སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༡ ཉིན་ནས་ཚེས་ ༡༥ ཉིན་བར།
༡༽ ཟླ་ ༣ པའི་ཚེས་འགོ་རུ་དམངས་སྲིད་པུའུ་ཡིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ«དར་རྩེ་མདོ་རྫོང་རྫོང་དར་གྲོང་འཛུགས་སྐོར་གྱི་རེ་འདུན་ཞུ་བ» ལ་ཆོག་མཆན་གནང་། ཆོག་མཆན་ནང་བརྗོད་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་དོན་ལྟར། དར་རྩེ་མདོ་རྫོང་གིས་རྫོང་དར་གྲོང་འཛུགས་བྱེད་རྒྱུར་མོས་མཐུན་ཡོད་ཅིང་། སྔར་དར་རྩེ་མདོ་རྫོང་གི་སྲིད་འཛིན་ས་ཁུལ་དེ་དར་རྩེ་མདོ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་རང་འཇགས་ཡིན་པ་དང་། དར་རྩེ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ལུའུ་ཁྲིན་གྲོང་རྡལ་ཇ་རྟ་ལམ་ཨང་དང་པོར་ཡོད་པ་དང་། དར་རྩེ་མདོ་གྲོང་ཁྱེར་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་སུ་འཇོག་རྒྱུ་ཡིན། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ་ནས། ཟླ་ ༣ ཚེས་ ༢ ཉིན༽
༢༽ ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཐོན་སྐྱེད་ཀྱི་གཙོ་གནད་གྲོང་ཚོ་ ༢༧ འཛུགས་སྐྲུན་བྱས་པ་རེད། སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དེར་རྩྭ་ར་གཞི་ཁྱོན་མུའུ(Unit of area equal to one fifteenth of a hectare. Translator) འབུམ་ ༦༠༨.༩ ཟིན་པ་དང་། ཁས་ལེན་དཔང་འདོན་བྱས་པའི་སྐྱེ་ལྡན་ནོར་ལུག་མགོ་གྲངས་འབུམ་ ༣༧.༨ ཡོད་པས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཀྱི་རྟེན་གཞི་ཆེ་ཤོས་སུ་གྱུར་བ་རེད།
མིག་སྔར་ལས་སྣོན་ཁེ་ལས་ཀྱིས་སྐྱེ་ལྡན་འབྲི་གཡག་མགོ་གྲངས་ཁྲི་ ༢.༢༢ དང་། བོད་ལུག་མགོ་གྲངས་ཁྲི་ ༣.༠༢ བཤས་བཏང་བ་དང་སྐྱེ་ལྡན་ལུག་ཤ་དང་ཚགས་ཤ་ཊོན་ ༡༣༠༠ ལས་སྣོན་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་རིམ་བཞིན་གྱུར་ནས་འབྲོག་ལས་ཐོན་རྫས་ཀྱི་རིན་ཐང་འཕར་མའི་བར་མཐོངས་སྔར་བས་ཆེ་རུ་ཕྱིན་པ་དང་འབྲོག་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༣ ཚེས་ ༢ ཉིན༽[འདིར་གཟིགས]