སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༤ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་ས་ཁུལ་ནི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུར་མཆན་འགོད་བཀའ་ལན་གནང་། ད་ལྟ་བོད་དུ་ས་ཁུལ་རིམ་པའི་གྲོང་ཁྱེར་བཞི་ཆགས་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིང་ཁྲི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུ་དང་། ཉིང་ཁྲི་རྫོང་དེ་བྲག་ཡིབ་ཆུས་སུ་བསྒྱུར་རྒྱུ། དེ་སྔའི་ཉིང་ཁྲི་རྫོང་གི་སྲིད་འཛིན་ས་ཁོངས་དག་བྲག་ཡིབ་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར་རྒྱུ་བཅས་ལ་མཆན་འགོད་བཀའ་ལན་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཉིང་ཁྲི་ས་ཁུལ་གྱིས་གྲོང་ཁྱེར་འཛུགས་པའི་འདེམས་བསྐོའི་ལས་དོན་ཁག་སྤེལ་ནས་གྲོང་ཁྱེར་རིམ་པའི་སྲིད་གཞུང་གི་རྩ་འཛུགས་གྲུབ་ཆ་ཞིག་ཆགས་པ་བྱ་རྒྱུ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མངགས་གཏོང་སྒྲིག་གཞི་ཡིན་པའི་ཉིང་ཁྲི་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད།
བོད་ཤར་ལྷོའི་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་མི་ཊ་ ༣༡༠༠ ཡི་སར་ཆགས་པའི་ཉིང་ཁྲི་ས་ཁུལ་ནི་བོད་ཀྱི་ས་བབ་དམའ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་ཤོད་སྲོལ་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཉིང་ཁྲི་ས་ཁུལ་གྱིས་ཡར་ཀླུང་གཙང་པོ་སོགས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཡུལ་ལྗོངས་ས་ཚིགས་ལ་བརྟེན་ནས“འཛམ་གླིང་གི་སྣོད་བཅུད་ཡུལ་སྐོར་དུ་བསྐྱོད་ཡུལ”གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅིང་། ༢༠༡༤ ལོར་ཉིང་ཁྲི་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་འབུམ་ ༢༨ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་ ༢༨ ཡས་མས་བྱུང་ཞིང་། ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་འོག་ཉིང་ཁྲི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཡོད་པ་རེད།[རྒྱས་པ་འདིར་གཟིགས]