སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཉེ་ཆར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱིས་ཀན་སུའུ་བོད་རིགས་ས་ཁུལ་དུ་བརྟག་ཞིབ་བྱེད་སྐབས“དབུལ་སྐྱོར་གནད་འཕིགས”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བསམ་ཕྱོགས་གསར་པ་དང་བླང་བྱ་གསར་པ་ཤེས་རྟོགས་ཡང་དག་དང་ལག་བསྟར་དོན་འཁྱོལ་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་དམིགས་ཏེ། དབུལ་སྐྱོར་གནད་འཕིགས་ལ་སྐུལ་མ་ནུས་ལྡན་བཏང་ནས་དབུལ་པོའི་ས་ཁུལ་གྱི་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་བཤད་འདུག
བརྟག་ཞིབ་གནང་རིང་ཏུའུ་ཆིང་ལིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དང་གཙོད་གྲོང་ཁྱེར་གྱི་དབུལ་པོའི་གྲོང་ཚོར་ཕེབས་ནས་ཞིང་འབྲོག་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། དགོན་སྡེའི་གྲྭ་བཙུན་སོགས་དང་སྤེལ་རེས་གནང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། དགོན་སྡེ་དོ་དམ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག་ས་གནས་དེ་གའི་ལས་བྱེད་པ་དང་བཞུགས་མོལ་ཡང་གནང་ཞིང་། ཏུའུ་ཆིང་ལིན་གྱིས་ཀན་སུའུ་ཀན་ལྷོས་དབུལ་སྐྱོར་གནད་འཕིགས་ལས་དོན་སྤེལ་བའི་ཐད་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་རྗེས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་མ་ནུས་ལྡན་གཏོང་བར་ངེས་པར་དུ་གཙོ་གནད་ལ་དམ་པོར་དམིགས་པ་དང་། ངོས་འཛིན་དང་། རོགས་སྐྱོར། དོ་དམ། དཔྱད་ཞིབ་བཅས་ཡང་དག་ཡོང་བ་བྱས་ཏེ། དཀའ་གནད་ཚད་བརྒལ་ཡོང་བ་བྱེད་པའི་ཐོག་ནས་སྤྱི་ཡོངས་སྐུལ་འདེད་ལ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་བྱས།
ཏུའུ་ཆིང་ལིན་གྱིས་དབུལ་སྐྱོར་འགག་སྒྲོལ་དེ་དམིགས་ཚད་གཅིག་འདོམས་སུ་བྱེད་པ་དང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་ཚད་ལག་ལེན་ཐོག་འཁྱོལ་ཐུབ་པ་དང་། ཞིབ་ཕྲ་ཁ་གསལ། གནད་དོན་དེ་ཁྲིད་ཕྱོགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་ལ་འབབ་འཕར་ཡོང་བའི་འཇུར་མིག་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། ཁྱད་ལྡན་ཐོན་ལས་ཀྱི་ཞན་ཆ། སྤྱི་པའི་ཞབས་ཞུ་མི་འདང་བ། སློབ་གསོའི་ཤེས་ལྡན་མི་སྣ་དཀོན་པ་བཅས་དང་དེ་བཞིན་མང་ཚོགས་ཀྱིས་ཐག་གཅོད་ཐུབ་རེ་བྱེད་པའི་ཆུ་དང་གློག་དང་དེ་བཞིན་ལམ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས་པ་དང་། གཅིག་འདོམས་བྱེད་ཐབས་སུ་བྱས་ནས་ནང་ངོས་སྒུལ་ཤུགས་འཕེལ་རྒྱུར་དོ་སྣང་དང་ཁྲོམ་རའི་གསོན་ཤུགས་ཆེ་རུ་བཏང་སྟེ་ཐོན་ཁུངས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་པ། ཁྱིམ་དུད་དུ་འབྱོར་བ་བྱ་རྒྱུ་འགོ་འཛུགས་སར་བྱས་ཏེ་ཁྱིམ་དུད་དང་མི་ཚང་མར་རོགས་སྐྱོར་ཐུབ་པ་བྱེད་དགོས་པ། རྒྱུན་མཐུད་འཕེལ་རྒྱས་ཁ་ཕྱོགས་སུ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྐྱོར་འགག་སྒྲོལ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ།“ནན་གསུམ་དྲང་གསུམ”གྱི་སྤྱོད་ཚུལ་བླང་བྱ་ལག་ལེན་བསྟར་ནས་དབུལ་སྐྱོར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས། ཏུའུ་ཆིང་ལིན་གྱིས་སྐབས་དེར་ད་དུང་ཆོས་ལུགས་ལས་དོན་ཐད་བརྟག་ཞིབ་ཀྱང་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༢ ཉིན༽
༢༽ ཟླ་ ༥ ཚེས་ ༡ ཉིན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་<<ཐར་ལོའི་>>ཕབ་སྐྲུན་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་སྡེ་བར་གཟབ་རྒྱས་ངང་བསྡུས།
གློག་བརྙན་འདི་ནི་པེ་ཅིན་ཐེན་ཧྭ་ཧྭ་ཐེན་གློག་བརྙན་བརྙན་འཕྲིན་ལས་རིགས་ཀུང་སི་སོགས་ཁེ་ལས་ཆེན་པོ་གསུམ་དང་མཉམ་འབྲེལ་བྱས་ནས་ཕབ་སྐྲུན་བྱེད་འཆར་ཡོད་ལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མ་དང་། མཚོ་སྔོན་གྱི་<<མེ་ཏོག་ཆུན་པོའི་>>གླུ་གར་འགྲན་སྡུར་ཁྲོད་མཚན་སྙན་འབར་བའི་གསར་སྐྱེས་གླུ་མ་དང་འཁྲབ་སྟོན་པ་གཡང་ཕྱུག་མཚོ། དེ་མིན་འཁྲབ་སྟོན་ལས་རིགས་ལ་བྱང་ཆ་ལྡན་པའི་སྒྱུ་རྩལ་པ་བཀྲ་ཤིས་དང་སྦྱིན་པ་སོགས་ཀྱིས་འཁྲབ་སྟོན་བྱ་རྒྱུ་རེད། གློག་བརྙན་<<ཐར་ལོ་>>ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་བ་ཡིན་ལ། འདིར་གཙོ་བོ་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བཤད་ཡོད།
གློག་བརྙན་འདིའི་བརྙན་ལེན་པ་ལིས་སོང་ཧྲི་དང་། སྒྲ་ལེན་པ་གདུགས་དཀར་ཚེ་རིང་། མཛེས་རིས་པ་སྟག་རྩེ་དོན་གྲུབ། གློག་འོད་ཀུའུ་ཁྲུང་དང་གཟབ་སྤྲས་པ་དཔལ་གཡང་མཚོ་བཅས་རེད།
གློག་བརྙན་འདིའི་འཁྲབ་གཞུང་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་རྒྱུར། གློག་བརྙན་འདི་ནི་གཙོ་བོ་ཁོ་རང་ཉིད་ཀྱི་ཕ་ཡུལ་མཛོ་སྣ་སྡེ་བར་བརྙན་ཕབ་བྱ་རྒྱུ་ཡིན་ལ། ཁོའི་རེ་བ་ཡིན་ན་གློག་བརྙན་འདི་བརྒྱུད་ནས་ཕ་ཡུལ་ལ་བཅངས་བའི་བརྩེ་བ་དང་དྲན་གདུང་མཚོན་ཅི་ཐུབ་བྱེད་པ་དང་། དེ་དང་ཆབས་ཅིག་གློག་བརྙན་འདི་གློག་བརྙན་སྔོན་མ་དག་ལས་ཐོད་བརྒལ་བྱུང་སྟེ་གཟིགས་མཁན་ཀུན་གྱི་སྤྱན་སྔར་འབུལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༥ ཚེས་ ༤ ཉིན༽
༣༽ ཟླ་ ༥ ཚེས་ ༤ ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་སྐམ་ས་ཆེ་མོར་འཚམས་འདྲི་ཞུ་མཁན་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།ཞིས་ཅིན་ཕིང་གིས་ཀྲུའུ་ལི་ལུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྐམ་ས་ཆེ་མོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ལོ་ ༡༠ ཡི་གོང་དུ་མཚོ་འགག་ངོགས་གཉིས་དབར་གྱི་འབྲེལ་བ་ཛ་དྲག་པའི་དུས་སུ་གོ་གུང་ཏང་གཉིས་ཀྱིས་ངོགས་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ལས་དབང་ཆེད་དུ་ལོ་རྒྱུས་ཀྱི་བཀག་རྒྱ་གཏོར་ནས་ཞི་བའི་མཐུན་འགྲིག་བྱུང་སྟེ། ཐའེ་ཝན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་གི་འགྲོ་ལམ་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་ཤིང་། ལོ་ ༡༠ ཡི་རིང་གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་འོད་ཟེར་ལྡན་པའི་མདུན་ལམ་གཏོད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོར་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པས་ངོགས་གཉིས་ཀྱི་སྤུན་ཟླའི་རྒྱ་ཁྱབ་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་དང་བསྔགས་བརྗོད་ཀྱང་ཐོབ་ཡོད་ཅེས་གསུངས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༦ ཉིན༽
༤༽ ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཉེ་ཆར་བོད་ལྗོངས་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་ཐད་སླར་ཡང་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཡོམ་འགོག་གེགས་སེལ་ལས་ཀར་ཐོབ་པའི་དུས་མཚམས་རང་བཞིན་གྱི་རྒྱལ་ཁར་གདེང་འཇོག་གནང་ཞིང་། ཡང་འབད་བསྐྱར་འབད་ཀྱིས་དཀའ་རྐྱེན་འཕྲད་པའི་མི་འཚོལ་སྐྱོབ་བྱ་རྒྱུར་མུ་མཐུད་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ། དེ་དང་ཆབས་ཅིག་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་ཆས་ཉམས་བཟོ་གང་མགྱོགས་བྱས་ཏེ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཡག་པོ་བསྒྲུབ་ནས་བོད་རང་སྐྱོང་ལྗོངས་དང་ལྷག་དོན་དུ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན།
སྤྱི་ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་ལ་བརྒྱབ་པའི་ས་ཡོམ་རིམ་པ་ ༨.༡ དང་དེ་རྗེས་ཀྱི་ཡོམ་འཕྲོས་བོད་རང་སྐྱོང་ལྗོངས་གཞིས་རྩེ་དང་མངའ་རིས་སོགས་མཐའ་མཚམས་ས་ཁུལ་ལ་ཤུགས་རྐྱེན་ཕོག་ནས་ཟླ་ ༥ ཚེས་ ༦ ཉིན་གྱི་ཆུ་ཚོད་ ༡༧ བར། མི་ ༢༦ རྐྱེན་ལམ་དུ་ཤོར་བ་དང་མི་ ༣ གར་སོང་ཆ་མེད་དུ་གྱུར་བ། མི་ ༨༥༦ ལ་རྨས་སྐྱོན་ཕོག་པ། མི་འབུམ་ ༣ མ་ཟིན་ཙམ་ལ་གནོད་འཚེ་ཕོག་པ། སྡོད་ཁང་ ༢༦༩༩ དང་དགོན་པ་ ༡ རྡིབ་པ། མང་ཚོགས་ཀྱི་སྡོད་ཁང་ ༣༩༩༤༣ དང་། དགོན་པ་ ༢༤༢ དང་རིག་དངོས་ཚན་པའི་ཁང་པ་བཅས་ལ་གཏོར་སྐྱོན་ཕོག་ཡོད།
གནོད་འཚེའི་གནས་ཚུལ་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཞིས་ཅིན་ཕིང་གིས་འཕྲལ་དུ་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་དགོས་པ་དང་། ཏང་སྲིད་དམག་དམངས་ཉེན་རྟོག་པས་མཐུན་སྦྱོར་གཞོགས་འདེགས་ཀྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་ཀ་སྤེལ་དགོས་པའི་བླང་བྱ་བཏོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གནང་ནས། འབྲེལ་ཡོད་སྡེ་ཁག་གིས་བོད་རང་སྐྱོང་ལྗོངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཉེན་སེལ་གེགས་སྐྱོབ་དང་། རྨས་མ་སྲོག་སྐྱོབ་སྨན་བཅོས་ཡག་པོ་བྱས་ཐོག་འབད་བརྩོན་ཆེན་པོས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༧ ཉིན༽
༥༽ ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཟླ་ ༥ ཚེས་ ༥ ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྒྱུར་བཅོས་ཀྱི་ཁྱོན་ཡོངས་ཡང་དག་ངང་ཁོང་དུ་ཆུད་པ་བྱས་ཏེ་སྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་བསྟུན་ནས་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་ལ་ལྟ་སྟངས་བཟུང་སྟེ་ཁྱོན་ཡོངས་ཀྱི་སྒྱུར་བཅོས་ལ་ཕན་ཐོགས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕན་ཐོགས། ཁོངས་གཏོགས་འདི་ག་དང་ཁྱབ་ཁོངས་འདི་གར་འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་སྲོལ་ཆགས་རྒྱུར་ཕན་ཐོགས་བཅས་ཡོད་ཕྱིན་ཚང་མས་སྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་རང་རྟོགས་ངང་བསྟུན་པ་དང་། སྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་རང་གིས་རང་ལ་གསར་བརྗེ་བྱེད་ཕོད་པ་དང་གནད་དོན་ལ་གཏུག་ཕོད་པ་བྱས་ཏེ་ཐུན་མོང་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་ཀ་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༧ ཉིན༽
༦༽ ཟླ་ ༥ ཚེས་ ༩ ཉིན་གྱི་སྔ་དྲོར་སྐབས་དང་པོའི་ཡ་གླིང་གི་ན་གཞོན་མཆོང་རྒྱུག་འགྲན་བསྡུར་ཁཱ་ཐར་རྒྱལ་ཁབ་ཏུ་འཚོགས་ཤིང་། མཚོ་སྔོན་གྱི་ཞིངཆེན་ལུས་རྩལ་སློབ་གྲྭའི་སློབ་མ་ཆོས་སྐྱིད་སྒྲོལ་མས་མི་ཊ་ ༥༠༠༠ ཅན་གྱི་མཆོང་རྒྱུག་འགྲན་བསྡུར་ཁྲོད་སྐར་མ་ ༢༤ དང་སྐར་ཆ་ ༥ ཡི་ཐོག་ནས་ཨང་གཉིས་པ་བླངས་པ་རེད།
ཆོས་སྐྱིད་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་གྱི་བོད་རིགས་བུ་མོ་ཞིག་ཡིན་ཞིང་། ༢༠༡༢ ལོའི་ཟླ་ ༩ བར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་ཏུ་ཞུགས། ལོ་ ༡༧ ལ་སོན་པའི་ཁོ་མོས་ཐེངས་གང་མང་ལ་འགྲན་བསྡུར་སྣ་ཚོགས་སུ་ཞུགས་ཏེ་གྲུབ་འབྲས་ལེགས་པོ་བླངས་པས་འདུར་རྒྱུག་ཁྱབ་ཁོངས་སུ་ཚང་མའི་མིག་དཔེར་གྱུར་ཡོད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་པོའི་དྲ་བ་ནས། ཟླ་ ༥ ཚེས་ ༦ ཉིན༽
༧༽ བོད་རང་སྐྱོང་ལྗོངས་ཀྱི་ ༢༠༡༥ ལོའི་མཐོ་རིམ་ལས་རིགས་སློབ་གྲྭའི་ཁ་གཏད་སློབ་བསྡུའི་འཆར་གཞི་བཏོན་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་ནས་མཐོ་རིམ་ལས་རིགས་སློབ་གྲྭར་ཁ་གཏད་སློབ་བསྡུ་བྱེད་པའི་ནང་སློབ་ཆེན་ ༦ གིས་སློབ་མ་ ༩༢༥ བསྡུ་རྩིས་ཡོད་པ་དང་། ༣+༢ མཐོ་རིམ་ལས་རིགས་སློབ་གྲྭར་ཁ་གཏད་སློབ་བསྡུ་བྱེད་པའི་ནང་སློབ་ཆེན་ ༣ གྱིས་སློབ་མ་ ༤༢༥ བསྡུ་རྩིས་ཡོད་པ་བཅས་སློབ་ཆེན་ ༦ གིས་ཁྱོན་སློབ་མ་ ༡༣༥༠ བསྡུ་རྒྱུ་ཡིན་པ་རེད། འདི་ལོའི་མཐོ་རིམ་ལས་རིགས་སློབ་གྲྭར་ཁ་གཏད་སློབ་མ་བསྡུ་བའི་ཐད་ཁེར་རྐྱང་ཡིག་རྒྱུགས་དང་ཁེར་རྐྱང་སློབ་མ་བསྡུས་ནས་སྔ་སྣུར་དུ་ཁེར་རྐྱང་བསྡུ་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ལས་རིགས་དང་དར་མའི་སློབ་གསོ་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ༢༠༡༥ ལོར་ལྗོངས་ཕྱི་ནང་གི་ལོ་དེའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ ༥༧༦༣ ཡོད་པ་དང་དེའི་ནང་ནང་སའི་བོད་ལྗོངས་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ ༡༦༧༢ དང་ལྗོངས་ནང་ཁུལ་གྱི་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ ༤༠༩༡ ཡོད་པ་རེད།༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༡༡ ཉིན༽
༨༽ ཟླ་ ༥ ཚེས་ ༨ ཉིན་བོད་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མས་ཁ་ཐར་རྒྱལ་ཁབ་ཏུ་འཚོགས་པའི་༢༠༡༥ ལོའི་ཨེ་ཤེ་ཡ་གླིང་གི་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གྱི་ཀེ་ལོ་ ༦༣ རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།
ཤི་ལོག་སྒྲོལ་མ་ནི་སྤྱི་ལོ་ ༡༩༨༧ ལོར་བོད་ལྗོངས་ཉིང་ཁྲི་རྫོང་དུ་སྐྱེས་ཤིང་། ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་སྦེ་ག་ལུས་རྩལ་པར་གྱུར། ༢༠༡༡ ལོར་ཐུར་ཁེར་འཚོགས་པའི་འཛམ་གླིང་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གྱི་ཀེ་ལོ་ ༦༧ རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་འཛམ་གླིང་གི་ཨང་དང་པོ་བླངས་པ་དང་། ༢༠༡༣ ལོར་ལིའོ་ཉིང་ཞིང་ཆེན་དུ་འཚོགས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཀེ་ལོ་ ༦༣ རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཤིང་། ༢༠༡༤ ལོའི་རེན་ཁྲོན་དུ་འཚོགས་པའི་ཨེ་ཤེ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཀེ་ལོ་ ༦༣ རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བཅས་བླངས། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༡༡ ཉིན༽
༩༽ ཟླ་ ༥ ཚེས་ ༧ ཉིན་ཀྲུང་དབྱང་གསར་འགྱུར་དྲ་བའི་ཀོང་ཀྲོའུ་རྒྱལ་མཚམས་འགག་སྒོ་ནས་ཐོན་པའི་གསར་འགྱུར་ལྟར་ན། ཀོང་ཀྲོའུ་རྒྱལ་མཚམས་འགག་སྒོའི་ཐེ་གཏོགས་ཧྥོ་ཧྲན་དོན་གཅོད་ཁང་གིས་ཕྱིར་གཏོང་ཚོང་སྒྲོམ་ལས་རྒྱལ་ཁབ་ཀྱིས་ཕྱིར་གཏོང་བྱས་མི་ཆོག་པའི་ཐང་ཀ་སོགས་རིག་དངོས་ ༢༨ ལ་སྔོག་བཤེར་བྱས། ཡུལ་དངོས་ཀྱི་རྒྱལ་འགག་ཞིབ་བཤེར་པས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་མཚམས་འགག་སྒོའི་ལས་བྱེད་པས“འཐེན་སྒྲོག”ཅེས་པའི་མིང་བྱང་བཀོད་ཡོད་པའི་ཚོང་སྒྲོམ་དུ་གྲལ་སྒྲིག་པོ་མེད་པའི་དངོས་རྫས་ཀྱིས་ཁེངས་ཡོད་ལ། འཐེན་སྒྲོག་བཅུག་ཡོད་པའི་ཤོག་སྒམ་འགའ་ལས་གཞན་ད་དུང་ཤིང་སྒམ་ཆེན་པོ་འགའ་ཡོད་པ་དེ་དག་ནི་ལས་བྱེད་པས་དོགས་པའི་གནས་སུ་གྱུར།
ཤིང་སྒམ་གྱི་ཁ་ཕྱེ་སྟེ་བལྟ་དུས་ནང་དུ་སྣོད་དང་འབག་སྐུ་བརྐོས་བརྙན་ཆུང་ངུ་སོགས་ལག་ཤེས་ཐོན་རྫས་འབོར་ཆེན་བཞག་ཡོད་པར་མ་ཟད། དེ་ལས་ཤིང་སྒམ་ཞིག་གི་ནང་དུ་ལྷ་སྐུ་བཞེངས་ཡོད་པའི་མི་རབས་འགའ་བརྒྱུད་པའི་ཐང་ཀ་སྤུས་ལེགས་བཅུ་ཕྲག་འགའ་བཅུག་ཡོད། ཐང་ཀ་ཁ་ཤས་ནི་ཅུང་ཟད་རྙིང་ལ་ཁ་དོག་ཉམས་ཡོད་མོད། རི་མོའི་ཚོན་མདངས་ནི་རྣམ་པར་བཀྲ་ལ། སྐུའི་བཟོ་བཀོད་མཛེས་ལ་ཐིག་རིས་ཞིབ་ཅིང་ལེགས།
ཐང་ཀ་ནི་བོད་ཀྱི་རིག་གནས་ལས་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། དེ་ནི་རྒྱུན་པར་ཆོས་ལུགས་བརྗོད་བྱར་བྱས་ཏེ་གསེར་དང་དངུལ། རང་བྱུང་གཏེར་རྫས། རིན་ཐང་ཅན་གྱི་སྐྱེ་དངོས་སོགས་ཚོན་དུ་བྱས་ཏེ་བྲིས་པ་ཞིག་ཡིན། ལོ་ཟླ་ག་ཚོད་སོང་ན་ཡང་དེའི་ཁ་དོག་མཛེས་ཤིང་བལྟ་ན་སྡུག་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཀྱི་རིན་ཐང་ཅན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སུ་གྱུར་ཡོད།
རྒྱལ་མཚམས་འགག་སྒོའི་འབྲེལ་ཡོད་སྡེ་ཁག་གིས་ངོ་སྤྲོད་ལྟར་ན། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས>>ལས་ལེའུ་དྲུག་པའི་དོན་ཚན་དྲུག་ཅུ་བར་བཀོད་པ་ལྟར་ན། མི་རབས་འགར་བརྒྱུད་པའི་ཐང་ཀ་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་ཡོད་པའི་ཕྱིར་འདྲེན་བྱས་མི་ཆོག་པའི་རིག་དངོས་ཀྱི་ཁོངས་གཏོགས་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ་ནས། ཟླ་ ༥ ཚེས་ ༡༢ ཉིན༽
༡༠༽ བོད་ཁུལ་གྱི་ཆེས་ཐོག་མའི་སྐད་གཉིས་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སི་ཁྲོན་དུ་བཙུགས། ཉེ་ཆར་སི་ཁྲོན་དུས་དེབ་ཚོགས་པས་དེང་རབས་འཕྲིན་སྦྱོར་མཉམ་སྦྲེལ་གྱི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ཆེད་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་སུ་བཙུགས། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་<<གངས་ལྗོངས་ཉི་གཞོན་>>དུས་དེབ་དང་། <<ཁ་བཏགས་དཀར་པོ་>>དུས་དེབ། བོད་རྒྱ་ཤན་སྦྱར་གྱི་<<སྒྲོག་འགྲེལ་ངེས་ཀློག་>>དུས་དེབ། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་དྲ་ཚིགས་བཅས་ཀྱི་རྨང་གཞིའི་ཐོག་གངས་ལྗོངས་ཉི་གཞོན་སྐད་གཉིས་དྲ་ཕྲན་དང་། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་བརྙན་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་འཕྲིན་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་པོད་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་མཁོ་སྤྲོད་འཇུག་སྒོ་བཅས་ཀྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཐོན་རྫས་སྐོར་ཞིག་གསར་སྤེལ་བྱས་དང་བྱེད་བཞིན་ཡོད་པས། གངས་ལྗོངས་ཉི་གཞོན་དེ་ཉིད་ཆེས་ཐོག་མར་རྒྱལ་ཡོངས་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་ཀྱི་འཕྲིན་སྦྱོར་ཀུན་འདུས་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པའི་གསར་འགྱུར་ལས་ཁུངས་ཤིག་ཏུ་གྱུར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༡༢ ཉིན༽
༡༡༽ ཉེ་ལམ་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། པེ་ཅིང་ཙོང་ཁ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་པེ་ཅིང་གྲོང་ཁྱེར་དུ་བཙུགས། རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་ནི་ཐོང་ཧོས་ཧིའུ་འགྲམ་རིག་གནས་གསར་སྐྲུན་ཐོན་ལས་གླིང་དུ་ཆགས་ཡོད་ཅིང་། དེར་གསར་སྐྲུན་དང་། ཉར་ཚགས། ཞིབ་འཇུག འགྲེམ་སྟོན་བཅས་གཅིག་ཏུ་སྦྱར་བའི་ཕྱོགས་བསྡུས་རང་བཞིན་གྱི་རེབ་གོང་རིག་གནས་སྒྱུ་རྩལ་རྟེན་གཞི་ཞིག་ཡིན། སྒྱུ་རྩལ་ཁང་གིས་དུས་ཡུན་རིང་པོར་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་གཉིས་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་དྲུག་སྐྱེས་སྟོབས་ལྡན་པའི་ངང་རྒྱལ་སའི་མི་དམངས་ལ་འགྲེམ་སྟོན་བྱས་པ་ཡིན་ལ། འཛམ་གླིང་ན་འགྲན་ཟླ་བྲལ་བའི་<<པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་རབས་དཔེ་རིས་>>དང་། རྒྱལ་ཁབ་གཅེས་ནོར་རིམ་པའི་ཆིན་རྒྱལ་རབས་དུས་མགོའི་རིག་དངོས་ལྡེབས་རིས་ཐང་ག་<<དཔལ་དུས་ཀྱི་འཁོར་ལོ>> <<སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ>> དེ་མིན་མཐོ་ཚད་ལ་མི་ཊ་བཅུ་གཅིག་དང་ཞེང་དུ་མི་ཊ་བདུན་ཅན་གྱི་ལག་བྲིས་ཐང་ག་<<དུས་གསུམ་སངས་རྒྱས་>>སོགས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༥ ཚེས་ ༡༣ ཉིན༽
༡༢༽ ཀྲུང་གོ་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུས་ནས་བསྡུ་རུབ་དང་ལེགས་སྒྲིག་བྱས་པའི་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་>>དང་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་>>ཞེས་བའི་དེབ་གཉིས་དངོས་སུ་དཔེ་སྐྲུན་འགྲེལ་སྤེལ་བྱས།
ཉེ་ཆར། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུས་ནས་བསྡུ་རུབ་དང་ལེགས་སྒྲིག་བྱས་བའི་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་>>དང་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་>>ཞེས་བའི་དེབ་གཉིས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་། ད་ལྟ་དངོས་སུ་འགྲེམ་སྤེལ་བྱས་འདུག
<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་>>དང་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་>>གཉིས་ནི་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་ཀྱི་ལི་ཝན་དབྱིན་དང་། ཟླ་བ་ཚེ་རིང་། འཇམ་དབྱངས་དར་རྒྱས་བཅས་ཀྱིས་གཙོ་སྒྲིག་བྱས་ཤིང་། མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་ཡིག་སྒྱུར་ཁང་གི་ལས་བཟོ་བ་ཡོངས་དང་ཞིང་ཆེན་བཞིའི་འབྲེལ་ཡོད་ཆེད་མཁས་བས་མཉམ་དུ་བསྒྲིགས་པ་རེད། དེའི་ཁྲོད་དུ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་སྲིད་འཛིན་རང་བྱུང་གྲོང་ཚོའི་མིང་ཧ་ལམ་ཁྲི་ ༢ ཙམ་དང་དགོན་པ་དང་རི་ཆུའི་མིང་ཧ་ལམ་སྟོང་ ༧ ལྷག་ཡོད་པ་རེད། ཆེད་མཁས་པའི་ཚོགས་འདུ་སྐོང་ཚོགས་དང་ཡིག་ངོས་ཀྱི་འདྲི་རྩད་སོགས་བརྒྱུད་དེ་སྔ་གཞུག་ཏུ་ཆེད་མཁས་པ་ ༡༥༠ ཙམ་གྱི་བསམ་འཆར་ལ་ཉན་པ་དང་། མཐར་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་>>དང་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་>>གཉིས་དངོས་སུ་ལེགས་འགྲུབ་བྱུང་བ་རེད།
<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་>>དང་<<མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་>>གཉིས་པར་དུ་བསྐྲུན་པས། བོད་ཡིག་གི་ས་མིང་ཡིག་སྒྱུར་ཐད་ཀྱི་ཡང་དག་རང་བཞིན། གཅིག་གྱུར་དང་ཚད་ལྡན་རང་བཞིན་ལ་དོན་སྙིང་གལ་ཆེན་པོ་ལྡན་ཡོད། འབྲེལ་ཡོད་ཆེད་མཁས་པས་བསྟན་དོན། ལས་གཞི་འདིའི་རྨང་གཞི་བརྟན་པ་དང་། ཚན་རིག་དང་མཐུན་ཞིང་ཞིབ་ཚགས་ལྡན། སྤྱི་ཚོགས་དོན་སྙིང་གལ་ཆེན་ཡོད་ལ། རྒྱ་བོད་ཡིག་སྒྱུར་ཁྱབ་ཁོངས་ཀྱི“སྟོང་ཆ”ཆེན་པོ་ཞིག་བསྐངས་བ་རེད། ཅེས་གནས་ཚུལ་སྤེལ་༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ་ནས། ཟླ་ ༥ ཚེས་ ༡༥ ཉིན༽
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༥ ཚེས་ ༡༥ ཉིན།