སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ མིག་སྔའི་བོད་ཁུལ་ཡོངས་ནས་གཞི་རྒྱ་ཆེས་ཆེ་བའི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཏེ་ཁྱུང་ཆེན་བརྙན་གླིང་ཞེས་པ་མཚོ་སྔོན་མཚོ་ལྷོ་འབའ་རྫོང་ནས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་འདུག འདི་ཉིད་ལེགས་པར་གྲུབ་རྗེས་བོད་ཁུལ་གྱི་གློག་བརྙན་སྒྲིག་བཟོ་དང་བོད་ཀྱི་བརྙན་ཟློས་ལས་རིགས་ཐད་ཀྱི་མི་སྣ་སྐྱེད་སྲིང་དང་བརྙན་ཟློས་རིག་གནས་ཀྱི་འཕེལ་རྒྱས་ལ་སྨན་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བརྙན་གླིང་འདིར་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ཡོད་ཅིང་འབའ་རྫོང་སྲིད་གཞུང་གིས་རོགས་སྒྲུབ་གནང་། འདིའི་སྤྱིའི་རྒྱ་ཁྱོན་ལ་མི་ཊ་གྲུ་བཞི་མ་ ༨༠༠༠ ལས་བརྒལ་ཡོད་ཅིང་མི་ཊ་གྲུ་བཞི་མ་༦༠༠ ཅན་གྱི་བརྙན་ལེན་ཁང་སོགས་བཟོ་འཆར་རེད།
བརྙན་གླིང་གི་འགན་འཁུར་པ་བསོད་ནམས་རིན་ཆེན་རྒྱལ་ལགས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། བརྙན་གླིང་གི་གནས་གཞིའི་མཐའ་འཁོར་གྱི་ཀེ་ལོ་མི་ཊ་ལྔ་བཅུའི་ནང་ཚུན་དུ་རང་བྱུང་ཡུལ་ལྗོངས་དང་མིས་བཟོས་ཡུལ་ལྗོངས་མཉམ་གནས་ཡིན་ཏེ། དེའི་ནང་འབའ་ཡུལ་གྱི་རྩྭ་ཐང་དང་རྨ་ཆེན་གངས་རི། མང་རྫོང་གི་བྱེ་སྣ་སོགས་ཚུད་ཡོད་ལ། བརྙན་གླིང་འདི་ག་ཞིང་ལས་དང་འབྲོག་ལས་ཀྱི་སྤེལ་རྒྱུག་མཚམས་དཀྱིལ་དུ་ཆགས་པ་དང་། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སོགས་སུ་གཏོགས་པས་ཁོར་ཡུག་ཐད་ཀྱི་ཁྱད་འཕགས་དགེ་མཚན་ཡང་ལྡན་ཡོད། འདི་ནི་བོད་བརྙན་ལས་རིགས་ཐད་ཀྱི་ཐོལ་བརྒལ་གསར་བ་ཞིག་དང་འཕེལ་རྒྱས་སྒང་གི་སྐྱ་རེངས་གསར་བ་དེ་ཡིན་ཕྱིར་ཀུན་གྱིས་རེ་ལྟོས་བཅངས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༡༩ ཉིན༽
༢༽ ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བློ་ཞིབ་མོས་ཇུས་འགོད་བྱས་པའི་རྒྱལ་ཁབ་ཀྱི་དཔེ་དེབ་པར་སྐྲུན་ལས་གཞི་སྟེ་བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས།
ཐེངས་འདིའི་སྒྲུང་རིང་དཔེ་ཚོགས་ཀྱི་ནང་མིང་དུ་གྲགས་པའི་རྩོམ་མཁན་ཚེ་རིང་དོན་གྲུབ་ཀྱི<<ང་ཡི་ཨ་ཕ་གཉིས>>དང་། བསྟན་པ་ཡར་རྒྱས་ཀྱི<<ཁ་སང་གི་ཚོ་བ>> ན་གཞོན་རྩོམ་མཁན་མིང་གྲགས་ཅན་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི<<མར་ངོའི་ཟླ་བ>>དང་། བུ་ཚེ་རིང་རྒན་པའི<<ཆུ་མིག་དགུ་སྒྲིལ>> བོད་ཀྱི་རྩོམ་སྟེགས་སུ་གྲགས་འགུལ་ཆེ་བའི་གཞོན་སྐྱེས་རྩོམ་པ་པོ་གངས་སྨྱོན་གྱི<<དྲེལ་ལུང>>བཅས་བོད་ཡིག་གི་ལམ་ནས་གསར་རྩོམ་བྱས་པའི་སྒྲུང་རིང་ལྔ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམས། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ་ནས། ཟླ་ ༥ ཚེས་ ༢༠ ཉིན༽
༣༽ འཇར་མན་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རིག་གནས་སྤེལ་རེས་ཚོགས་པས་ཟླ་ ༥ ཚེས་ ༢༠ ཉིན་གྱི་དགོང་མོ་མུ་ཉེ་ཧེའི་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་པའི་སྙན་ཞུའི་ཚོགས་འདུར་ཞུགས་པ་དང་། ཀྲུང་གོ་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་དེ་བཞིན་བོད་ལྗོངས་ཀྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད་སྐུ་མགྲོན་རྣམས་དང་སྤེལ་རེས་གནང་ཡོད།
སྤེལ་རེས་ཚོགས་པའི་ཚོགས་གཙོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གི་ལས་རོགས་ཧའོ་ཧྲི་ཡོན་གྱིས། བོད་ལྗོངས་སུ་ལག་བསྟར་བྱས་པའི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་དོན་དངོས་དང་འབྱུང་འགྱུར་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད། ཁོས་ད་དུང་ལམ་བུའི་གནད་དོན་ཐད་“དབུ་མའི་ལམ”ཟེར་བའི་གདམ་ག་མེད་ཅེས་ནན་སྟོན་བྱས།
སྤེལ་རེས་ཚོགས་པའི་ཁོངས་མིའི་གྲས་ཤིག་ཡིན་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་རྡོ་རྗེས་མགྲོན་པོ་རྣམས་ལ《བཀའ་བསྟན་འགྱུར》གྱི་རྩོམ་སྒྲིག་དང་དཔེ་སྐྲུན་བརྒྱུད་རིམ་ངོ་སྤྲོད་གནང་ཡོད། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་། 《བཀའ་བསྟན་འགྱུར》ལེགས་སྒྲིག་དཔེ་སྐྲུན་བྱེད་པ་དེ་ནི་བོད་རིག་པའི་ལས་རིགས་དང་ནང་བསྟན་ལས་རིགས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་གནང་། མུ་ཉེ་ཧེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལིང་ཧྲི་གཞོན་པ་སུན་རུས་དབྱིན་དང་། འཇར་མན་ནང་བསྟན་སློབ་ཚོགས་དང་། ཀ་ཏེ་སློབ་གླིང་། མུ་ཉེ་ཧེ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་བཅས་ཀྱི་རིགས་གཅིག་མཁས་པ་དང་རིག་གནས་པ། དེ་བཞིན་ས་གནས་དེ་གའི་ལས་རིགས་ཁག་གི་མི་སྣ་བཅས་མི་གྲངས་ ༨༠ ཙམ་སྙན་ཞུའི་ཚོགས་འདུར་ཞུགས།
ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དང་བཅས་པ་ཟླ་འདིའི་ཚེས་ ༡༨ ཉིན་ཧན་སྦོར་ཕེབས་འབྱོར་བྱུང་བ་དང་འཇར་མན་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་གནང་ཡོད། སྤེལ་རེས་ཚོགས་པས་ད་དུང་ཚེས་ ༢༡ ཉིན་ཨའོ་སི་ཊ་རེ་ཡར་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༡ ཉིན༽
༤༽ ཟླ་ ༥ ཚེས་ ༡༨ ཉིན་ནས་ཚེས་ ༢༠ ཉིན་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་འཕྲད་པའི་དུས་བབ་ལ་ཞིབ་འཇུག་གཏིང་ཟབ། འཐབ་ཕྱོགས་གཅིག་གྱུར་གྱི་ཕྱོགས་ཁག་གི་ལས་དོན་ཏན་ཏིག་སྒྲུབ་པ། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཆེད་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱ་ཁྱབ་ཀྱི་སྟོབས་ཤུགས་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ་་་་་་་་་
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཀྱི་ལས་དོན་དང་ཆོས་ལུགས་ཀྱི་ལས་དོན་ཚང་མ་ནི་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཡིན། ན་ནིང་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐབ་ཇུས་ལས་འགན་གཏན་འཁེལ་བྱས་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན། སྒོ་ཀུན་ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པར་ངེས་པར་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ངེས་པར་དུ་རྩོད་སྒྲུབ་ཀྱི་ཐོག་ནས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ལྟ་སྟངས་འཛིན་པ། ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། རིག་གནས་གྲ་རྒྱས། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་ཆོས་ལུགས་ཀྱིས་ཞབས་འདེགས་ཧུར་ཐག་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས། ཞེས་གསུངས་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས།ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༡ ཉིན༽
༥༽ ཟླ་ ༥ ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ ༢༠༡༥ ལོའི་མཐོ་སློབ་མཐར་ཕྱིན་སློབ་མ(རང་སྐྱོང་ལྗོངས་ཕྱི་ལོགས་ནས)ཆེད་གཉེར་གདན་ཞུའི་ཚོགས་འདུ་དང་སྲིད་ཇུས་སྒྲོག་སྦྱང་ཚོགས་འདུ་ཞན་དབྱང་གྲོང་ཁྱེར་དུ་ཡོད་པའི་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས། གདན་ཞུའི་ཚོགས་འདུ་འདི་ནི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་བྱས་ཤིང་། རང་སྐྱོང་ལྗོངས་ཕྱི་ནང་གི་མི་དགོས་མཁན་ལས་ཁུངས་ ༡༦༩ ཡིས་གདན་ཞུའི་ལས་གནས་ ༢༧༢༡ མཁོ་འདོན་བྱས་ཡོད་པ་དང་། ཆེད་ལས་ ༥༠ ལྷག་དང་འབྲེལ་བ་ཡོད། དེའི་ཁྲོད་གདན་ཞུའི་ཚོགས་འདུ་དངོས་སུ་གདན་ཞུ་བྱེད་པའི་ལས་ཁུངས་ ༣༨ ཡོད་པ་དང་། ཁེ་ལས་གཞན་དག་གིས་ཁ་པར་ཐོག་ནས་འདྲི་རྩད་དང་དྲ་རྒྱའི་ཐོག་ནས་གདན་ཞུ་སོགས་ཀྱི་བྱེད་ཐབས་ཐོག་ནས་གདན་ཞུ་བྱེད་རྒྱུ་ཡིན་ཞིང་། མཐར་ཕྱིན་སློབ་མ་ ༢༠༠༠ ལྷག་ཙམ་ཐེངས་འདིའི་གདན་ཞུའི་ཚོགས་འདུ་རུ་ཞུགས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༢༥ ཉིན༽
༦༽ བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཁུན་མིང་དང་ཁྲང་ཧྲ་བར་གྱི་གནམ་གྲུ་དེ་ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཆུ་ཚོད་ ༩ དང་སྐར་མ་ ༣༥ ཡི་ཐོག་ལྷ་ས་ནས་འཕུར་འགོ་ཚུགས་པ་དང་། ལྷ་ས་ནས་ནན་ཁྲུང་དང་ཧང་ཀྲའུ་བར་ཕར་འགྲོ་ཚུར་འོང་བྱེད་པའི་གནམ་གྲུ་ཟླ་འདིའི་ཚེས་ ༢༡ ཉིན་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་། བོད་ལྗོངས་ཡུལ་སྐོར་གྱི་དུས་བཟང་འཆར་བ་དང་བསྟུན་ནས་མཁའ་ལམ་གསར་པས་བོད་ལྗོངས་ཡུལ་སྐོར་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་པ་རེད།
མིག་སྔར་བོད་ལྗོངས་མཁའ་འགྲུལ་ཀུང་སི་བོད་ལྗོངས་ཀྱི་གནམ་ཐང་ཆེན་པོ་ལྔར་ཁྱབ་ཡོད། གཞི་གྲངས་ལས་མངོན་ཚུལ་ལྟར་ན། ན་ནིང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་བོད་ལྗོངས་ཀྱི་མཁའ་འགྲུལ་ཁྲོམ་རའི་ཐོག་གནམ་གྲུ་འབབ་འཕུར་བྱེད་ཐེངས་མང་ཤོས་ཡིན་པ་དང་ ༣༧.༣% ཟིན་ཞིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཨང་གཉིས་པ་ཡིན་པ་དང་ ༢༨.༤% ཟིན་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༦ ཉིན༽
༧༽ བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པ་ནི་ ༡༩༩༨ ལོར་བོད་རིགས་སློབ་མ་འགས་གཙོ་གཉེར་བྱས་པའི་བོད་ཡིག་སློབ་ཚོགས་ཞིག་ཡིན་ལ། ༢༠༠༣ ལོར“བོད་ཡིག་སློབ་ཚོགས”ཞེས་པ་ནས“གངས་ལྷའི་བརྩེ་སེམས་ཚོགས་པ”ཞེས་པར་བསྒྱུར། ཚོགས་པ་འདི་ནི་ཡིག་བསྒྱུར་པུའུ་དང་། དྲིལ་བསྒྲགས་པུའུ། རྩོམ་སྒྲིག་པུའུ། རིག་རྩལ་པུའུ། ཡིག་གཟུགས་པུའུ་བཅས་ལྔ་ལས་གྲུབ་ཡོད་ལ། རྣམ་ཀུན་གཟའ་རེའི་གཟའ་སྤེན་པའི་དགོང་མོར་བོད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བཞིན་ཡོད། དེའི་ཁྲོད་བོད་ཡིག་གསབ་འཁྲིད་དང་། རྒྱ་བོད་ཡིག་སྒྱུར། བོད་སྐད་ཀྱི་གཏམ་བཤད། རྩོམ་ཡིག་འགྲན་བསྡུར། ཡིག་གཟུགས་འབྲི་སྦྱོང་། ཡིག་རྒྱུགས་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།
<<སིང་སིང་དྲིལ་བུ>>དང<<གངས་ལྷའི་སྨྱུག་རིས>>ཞེས་པ་གཉིས་ནི་གངས་ལྷའི་བརྩེ་སེམས་ཚོགས་པས་གཉེར་བའི་རྩོམ་ཡིག་དུས་དེབ་དང་ཡིག་གཟུགས་དུས་དེབ་ཡིན་ལ། དེའི་ནང་གི<<སིང་སིང་དྲིལ་བུ>>ཞེས་པའི་དུས་དེབ་ཐོག་རྒྱུན་དུ་རང་མི་རིགས་ཀྱི་རྩོམ་རིག་ལ་དགའ་ཞེན་ཆེ་བ་དང་། ནང་སར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ཚོས་བྲིས་པའི་རང་ཉིད་ཀྱི་འཚོ་བ་དང་ཕུགས་འདུན་སོགས་བརྗོད་པའི་རྩོམ་ཡིག་བཀོད་ཡོད་པས། འདི་ནི་ཁོང་ཚོས་ལང་ཚོ་མངོན་པའི་གར་སྟེགས་ལྟ་བུ་ཞིག་ཏུ་གྱུར་ཡོད། དུས་དེབ་འདི་ཐོག་གི་རྩོམ་ཡིག་མང་པོ་ཞིག<<བོད་ལྗོངས་ཉིན་རེའི་ཚགས་པར>>དང<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>སོགས་ཀྱི་དུས་དེབ་ཐོག་ཏུ་ཡང་བཀོད་མྱོང་ཡོད།
ཚོགས་པ་འདི་བཙུགས་པ་ནས་ད་བར་བགྲང་བྱ་བཅུ་བདུན་ལྷག་ཙམ་སོང་བའི་རིང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི“ཕུལ་བྱུང་སློབ་ཚོགས”དང“སྔོན་ཐོན་སློབ་ཚོགས”སོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་མྱོང་ལ། ༢༠༠༧ ལོར་བོད་རང་སྐྱོང་ལྗོངས་ཀྱི“ཕུལ་བྱུང་སློབ་ཚོགས”ཀྱི་མཚན་སྙན་ཡང་ཐོབ་མྱོང་། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༥ ཚེས་ ༢༥ ཉིན༽
༨༽ བསྟུད་མར་ཉིན་མཚན་ ༢༠ ཙམ་དཀའ་འཐབ་བྱས་རྗེས་རིམ་རྩིས་བྱས་ན་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཀྲུང་ནེའི་གཞུང་ལམ་དང་། སྐྱིད་གྲོང་ནས་ཀ་ཊ་མན་ཊོའི་བར་གྱི་ནེ་པ་ལའི་ནང་ཁོངས་ཀྱི་གཞུང་ལམ་ཀེ་ལོ་མི་ཊ ༡༤༨ མྱུར་བཟོ་ཤར་གཏོང་བྱས་རྗེས་ཟླ་འདིའི་ཚེས་ ༢༤ ཉིན་གྱི་ཆུ་ཚོད་ ༢༢ ཐོག་ཀྲུང་གོའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རོགས་སྐྱོབ་རུ་ཆེན་གྱིས་ནེ་པ་ལར་བསྐྱོད་ནས་ཡོམ་འགོག་གེགས་སེལ་དང་། གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་རོགས་སྐྱོབ་དཔོན་དམག་ ༥༠༠ ཁག་སོ་སོར་འགྲམ་དང་སྐྱིད་གྲོང་འགག་སྒོ་ནས་རྒྱལ་ནང་དུ་ཕྱིར་ལོག་བྱས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༦ ཉིན༽
༩༽ ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཟླ་ ༥ ཚེས་ ༢༥ ཉིན་སུའེ་ཙེར་གྱི་རྒྱལ་ས་པེར་ནེར་འབྲེལ་ཡོད་རིག་གནས་པ་དང་བཞུགས་མོལ་གནང་བ་མ་ཟད་འབྲེལ་ཡོད་དྲི་བར་ལན་བསྐྱོན།
སྤེལ་རེས་ཚོགས་པའི་ཚོགས་གཙོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གི་ལས་རོགས་ཧའོ་ཧྲི་ཡོན་གྱིས། “ཁུལ་གཅིག་ལམ་གཅིག”གི་འཐབ་ཇུས་ལ་སྐུལ་འདེད་དང་ཀྲུང་གོའི་བོད་ལྗོངས་ལ་ཁྱབ་པའི་ས་མཚམས་སྒྲོལ་བའི་དཔལ་འབྱོར་བར་ཁྱམས་བསྐྲུན་པ་དང་བསྟུན་ནས་ཀྲུང་གོས་བོད་ལྗོངས་དང་ནེ་པ་ལ་སོགས་རྒྱལ་ཁབ་བར་གྱི་མཐའ་མཚམས་ཉོ་ཚོང་དང་ཡུལ་སྐོར་རིག་གནས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་ཆབས་ཅིག་འབྲེལ་ཡོད་ས་ཁུལ་གྱི་ལོ་རྒྱུས་དང་སྐད་ཡིག ཡུལ་སྲོལ། ཆོས་ལུགས་སོགས་རིག་གནས་རིག་གཞུང་གི་ཞིབ་འཇུག་ལ་རེ་བ་སྔར་བས་མང་བ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་རིག་གནས་པས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་བོད་རིག་པའི་ཞིབ་འཇུག་དེ་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ཧའོ་ཧྲི་ཡོན་གྱིས། མིག་སྔར་ཡོ་རོབ་གླིང་དུ་ལོ་མང་རིང་བོད་རིག་པའི་ཞིབ་འཇུག་རྒྱུན་འཁྱོངས་བྱེད་པའི་རིག་གནས་པ་ཁག་གཅིག་གཅིག་ཏུ་བསྡུས་ཡོད་པ་དང་། རིག་གནས་པ་ཁག་གཅིག་གིས་ཐ་ན་ལོ་ངོ་སུམ་ཅུ་ཉིན་གཅིག་ལྟར་རྩ་ཆེའི་གཞུང་ལུགས་ལེགས་སྒྲིག་གིས་བློ་རྩེ་གཅིག་སྒྲིམ་ངང་དུས་རབས་ ༡༧ པའི་གོང་གི་གནའ་རབས་བོད་ཡིག་ཚིག་མཛོད་རྩོམ་སྒྲིག་བྱེད་ཀྱི་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་ཡིན། ལོ་མང་རིང་། ཀྲུང་གོའི་རིག་གནས་པ་དང་རྒྱལ་སྤྱིའི་ལས་རིགས་གཅིག་པས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད་ཅེས་བཤད།
སུའེ་ཙེར་པེར་ནེར་སློབ་ཆེན་སྐད་ཡིག་ཞིབ་འཇུག་ཁང་གི་འགན་འཛིན་ཇའོ་ཀྲི •ཧྥན་ཏེ་ལི་མུས་སུའེ་ཙེར་རིག་གནས་པའི་ཚབ་ཞུས་ཏེ་ཀྲུང་གོའི་ལས་རིགས་གཅིག་པ་རྣམས་ལ་དགའ་བསུ་ཞུས། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཟླ་ ༥ ཚེས་ ༡༨ ཉིན་ཧན་སྦོར་འབྱོར་བ་དང་། འཇར་མན་དང་ཨའོ་སི་ཊ་རེ་ཡ། སུའེ་ཙེར་བཅས་ལ་འཚམས་འདྲི་གནང་འགོ་ཚུགས་ཡོད། སྤེལ་རེས་ཚོགས་པས་ཁག་སོ་སོར་ཧན་སྦོ་དང་མུ་ཉེ་ཧེ། ཝུས་ཡེ་ན་བཅས་སུ་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་སྙན་ཞུའི་བྱེད་སྒོ་རབ་དང་རིམ་པར་ཞུགས་ཡོད། སྤེལ་རེས་ཚོགས་པས་ད་དུང་ཡོ་རོབ་གླིང་གི་འབྲེལ་ཡོད་རིག་གནས་པས་དུས་སང་གཉེར་རྒྱུའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་བསྡུར་ཚོགས་འདུར་ཞུགས་རྒྱུའི་གདན་ཞུ་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༦ ཉིན༽
༡༠༽ ༢༠༡༥ ལོའི་ལོ་འཁོར་གྱི་དྲ་ཐོག་དམག་ཞབས་ཐོ་འགོད་དང་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་པའི་ལས་དོན་དེ་ཟླ་ ༤ ཚེས་ ༡ ཉིན་ནས་བཟུང་ཕྱོགས་ཡོངས་ནས་སྤེལ་བ་དང་། ལོ་ན་འཚམ་པའི་ཕོ་གཞོན་གྱིས“རྒྱལ་ཡོངས་དམག་བསྡུའི་དྲ་བར”ཞུགས་ནས་དམག་ཞབས་ཐོ་འགོད་བྱེད་པ་དང་དེ་རྗེས་ས་གནས་དེ་གའི་དམག་ཞབས་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་ཐོ་འགོད་གནས་ཚུལ་ལ་ས་ཆ་དེ་རང་དུ་ཞིབ་བཤེར་གཏན་འཁེལ་དང་དེ་བཞིན་ཐོག་མར་ཞིབ་བཤེར་ཞིབ་དཔྱད་བྱས།
བོད་རང་སྐྱོང་ལྗོངས་དམག་བསྡུ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《དུས་བབ་གསར་པའི་འོག་ལས་ཞུགས་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱང་ཚད་མཐོ་བའི་མཐོ་སློབ་སློབ་མ་དེ་བས་མང་བ་དམག་མིར་ཞུགས་རྒྱུའི་ཡིད་དབང་བཀུག་ནས་མཐོ་སློབ་སློབ་མ་དམག་མིར་བསྡུ་བའི་གྲངས་འབོར་དང་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། འདི་ལོ་ནས་བཟུང་སློབ་ཆེན་སློབ་མ་དམག་མིར་ཞུགས་ན་སླར་ཡང་གཟིགས་སྐྱོང་སྲིད་ཇུས་ཁག་དྲུག་ལོངས་སུ་སྤྱོད་ཆོག་གི་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༢༨ ཉིན༽
༡༡༽ བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ལྷ་ས་ནས་ཁུན་མིང་བརྒྱུད་ཁྲང་ཧྲ་བར་གྱི་དུས་གཏན་གནམ་གྲུ་ཟླ་ ༥ ཚེས་ ༢༥ ཉིན་གྱི་ཆུ་ཚོད་ ༩ དང་སྐར་མ་ ༣༥ ལ་ལྷ་ས་ནས་འཕུར་འགོ་ཚུགས་པ་དང་ལྷ་ས་ནས་ནན་ཁྲུང་བརྒྱུད་ཧྲང་ཀྲོའུ་བར་གྱི་ཕར་འགྲོ་ཚུར་ལོག་དུས་གཏན་གནམ་གྲུ་ཚེས་ ༢༡ ཉིན་ཐེངས་དང་པོ་འཕུར་ཐུབ་པ་བྱུང་ཞིང་། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་དར་བའི་དུས་ཚིགས་ཤར་བ་དང་བསྟུན་ནས་གསར་དུ་བཏོད་པའི་མཁའ་ལམ་གྱིས་བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད། གཞན་ཡང་འཕུར་རེས་ཨང་གྲངས TV9857ཡིན་པའི་ལྷ་ས་ནས་ནན་ཁྲུང་བརྒྱུད་ཧང་ཀྲོའུ་བར་གྱི་དུས་གཏན་གནམ་གྲུ་འདི་ཟླ་ ༥ ཚེས་ ༢༡ ཉིན་ཐེངས་དང་པོ་འཕུར་ཐུབ་པ་བྱུང་ཞིང་། དུས་གཏན་གནམ་གྲུ་དེ་རེས་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་ཐེངས་རེ་འཕུར་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༥ ཚེས་ ༢༩ ཉིན༽
༡༢༽ མ་དངུལ་ཧ་ལམ་སྒོར་དུང་ཕྱུར་ ༢༣.༤ བཏང་བའི་ཡུན་ནན་ནས་བོད་ལྗོངས་བར་གྱི་གཞུང་ལམ་གསར་པ་ཉིན་འགའི་གོང་དངོས་སུ་སྐྲུན་འགོ་ཚུགས་ཡོད།
ཡུན་ནན་དང་བོད་ལྗོངས་བར་གྱི་གཞུང་ལམ་གསར་པ་འདིའི་འགོ་འཛུགས་ས་ནི་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་འབིང་ཀྲུང་ལོ་ཤང་ཡིན་པ་དང་། ཡུན་ནན་དང་བོད་ལྗོངས་ཀྱི་འབྲེལ་མཚམས་བརྒྱུད་བོད་ལྗོངས་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་སླེབས་པ་དང་། མཐར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ་སླེབས་ཀྱི་ཡོད། དེ་རྗེས་ཁྲོན་བོད་ལམ་ཐིག་དང་འབྲེལ་ཡོད། ལམ་ཐིག་གཙོ་བོའི་རིང་ཚད་ཧྲིལ་པོར་ཀེ་ལོ་མི་ཊ ༢༨༠ ཡོད་པ་དང་དེའི་ཁྲོད་བོད་ལྗོངས་ནང་ཁོངས་སུ་ཀེ་ལོ་མི་ཊ ༢༥༣ ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མ་ལམ་གཙོ་བའི་ལམ་ཐིག་ཕུད་ཡུན་ནན་ནས་བོད་ལྗོངས་བར་གྱི་འགྲོ་ལམ་གསར་པའི་ཁྲོད་བོད་ལྗོངས་ནང་ཁོངས་སུ་ད་དུང་རིང་ཚད་ཀེ་ལོ་མི་ཊ ༤༢ ཟིན་པའི་ཉིང་ལག་ལམ་ཐིག་གི་གཞུང་ལམ་འཛུགས་རྒྱུའི་གྲ་སྒྲིག་ཡོད། རྣམ་གྲངས་དེའི་གཙོ་བོའི་ལམ་ཐིག་དང་ཉིང་ལག་ལམ་ཐིག་ཚང་མར་རིམ་པ་བཞི་པའི་གཞུང་ལམ་གྱི་ཚད་གཞི་བཟུང་ནས་བསྐྲུན་རྒྱུ་དང་། ཇུས་འགོད་བྱས་པའི་མྱུར་ཚད་ནི་ཆུ་ཚོད་རེར་ཀེ་ལོ་མི་ཊ ༢༠ ཡིན་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ ༢༠༡༣ ལོའི་ཟླ་ ༡༢ པའི་སྐབས་ཡུན་ནན་དང་བོད་ལྗོངས་བར་གྱི་འགྲོ་ལམ་གསར་པའི་ལས་གཞིའི་རྣམ་གྲངས་ཀྱི་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུར་མཆན་བཀོད་བཀའ་ལན་གནང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ ༢༠༡༤ ལོར་ལས་གཞི་འདིའི་ཇུས་འགོད་ཇུས་གཞིར་མཆན་བཀོད་བཀའ་ལན་གནང་ཡོད་པ་རེད།
སྲོལ་རྒྱུན་དུ་ངོས་འཛིན་བྱེད་པའི་ཡུན་ནན་དང་ལྗོངས་བར་གྱི་གཞུང་ལམ་ནི་གཙོ་བོ་འགོ་འཛུགས་ས་ཡུན་ནན་ཁུན་མིང་ཡིན་པ་དང་། ཡུན་ནན་གྱི་ལིའི་ཅང་དང་ཡུན་ནན་དང་བོད་ལྗོངས་བར་གྱི་འབྲེལ་མཚམས་སུ་གནས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་། མཛོ་སྒང་རྫོང་སོགས་ས་ཆ་བརྒྱུད་མཐར་ལྷ་སར་འབྱོར་བའི་ལམ་ཐིག་དེར་གོ་བ་དང་། རིང་ཚད་ཧྲིལ་པོར་ཀེ་ལོ་མི་ཊ ༡༣༠༠ ལྷག་ཙམ་ཡོད།
བོད་ལྗོངས་ཉིང་ཁྲི་ས་ཁུལ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐང་ཡུང་ཅུན་གྱིས། ཡུན་ནན་དང་བོད་ལྗོངས་བར་གྱི་གཞུང་ལམ་གསར་པ་བསྐྲུན་རྗེས་བོད་ལྗོངས་དང་ཡུན་ནན་བར་གྱི་འགྲིམ་འགྲུལ་བར་ཐག་ཐུང་དུ་འགྲོ་བ་དང་ས་ཆ་གཉིས་པོའི་འགྲིམ་འགྲུལ་འབྲེལ་བ་དེ་བས་སྟབས་བདེར་འགྲོ་བས་མུ་མཐུད་ས་ཆ་གཉིས་ཀྱི་ཚོང་དོན་དང་ཡུལ་སྐོར་སོགས་ཀྱི་མཉམ་ལས་འབྲེལ་བ་དམ་ཟབ་ཏུ་གཏོང་བར་ཕན་པ་ལྡན་ཡོད་ཅེས་ངོ་སྤྲོད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༥ ཚེས་ ༢༩ ཉིན༽
༡༣༽ ཟླ་ ༥ ཚེས་ ༢༦ ཉིན་ ༢༠༡༥ ལོ་འཁོར་གྱི་རང་ལྗོངས་ཀྱི་དམག་མི་དང་ཉེན་རྟོག་པའི་སློབ་གླིང་སློབ་གྲྭ་དང་རྒྱལ་སྲུང་སློབ་མ་བསྡུ་བའི་ལས་དོན་ལྷ་ས་བརྒྱད་གཅིག་སློབ་གྲྭར་དངོས་སུ་སྤེལ་འགོ་ཚུགས་ཤིང་། འདི་ལོ་སློབ་མ་ ༡༣༤ བསྡུ་རྒྱུའི་འཆར་གཞི་ཡོད་པ་དེའི་ནང་དམག་དཔུང་གི་སློབ་གླིང་དང་སློབ་གྲྭར་སློབ་མ་ ༦༥ དང་། དྲག་ཆས་ཉེན་རྟོག་སློབ་གླིང་དང་སློབ་གྲྭར་སློབ་མ་ ༦༠ ། རྒྱལ་སྲུང་སློབ་མ་ ༩ བཅས་བསྡུ་རྒྱུ་ཡིན་པ་རེད།
བོད་དམག་ཁུལ་ཁང་ཆབ་སྲིད་པུའི་ལས་བྱེད་ཁྲུའུ་ཡི་ཁྲུའུ་ཀྲང་ཅིན་ཀང་གིས་འདི་ལོ་རང་ལྗོངས་ཀྱི་སློབ་བསྡུའི་མི་གྲངས་ན་ནིང་གི་མི་གྲངས་ ༡༢༣ གྱི་རྨང་གཞིའི་ཐོག་མི་གྲངས་ ༡༡ མང་དུ་བཏང་བ་དང་སློབ་མའི་ཡོང་ཁུངས་ཚང་མ་ཁག་གཉིས་པའི་དངོས་གཞིའི་ཚན་ཁག་ཡན་ཡིན་པ་མ་ཟད། ཕལ་ཆེ་བ་རང་བྱུང་ཚན་རིག་ཚན་ཁག་གི་སློབ་མ་བསྡུ་རྒྱུའི་འཆར་གཞི་ཡོད་ཅེས་ངོ་སྤྲོད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༥ ཚེས་ ༢༩ ཉིན༽
༡༤༽ ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་ ༣༠ ཡི་ནང་བོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣ་ ༣༢༡༡༦ གསོ་སྐྱོང་བྱས་པའི་ནང་སློབ་ཆེན་སློབ་ཐོན་སློབ་མ་ ༡༥༡༥༩ དང་། འབྲིང་རིམ་དགེ་འོས་ཆེད་ཚན་སློབ་གྲྭའི་སློབ་ཐོན་སློབ་མ་ ༤༨༤༠ ། འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་ཐོན་སློབ་མ་ ༦༨༧༠ འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་ཐོན་སློབ་མ་ ༥༢༤༧ བཅས་ཡོད་པ་རེད།
དུས་རབས་གོང་མའི་ལོ་རབས་ ༨༠ པར་བོད་དུ་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པ་དང་སློབ་གསོའི་རྨང་གཞི་བལྟོས་བཅས་ཀྱིས་ཞན་པ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སར་བོད་ལྗོངས་འཛིན་གྲྭ་གཉེར་རྒྱུའི་འཐབ་ཇུས་གལ་ཆེན་དེ་བཏིང་། ༡༩༨༥ ལོའི་ཟླ་ ༩ པར་བོད་རིགས་གཙོ་བོར་བྱས་པའི་བོད་ལྗོངས་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་ནང་སར་སློབ་སྦྱོང་བྱེད་པར་ཐོག་མར་མངགས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་སློབ་གསོའི་རྣམ་པ་གསར་པ་དེ་བཏོད་ཡོད། མིག་སྔར་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་ ༢༡ གི་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭར་ནང་སའི་བོད་ལྗོངས་འཛིན་གྲྭ་དང་འབྲིང་རིམ་ཆེད་ལས་འཛིན་གྲྭ་ ༡༣༧ བཙུགས་པའི་ནང་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་ ༡༨༡༠༠ ཡོད་པ་རེད།
ད་ཆ་བོད་ཀྱི་མི་འབོར་ཁྲི་ ༣༡༢ ཁྲོད་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མས་ ༡% ཁོ་ན་ལས་བཟུང་གི་མེད་རུང་། ཁོང་ཚོ་མང་ཆེ་བ་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། ཤེས་རྟོགས་བྱུང་གསལ། ནང་སའི་བོད་ལྗོངས་འཛིན་གྲྭར་བསྡུ་ཚད་མིང་ཐོ་བཀོད་པའི་བསྡོམས་འབོར་གྱི་ ༡༠% ལས་ཟིན་གྱི་མེད་པ་དང་། སྲིད་གཞུང་གིས་ཞིང་འབྲོག་པའི་བུ་ཕྲུག་ནང་སར་སློབ་སྦྱོང་བྱེད་པར་སྐྱོད་ཐུབ་པ་བྱ་ཆེད། བོད་ལྗོངས་འཛིན་གྲྭའི་སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་དང་། མཐའ་མཚམས་རྫོང་། ས་བབ་མཐོ་བའི་ས་ཁུལ། ལྗོངས་ནང་ཁུལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་བཅས་ལ་ཕྱོགས་ནས་སློབ་བསྡུའི་འཆར་གཞིའི་ ༧༠% ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མ་བསྡུ་བའི་ཐད་སྤྱད་ཡོད།
ནང་སའི་བོད་ལྗོངས་འཛིན་གྲྭར་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ནས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ནོར་སྲིད་ཀྱིས་ཆེད་དོན་འགྲོ་གྲོན་གྱི་རྩིས་ཁྲ་ལོགས་སུ་བཟོས་ཏེ་བོད་ལྗོངས་འཛིན་གྲྭའི་སློབ་མའི་སློབ་སྦྱོང་དང་། འཚོ་བ། སྨན་བཅོས་སོགས་ཀྱི་འགྲོ་སོང་ཐག་གཅོད་བྱས་ཡོད་པ་དང་། ཁ་གསབ་ཚད་གཞི་དེ་ལོ་རེར་སློབ་མ་རེར་སྒོར་ ༨༠༠༠ ལས་བརྒལ་ཡོད་པ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༦ ཚེས་ ༡ ཉིན།