སྤྱི་ལོ་༢༠༢༡ལོའི་ཟླ་༡༢ ཚེས་༢༢ཉིན། བོད་ཡིག་སྲིད་བྱུས་ཉམས་ཞིབ་དུས་དེབ་(བོད་ཡིག་པར་མ)སྤྱིའི་འདོན་ཐེངས་བརྒྱད་པ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཚོགས་ཁང་དུ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་དུས་དེབ་འགྲེམས་སྤེལ་དང་འབྲེལ་བའི་གླེང་མོལ་འཚོགས་ཤིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོ་དེབ་བརྒྱུད་ནས་རྒྱང་སྲིང་བྱས། གླེང་མོལ་མགོ་བརྩམས་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བ་རི་ཟླ་བ་ཚེ་རིང་ལགས་ཀྱིས་སྤྱིའི་འདོན་ཐེངས་བརྒྱད་པའི་དུས་དེབ་ལ་སྤྱི་ཡོངས་ཀྱི་ཆ་ནས་བསྔགས་བརྗོད་དང་གདེང་འཇོག་བྱས། དེ་ནས་རྩོམ་སྒྲིག་པས་འདོན་ཐེངས་བརྒྱད་པ་རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་དང་འབྲེལ་ནས་དམིགས་བསལ་གྱི་ཁྱད་ཆོད་ལྡན་པའི་དཔྱད་རྩོམ་ཁག་ཅིག་གི་ནང་དོན་ངོ་སྤྲོད་དང་། རིག་གཞུང་དཔྱད་རྩོམ་འབྲི་སྟངས། དུས་དེབ་ཡར་རྒྱས་གཏོང་བའི་ཐད་ཀྱི་བསམ་ཚུལ་བཅས་ནས་གླེང་མོལ་བྱས། དེ་ནས་སྤྱིའི་འདོན་ཐེངས་བརྒྱད་པའི་སྟེང་དཔྱད་རྩོམ་སྤེལ་བའི་རྩོམ་པ་པོ་ཡོངས་ཀྱི་སྐུ་ཚབ་ཏུ་གནད་འདྲེན་བྱས་པའི་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས། བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཞིང་། མཇུག་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚང་མས་ལྷན་ཅིག་ཏུ་དྲི་བ་དྲིས་ལན་བྱས་རྗེས་ཐེངས་འདིའི་གླེང་མོལ་ཡོངས་སུ་མཇུག་བསྡུས།