་གསུམ་པ་ནི། ང་རང་ཚོའི་བོད་པའི་ནང་ལ་ནམ་རྒྱུན་ཡིན་ནའང་མང་པོ་ཞིག་ཡིན་ཤག་ཤག་བྱས་ནས་བཤད་ཀྱི་ཡོད། ད་དངོས་གནས་དྲང་གནས་ཀྱི་ལོ་རྒྱུས་རིག་པའི་ངོས་ནས་བཤད་ན། ཁུངས་བཙལ་བ་དང་དཔང་རྟགས་སྟོན་རྒྱུ་དེ་འདྲ་བཤད་དགོས་བྱུང་ན། བཤད་རྒྱུ་ཞེ་དྲགས་ཁག་པོ་བྱུང་ཡོད་པ་དེ་འདྲ་ཞིག་རེད། དེ་འདྲའི་གནས་ཚུལ་ཡང་མང་པོ་ཞིག་ཆགས་ཡོད། དེ་འདྲ་ཆགས་པའི་རྒྱུ་མཚན་ནི། ང་ཚོས་དེ་ལ་དམིགས་བསལ་གྱིས་ཞིབ་འཇུག་མ་བྱས་པར་ནམ་རྒྱུན་སྲོལ་རྒྱུན་གྱི་བཤད་སྟངས་དེའི་རྗེས་སུ་འབྲངས་ནས་བཤད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཀྱི་ཡོད། གལ་སྲིད་ང་ཚོས་ཞིབ་འཇུག་ཅུང་ཟད་བྱས་ཚེ། ང་ཚོའི་མེས་པོ་ཚོས་གསུངས་པ་དེ་ཡང་རྫུན་མ་འདྲ་པོ་ཡིན་པ་དང་ཡང་ན་སྒྲུང་ལྟ་བུ་མ་ཡིན་པར་དངོས་ཡོད་ཀྱི་རྒྱབ་རྟེན་དང་ཡང་ན་བསམ་བློ་གཏོང་སའི་གཞི་འདྲ་པོ་ཞིག་དང་། ཡང་ན་རྒྱབ་ལྗོངས་ཀྱི་གནས་སྟངས་ཡོད་པ་ཞིག་ང་ཚོས་བཤད་ཐུབ་འོང་གི་རེད། དེ་ངས་དམིགས་བསལ་གྱི་ཚད་གཞི་འདྲ་པོ་འཇོག་གི་མེད། དེ་རྣམ་པ་ཚོས་མཁྱེན་གསལ་ལྟར་རེད། གནས་ཚུལ་དེ་འདྲ་གཅིག་ཙམ་ཡིན་པར་ནམ་རྒྱུན་མང་པོ་ཡོང་གི་འདུག ནམ་རྒྱུན་ཡིན་ན་ཡིན་ཤག་ཤག་བྱས་ནས་བཤད་ཀྱི་འདུག ཡིན་ནའང་ལོ་རྒྱུས་རིག་པའི་འགྲོ་སྟངས་ཐོག་ནས་དཔང་རྟགས་ཁུངས་བཙུན་དང་ཡང་ན་རྒྱུ་མཚན་གསལ་པོ་ཞིག་བཤད་དགོས་ན་བཤད་རྒྱུ་མེད་པ་དེ་འདྲ་ཆགས་ཡོང་གི་འདུག་པས། ང་ཚོས་ཞིབ་འཇུག་གསལ་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་མ་གཏོགས་དེང་སང་བོད་པའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཕྱི་རྒྱལ་གྱི་མཁས་པ་དེ་འདྲ་ཡང་མང་པོ་ཡོང་གི་ཡོད། ཡང་དེ་ཚོས་འགྲེལ་བཤད་རྒྱག་སྐབས་མཚམས་མཚམས་སུ་ང་ཚོ་བོད་པའི་རིག་གཞུང་གི་འགྲོ་སྟངས་དང་བསམ་བློའི་འདུ་ཤེས། འཚོ་བའི་ཐད་ལ་སྟབས་མ་བདེ་བའམ་ཡང་ན་བརྩི་བཀུར་མེད་པའི་རྣམ་པ་ཐོན་པ་དེ་འདྲ་ཡང་མང་པོ་ཡོང་གི་འདུག དེ་ཡང་ང་ཚོ་བོད་མི་རིགས་ལ་མཚོན་ན་ལམ་སེང་དང་ལེན་བྱེད་ཁག་པོ་དེ་འདྲ་ཆགས་ཡོད། དེ་བས་དེ་ཏན་ཏན་འགྲེལ་བཤད་ཡག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་འགྲེལ་བཤད་རྒྱག་སྐབས་བོད་མི་རིགས་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་འཚོ་བ་ལ་བརྩི་བཀུར་ཡོད་པ། མཐོང་ཆེན་ཡང་ཡོད་པའི་ཐོག་ནས་མ་འོངས་པར་དེ་དག་རྩ་ཆེན་པོར་བརྩིས་ནས་ཀུན་སློང་བཟང་པོའི་ཐོག་ནས་འགྲོ་དགོས་པ་གལ་ཆེན་པོ་རེད། དེ་མིན་སོ་སོ་སྐད་གྲགས་ཆགས་པ་དེ་འདྲའི་ཆེད་མ་ཡིན་པ་བྱ་དགོས། གང་ལྟར་མི་རིགས་འདིའི་འཕྲལ་ཕུག་རྒྱང་གསུམ་ལ་བརྩེ་སེམས་ཡོད་པ་ཞིག་དང་སེམས་ཁུར་ཡོད་པ་དེ་འདྲའི་ཐོག་ཕྱག་ལས་གནང་དགོས་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་བསམ་གྱི་འདུག། དེ་ནི་ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་མང་པོ་བྱེད་ཐུབ་པ་དང་བརྩེ་བ་དང་ཡིས་ཆེད་ཡོད་པ་ཞིག་དགོས། དེ་བས་ང་རང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་དེ་འདྲའི་ཞིབ་འཇུག་མང་པོ་བྱས་ན་ཡག་པོ་ཡོང་ས་རེད། ད་མདོར་ན་དེ་རིང་ངས་ལམ་སེང་གྲ་འགྲིག་པོ་ཞིག་དང་ཡག་པོ་ཞིག་ཞུ་ཤེས་ཀྱི་མི་འདུག། ཡིན་ནའང་གཙོ་བོ་ད་རེས་བགྲོ་གླེང་འདིའི་ཐོག་ལ་ཕེབས་པའི་མཁས་དབང་རྣམ་པ་ཚོས་དཔྱད་རྩོམ་སྤེལ་གནང་བ་དང་དེའི་ཐོག་ལ་བགྲོ་གླེང་གནང་བ་ཧ་ཅང་གལ་ཆེན་པོ་རེད། དེ་བས་ཚང་མས་གོ་སྐབས་འདི་ཆུད་ཟོས་སུ་མ་བཏང་བར་ཚང་མས་བགྲོ་གླེང་ལྷུག་པོ་གནང་ཐུབ་པ་ཞིག་དང་ཉམས་ཞིབ་གནང་ཐུབ་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག། མཐའ་མ་དེར་ད་རེས་ཀྱི་ལོ་རྒྱུས་བགྲོ་གླེང་འདི་ཐོག་མཐའ་བར་ཀུན་ཏུ་དགེ་བའི་ངང་ནས་ལེགས་པར་འགྲུབ་པ་དང་དེ་བཞིན་དུ་མ་འོངས་པར་འདི་དང་འདི་ལྟ་བུའི་བོད་པའི་ཐོག་ལ་བགྲོ་གླེང་བྱེད་པ་དང་འདུ་འཛོམས་མང་དུ་འབྱུང་བ། བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ངོམ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། མཐའ་དོན་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་གཟིགས་པ་ཆེན་པོའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། ང་རང་ཚོ་བོད་མི་གཞིས་བྱེས་གཉིས་ཀྱི་ཡིད་ལ་བརྣགས་པའི་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུས་པ་ཡིན། ཐུགས་ཆེ་གནང་།”ཞེས་གསུངས། རྒྱལ་དབང་ཀརྨ་པ་མཆོག་ནས་གསུང་བཤད་གནང་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ནས་ཤེས་ལྡན་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྐུ་ཚེ་ཧྲིལ་པོའི་ནང་བོད་ཀྱི་རིག་གཞུང་ཉམས་ཞིབ་དང་དར་སྤེལ་ཐད་ལ་བཞག་པའི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཁས་དབང་ཁོང་ལ་ཆེ་མཐོང་ངོས་འཛིན་ཞུས་པའི་ཐང་ཀ་ཡི་གེ་ཕུལ་བ་དེ་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས་ཚོགས་འདུར་གསན་གཟིགས་གནང་མཁན་གྱི་སྙན་ལམ་དུ་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་བ་རི་ཟླ་བ་ཚེ་རིང་ལགས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་རྣམ་གཉིས་ནས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ལ་ཆེ་བསྟོད་གཟེངས་རྟགས་ཀྱི་ཐང་ཀ་འབུལ་གནང་ཞུས་པ་དང་སྦྲགས་བཀྲ་ཤིས་ཁ་བཏགས་ཕུལ། ཆབས་ཅིག་ཏུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་དང་འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་སྐུ་ངོ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་རྣམ་གཉིས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཐུན་མོང་གིས་གནང་བའི་བསྟོད་ཚིག་ཕྱག་འཁྱེར་དེ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ལ་ཕུལ་ཏེ་མཉམ་པར་ཞིག་བསྒྲོན་རྗེས། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་རིག་པའི་གལ་གནད་སྐོར་ནས་གསུང་བཤད་ཧ་ཅང་རིན་ཐང་ཆེ་བ་ཞིག་བཀའ་དྲིན་དུ་སྩལ་ཡང་། འོན་ཀྱང་མཁས་དབང་ཁོང་གི་དགོངས་དོན་བཞིན་འདིར་གསུང་བཤད་གནང་བའི་ནང་དོན་རྣམས་ཡིག་ཐོག་ཁྲོམ་བསྒྲགས་བྱས་མེད། དེ་ནས་ཚོགས་འདུའི་ལས་རིམ་གྱི་གསོལ་ཇའི་བར་གསེང་རྗེས་ནས། བགྲོ་གླེང་གི་དངོས་གཞི་ལས་ཚོགས་དུས་དང་པོ་དངོས་སུ་དབུ་འཛུགས་གནང་ཞིང་། ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་ཚོགས་དུས་དང་པོའི་གཙོ་སྐྱོང་མཛད། ཐོག་མར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས། “༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་མཁྱེན་བྱུས་དང་གཟིགས་རྒྱང་ལ་སྐུ་ཞབས་ཅཱར་ལེ་སི་སྦེལ་( Sir Charles Bell ) ལགས་ཀྱིས་ཐུགས་ཞིབ་ཇི་གནང་ལ་ཕྱིར་མིག་ལྟ་བ”ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། ༧གོང་ས་བཅུ་གསུམ་པ་ཆེན་པོས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་སྐབས་ཀྱི་བོད་ཕྱི་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། སྲིད་ཟུར་དེ་མོ་བསྟན་རྒྱས་གླིང་བླ་བྲང་གིས་མཐུ་གཏད་ནང་གཡོའི་གནད་དོན། ད་དུང་ཨམ་བན་གྱི་ཁྲིམས་སར་བསྐྱར་ཞིབ་བྱེད་རྒྱུ་ཡིན་ཚུལ་རྐུན་རྒྱབ་རྫུན་ལངས་བྱེད་རྩིས་བྱས་པ་སོགས་ནང་བཀྲ་མ་ཤིས་པའི་རྩོད་རྙོགས་སྐོར། སྔར་མ་བྱུང་བའི་མྱོང་བའི་ཕྱིའི་དགྲ་ཚོགས་ཇི་ལྟར་ཡོད་སྐོར། རྒྱ་ནག་གི་ཐེ་བྱུས་དང་དེར་ཡ་ལན། ཆུ་གླང་གི་(༡༩༡༣)རྩ་ཚིག་སྐོར། གཞན་རང་ས་རང་སྐྱོང་དང་རང་སྡེ་རང་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེ་གནང་སྐོར། ཨུ་རུ་སུས་རྒྱབ་སྐྱོར་རོགས་རམ་ཐོབ་པའི་རེ་ཐག་ཆད་པ་སོགས། མདོར་ན་༧གོང་ས་བཅུ་གསུམ་པ་ཆེན་པོས་བོད་བསྟན་སྲིད་བྱ་བར་མཛད་རྗེས་རླབས་ཆེན་བཞག་པའི་སྐོར་ནས་སྐུ་ཞབས་ཅཱར་ལེ་སི་སྦེལ་ནི་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་དགོངས་པ་ལ་ཆེས་རྒྱུས་མངའ་ཆེ་བ་དེ་ཡིན་སྐོར་སོགས་གཏམ་བཤད་རྒྱས་པ་གནང་བའི་བཀའ་དྲིན་བསྐྱངས། དེའི་འཕྲོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྩ་རག་བཀྲ་བཟང་ལགས་ཀྱིས། “ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མི་གཤིས་དང་ཆབ་སྲིད་ཀྱི་བསམ་བློ”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། ཕག་གྲུ་སྡེ་སྲིད་ཁྲི་ཐོག་དང་པོ་འདི་ཉིད་ཀྱི་ཁྲི་དཔོན་མཛད་ཚུལ་དང་། ཧོར་རྒྱལ་པོའི་དྲུང་དུ་མི་རྟེན་འབུལ་ཚུལ། སྣེ་གདོང་རྩེར་ཕག་གྲུ་སྡེ་སྲིད་ཀྱི་བསྟན་བྱུས་བཙུགས་ཚུལ། སྔར་བོད་ཆོས་རྒྱལ་གོང་མའི་ཁྲིམས་ལུགས་རྣམས་བདེན་རྫུན་ཕྱེས་ནས་ཁྲིམས་གསར་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ་ཚུལ་སོགས་བོད་རབ་བྱུང་ལྔ་པའི་ནང་འཁྲུངས་པའི་རླབས་ཆེན་མི་སྣ་དེའི་མི་གཤིས་དང་ཆབ་སྲིད་ཀྱི་བསམ་བློའི་སྐོར་ནས་དཔྱད་ཞིབ་གནད་དུ་ཁེལ་བའི་བགྲོ་གླེང་གནང་། དེ་ནས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། “ས་སྐྱའི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་རབས་བརྒྱད་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ངོ་སྤྲོད་”ཅེས་པའི་བརྗོད་གཞིའི་ཐོག་སྔར་མཁས་ཆེན་དག་གིས་བླ་མ་དམ་པའི་རྣམ་ཐར་ཁག་མང་པོ་བརྩམས་ཡོད་པས། བླ་མ་དམ་པར་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་ཡོད་སྐོར་དང་འབྲེལ་ནས་བླ་མ་དམ་པའི་མཛད་རྗེས་ཁག་ངོ་སྤྲོད་གནང་སོང་། དེ་རྗེས་དྲི་བ་དྲི་ལན་གྱི་ལས་རིམ་སྐབས་སུ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་གིས་གཏམ་བཤད་གནང་མཁན་དག་གི་བརྗོད་གཞི་དང་འབྲེལ་བའི་དོགས་སློང་ཁག་ཅིག་སེལ་བའི་བཀའ་དྲིན་བསྐྱངས། སྔ་དྲོའི་བགྲོ་གླེང་ཚོགས་དུས་གཉིས་པའི་ཐོག་དགེ་བཤེས་བེ་རི་འཇིགས་མེད་ལགས་ཀྱིས་གཙོ་སྐྱོང་མཛད་པའི་འོག་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས། “བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གསང་རྒྱ་ཆེ་བའི་ཐང་རྒྱལ་རབས་ཀྱི་སྲས་མོ་ཞིག་གི་སྐོར’’ཞེས་པའི་བརྗོད་གཞིའི་ཐོག་དུས་རབས་བདུན་པ་དང་དུས་རབས་བརྒྱད་པའི་ནང་སྔ་རྗེས་སུ་བོད་བཙན་པོའི་ཁབ་ཏུ་བཞེས་པའི་བཙུན་མོ་ཕྱི་མ་ཅིམ་ཤིང་ཀོང་ཇོའི་ཆེ་བ་བརྗོད་དེ། དུས་རབས་དེའི་ནང་བོད་ཐང་དབོན་ཞང་གི་བར་མཇལ་འདུམ་གྱི་གཙིགས་ཐེངས་དུ་མར་བཅས་པའི་ཁྲོད་ལས། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་སྟེ་ཕྱི་ལོ་733ལོར་བོད་དང་ཐང་གི་སོ་མཚམས་ཐོག་མར་བཅད་ནས་ཁྲི་ལན་(赤岭)ཞེས་པའི་དེང་གི་ཨ་མདོའི་རི་བོ་ཉི་ཟླའི་ཡུལ་དུ་བཀའ་གཙིགས་ཀྱི་འདུམ་ཡིག་བྲིས་ཏེ་རྡོ་རིང་བརྩེངས་ཚུལ་སོགས་བོད་ཐང་བར་གྱི་ཆབ་སྲིད་རིག་གསུམ་གྱི་འབྲེལ་བའི་སྐོར་ཞིབ་པར་གསུངས། དེའི་རྗེས་ནས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། “དབུས་བཟའ་མཁའ་འགྲོ་བདེ་སྐྱོང་དབང་མོའི་སྐོར”ཞེས་པའི་བརྗོད་གཞིའི་ཐོག་དབུས་བཟའ་མཁའ་འགྲོ་བདེ་སྐྱོང་དབང་མོ་ནི་སྔགས་འཆང་འཛིན་པའི་མཁའ་འགྲོ་མའི་ལོ་རྒྱུས་སྟེང་རང་རྣམ་འབྲི་མཁན་ཧ་ལམ་ཐོག་མ་དེ་ཆགས་ཡོད་ཅིང་། ཆོས་གཞུང་ལ་གསན་རྒྱ་ཆེ་བ་དང་། རྩོམ་རིག་གི་ཕྱོགས་ནས་ཀྱང་རྩོམ་ལུས་མི་འདྲ་བ་རྩོམ་མཁས་པར་མ་ཟད། བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་བུད་མེད་ལ་ཞིབ་འཇུག་བྱེད་ན་མེད་དུ་མི་རུང་བ་ཞིག་ཆགས་འདུག་པ་དང་། བོད་ཀྱི་རྩོམ་རིག་གི་རྩོམ་ལུས་ལ་ཉམས་ཞིབ་བྱེད་ནའང་དབུས་བཟའ་མཁའ་འགྲོ་མའི་རྩོམ་ལུས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བ། གཞན་ཡང་སྔ་འགྱུར་རྫོགས་པ་ཆེན་པོའི་རྒྱུད་འཛིན་དུ་གྲགས་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་དབུས་རོགས་ཡིན་པ་དང་། མཁའ་འགྲོ་མ་ཁོང་ལ་སློབ་མ་གྲགས་ཆེ་བ་ཨ་འཇོམས་འབྲུག་པ་སོགས་མཆིས་ཚུལ་སྐོར་ནས་ངོ་སྤྲོད་རྒྱས་པའི་གཏམ་བཤད་གནང་། མཇུག་ཏུ་དྲི་བ་དྲི་ལན་ལས་རིམ་གྲུབ་རྗེས་སྔ་དྲོའི་ཚོགས་འདུའི་ལས་རིམ་མཇུག་རྫོགས་ནས་ཉིན་གུང་གསོལ་ཚིགས་བཞེས། ཕྱི་དྲོའི་ཚོགས་དུས་གསུམ་པའི་ཐོག་ལོ་རྒྱུས་སློབ་དཔོན་སྨན་ཤེར་བློ་གྲོས་ལགས་ནས་ཚོགས་འདུའི་གཙོ་སྐྱོང་མཛད་པའི་འོག། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་དགེ་རྒན་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་ལགས་ཀྱིས། “ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲེལ་བའི་ལོ་རྒྱུས་རགས་ཙམ་གླེང་བ་ཞེས་པའི་སྐོར”ཞེས་པའི་བརྗོད་གཞིའི་ཐོག་ཀརྨ་པ་གང་གིས་ཁམས་རི་བོར་ཆེར་ཀརྨ་པའི་གདན་ས་ཕྱག་བཏབ་མཛད་པ་དང་། དབེན་གནས་མང་པོར་སྒྲུབ་པ་མཛད་ཚུལ། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལམ་ལུགས་ཀྱང་སྐུ་ཕྲེང་དང་པོ་འདི་པའི་རྗེས་སུ་ནས་བྱུང་བའི་ན་རིམ་ནས་བྱུང་ཚུལ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ཡེ་ཤེས་བསམ་གྲུབ་ལགས་ཀྱིས། “ལོ་ཆེན་ནམ་མཁའ་བཟང་པོ་དང་ཁོང་གི་མཛད་རྗེས་སྐོར་གླེང་བ”ཅེས་པའི་བརྗོད་གཞིའི་ཐོག་ལོ་ཆེན་ནམ་བཟང་དང་སྟག་ལུང་པ་ནམ་མཁའ་བཟང་པོ་གཉིས་མི་སྣ་གཅིག་ཡིན་མིན་སྐོར་ནས་《ལྷོ་རོང་ཆོས་འབྱུང་》དང་། 《ཆོས་རྗེ་བྱང་ཆུབ་རྩེ་མོའི་རྣམ་ཐར་སྣང་བ་སྤེལ་བ》 《རྣམ་ཐར་དད་པའི་འཇུག་ངོགས》སོགས་བསྡུར་ནས་དཔྱད་པ་བཏང་སྟེ་ལོ་ཆེན་ནམ་བཟང་ངོས་འཛིན་གསལ་པོ་གནང་བ་དང་། ལོ་ཆེན་ནམ་མཁའ་བཟང་པོས་མཛད་པའི་གསུང་རྩོམ་གྱི་ཁ་བྱང་ཕྱོགས་བཏུས་བྱས་ནས་ངོ་སྤྲོད་གནང་། འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས། “ལྷ་བླ་མ་ཡེ་ཤེས་ཁུ་དབོན་རྣམ་གཉིས་ཀྱི་ཆོས་སྲིད་མཛད་རྗེས་སྐོར”ཞེས་པའི་བརྗོད་གཞིའི་ཐོག་མངའ་རིས་གུ་གེའི་རྒྱལ་པོའི་སྲས་འདི་ཉིད་ཀྱིས་ཁྱེའུ་བློ་བ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་ལ་ཆོས་སློབ་ཏུ་བཅུག་པ་དང་། ད་དུང་རྒྱ་གར་ནས་པཎྜི་ཏ་ཁ་ཤས་སྤྱན་དྲངས་ཏེ་བོད་དུ་བཞུགས་པའི་མདོ་རྒྱུད་གསུང་འགྲེལ་ཁག་ལ་དག་ཐེར་དང་། གསར་སྒྱུར། འཆད་ཉན་སོགས་ཀྱི་མཛད་རྗེས་བསྐྱངས་ཚུལ། ལྷག་པར་སྐུ་ཚེའི་སྨད་ལ་ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་གདན་འདྲེན་ཆེད་སྐུ་ངལ་མང་པོ་བསྐྱོན་ཚུལ་སོགས་ཁུ་དབོན་རྣམ་གཉིས་ཀྱིས་ཆོས་སྲིད་ཐད་ལ་བཞག་པའི་མཛད་རྗེས་ཁག་ངོ་སྤྲོད་གནང་རྗེས། ཚོགས་དུས་གསུམ་པའི་དྲི་བ་དྲི་ལན་གྱི་ལས་རིམ་སྐབས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ནས་གོང་གསལ་འབྲེལ་ཡོད་བརྗོད་གཞིའི་ཐད་དྲི་ལན་མང་པོ་གནང་། ཕྱི་དྲོའི་ཚོགས་དུས་བཞི་པའི་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་ཚོགས་འདུའི་གཙོ་སྐྱོང་མཛད། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་བགྲེས་པ་ཨ་ལགས་རྗེ་སྤྲུལ་ལགས་ཀྱིས། 《སིངྒའི་གླིང་དུ་མཚན་སྙན་ཆེ་བའི་བོད་པ་སྤེན་པ་དོན་གྲུབ》ཅེས་པའི་བརྗོད་གཞིའི་ཐོག་མི་སྣ་དེ་ཡིས་སིངྒ་ལའི་ཡུལ་དུ་རིག་གཞུང་སླར་གསོའི་མཛད་རྗེས་དང་སིངྒ་ལ་རང་བཙན་བྱེད་པའི་སྣེ་ཁྲིད་ཀྱི་མཛད་རྗེས་བཞག་པ། གཞན་པ་ལི་དང་སིང་ག་ལའི་ནང་བཞུགས་པའི་རྒྱལ་བའི་གསུང་རབ་གང་མངག་ཞིག་ལང་ཀའི་སྐད་དུ་བསྒྱུར་བ་དང་། ད་དུང་སིངྒ་ལའི་མི་དམངས་ལ་ནང་ཆོས་བཀའ་ཁྲིད་གནང་བ། ༡༩༢༡ལོར་སིངྒ་ལའི་དཔེ་དེབ་དང་པོ་བསླབ་བྱ་མུ་ཏིག་ཕྲེང་བ་དང་པོ་དེ་བརྩམས་གནང་མཛད་པ་དང་། སྔ་ཕྱིར་ལོ་སོ་བདུན་རིང་བརྩམས་ཆོས་ཞེ་གཉིས་བརྩམས་པ། ཁོང་སྐུ་འདས་རྗེས་སིང་ག་ལའི་གཞུང་དམངས་གཉིས་ནས་རྗེས་དྲན་དང་རྡོ་རིང་སོགས་བཞེངས་པ། སིངྒ་ལའི་རང་བཙན་གྱི་འགྲེམ་སྟོན་ཁང་དུ་བྱས་རྗེས་ཅན་མི་རེ་བཞི་ཡོད་པའི་ནང་དུའང་མི་སྣ་ཁོང་གི་སྐུ་འདྲ་བཞུགས་པ། ཁོང་གི་གནས་ཚུལ་སྐོར་ཤེས་རྟོགས་ཡོང་ཆེད། སིང་ག་ལའི་འཛིན་རིམ་ལྔ་པའི་སློབ་དེབ་ཏུ་ཁོང་གི་ལོ་རྒྱུས་སྐོར་འཁོད་ཡོད་སྐོར་སོགས་གཏམ་བཤད་གནང་། ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། “རྩིས་དཔོན་ལུང་ཤར་གྱི་བསམ་བློ་ཕྱིར་རྟོགས་”ཞེས་པའི་བརྗོད་གཞིའི་ཐོག་ལུང་ཤར་ནི་ཐོག་དང་པོར་ཕྱི་རྒྱལ་དུ་ནུབ་ཕྱོགས་རིག་གནས་ལ་སློབ་གཉེར་དུ་བསྐྱོད་མཁན་ཆགས་ཡོད་པས། བོད་ཀྱི་ཕྱི་འགྲིམས་སློབ་མ་སྔ་གྲས་ཡིན་པའི་ཆ་ནས་ཁོང་གི་བསམ་བློའི་བཅོས་སྒྱུར་ཐད་ནས་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་པ་དང་། གཞན་《སེར་མོ་བའི་རྒྱལ་ཁམས་འཇིག་པ》ཞེས་པའི་ནང་ཁོང་ལ་བོད་དང་རྒྱ་གང་གི་བསམ་ཕྱོགས་ཀྱང་མ་ཡིན་པའི་ལྟ་ཚུལ་བརྗོད་ཡོད་སྐོར་གྱི་གཏམ་བཤད་གནང་། སློབ་དཔོན་གཉན་ཐར་ལགས་ཀྱིས། 《བྲག་དཀར་དགེ་བཤེས་ཀྱི་སྐུ་ཚེའི་ལོ་རྒྱུས་གནད་བསྡུས་སྐོར》ཞེས་པའི་བརྗོད་གཞི་ཐོག་ཡོངས་གྲགས་སུ་ཨ་མདོ་དགེ་བཤེས་ཞེས་འབོད་འདི་པས་དགེ་ལུགས་པ་དང་རྙིང་མ་པའི་ཕྱོགས་ལ་དུས་ཚོད་མང་པོ་བཏང་ནས་སློབ་གཉེར་བྱས་ཡོད་པ་དང་། སྙེ་མོ་དགོན་ཕྱག་བཏབ་མཛད་པ། སློབ་མའི་སྐོར་ལ་སློབ་བུ་སྨན་རམས་པ་མཁྱེན་རབ་ནོར་བུ་དང་ལོ་ཙཱ་བ་ཆོས་འཕགས་སོགས་ཡོད་པ་སོགས་ཀྱི་གཏམ་བཤད་གནང་། ཐེངས་འདིའི་བོད་ཀྱི་ལོ་རྒྱུས་བགྲེ་གླེང་ཚོགས་འདུ་ཐེངས་དང་པོའི་གཏམ་བཤད་ལས་རིམ་ཚང་མ་མཇུག་གྲུབ་རྗེས། མཇུག་ཏུ་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་ཚོགས་འདུའི་མཇུག་སྡོམ་གྱི་གསུང་བཤད་གནང་བ་དང་། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ནས་ཚོགས་འདུ་མཇུག་བསྡུས་པའི་བཀྲ་ཤིས་ཁ་གཡང་གསུང་སྒྲོག་མཛད་པ་དང་། འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་།