སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཟླ་ ༥ ཚེས་ ༢༦ ཉིན་ནས་ཟླ་ ༦ ཚེས་ ༡ ཉིན་བར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས༼པཎ་ཆེན་རྫུན་མ༽ཡུན་ནན་ཞིང་ཆེན་དུ་གཟིགས་སྐོར་སློབ་སྦྱོང་བྱས་པ་མ་ཟད་ཞབས་བརྟན་ཞུ་བའི་བྱེད་སྒོའང་སྤེལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་པཎ་ཆེན་མཆོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དགའ་ལྡན་སྲོང་བཙན་གླིང་དང་། སེམས་ཀྱི་ཉི་ཟླའི་རིག་གནས་དངོས་མང་བཤམས་སྟོན་ལྟེ་གནས། ཡུན་ནན་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གྲྭ། བདེ་ཆེན་རྫོང་གི་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་སོགས་སུ་ཞབས་བརྟན་ཞུ་བའི་བྱེད་སྒོ་སྤེལ་བ་དང་། དགེ་འདུན་པ་ཚོ་དང་དད་ལྡན་མང་ཚོགས་ཀྱི་དོན་དུ་ཞལ་འདོན་སྨོན་ལམ་འདེབས་པ་དང་ཕྱག་དབང་གནང་སྟེ་བདེ་བ་བསྩལ་ཟེར།
འདི་ནི་པཎ་ཆེན་མཆོག་དུས་ཡུན་ལོ་ ༩ སོང་བའི་རྗེས་སུ་བསྐྱར་དུ་ཡུན་ནན་དུ་ཕེབས་པ་ཡིན་ཞིང་། ཁོང་གིས་ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་མཐུན་འབྲེལ་ཡོང་བའི་རྣམ་པ་བཟང་པོ་མཐོང་སྐབས་དགའ་སྤྲོ་ཧ་ཅང་ཆེན་པོ་སྐྱེས་ཤིང་། པཎ་ཆེན་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྲོལ་རྒྱུན་གཟི་བརྗིད་ཅན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་འོག་རྒྱལ་གཅེས་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན”བྱེད་རྒྱུའི་ལས་འགན་ལྗིད་པོ་ལེགས་འགྲུབ་བྱས་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་འབྲེལ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༣ ཉིན༽
༢༽ ཟླ་ ༦ ཚེས་ ༨ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་<< ༢༠༡༤ ལོའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གོང་དུ་འཕེལ་ཚུལ>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཞིང་། དེའི་ནང་ ༢༠༡༤ ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་ལ་འཕེལ་རྒྱས་རྒྱུན་ཆད་མེད་པར་བྱུང་བ་དང་། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་པ་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲིད་འཛིན་ཁྲིམས་འཛིན་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རིག་གནས་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྲིམས་མཐུན་ངང་བཀོལ་སྤྱོད་བྱེད་པར་མུ་མཐུད་དེ་འགན་སྲུང་ཏན་ཏིག་བྱས་ཡོད་ཅེས་འཁོད་པ་དང་། བོད་རང་སྐྱོང་ལྗོངས་ལ་བོད་ཡིག་གི་དུས་དེབ་ཁྱོན་བསྡོམས་རིགས་ ༡༠ ཡོད་པ་དང་། བོད་ཡིག་ཚགས་པར་རིགས་ ༢༢ ཡོད་ལ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་སྐད་ལེ་ཚན་ ༤༢ གཏོང་གི་ཡོད་པ་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་བརྙན་འཕྲིན་ཆུ་ཚོད་ ༢༤ བསྟུད་མར་གཏོང་བཞིན་ཡོད་པ། བོད་རང་སྐྱོང་ལྗོངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་དུ་སྐད་གཉིས་སློབ་ཁྲིད་ལག་བསྟར་བྱེད་པའི་སློབ་མ་ཁྲི་ ༤༠ ལྷག་ཙམ་ཡོད་པས། སློབ་གྲྭར་ཡོད་པའི་སློབ་མ་བསྡོམས་གྲངས་ཀྱི་ ༩༧% ཟིན་ཡོད་ཅེས་འཁོད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༩ ཉིན༽
༣༽ ཟླ་ ༦ ཚེས་ ༨ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས<<༢༠༡༤ ལོའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གོང་དུ་འཕེལ་ཚུལ>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཡོད་པ་དང་། དེའི་ནང་ ༢༠༡༤ ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་འཕེལ་རྒྱས་རྒྱུན་ཆད་མེད་པར་བྱུང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་བྱས་ཡོད་ཅེས་འཁོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་ ༡༧༨༧ ཡོད་པ་དང་། དགོན་བཞུགས་གྲྭ་བཙུན་ཁྲི་ ༤.༦ ཡོད་པ། སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུད་འཛིན་བྱེད་སྲོལ་དམིགས་བསལ་ཅན་ཞིག་ཡིན་པར་རྒྱལ་ཁབ་ཀྱིས་བརྩི་འཇོག་གནང་གི་ཡོད་ཅིང་། མིག་སྔར་བོད་ལྗོངས་སུ་སྤྲུལ་སྐུ་ ༣༥༨ ཡོད་པ་དང་། དེའི་ནང་སྤྲུལ་སྐུ་གསར་པ་ ༤༠ ལྷག་ནི་ལོ་རྒྱུས་ཀྱི་གཏན་ཁེལ་སྒྲིག་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་གཞིགས་ཏེ་ངོས་འཛིན་གནང་བ་ཡིན་ཚུལ། དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་རྣམས་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་རྟེན་འགན་སྲུང་། མི་ལུས་ལ་བློ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་བཅས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་མ་ཟད། ལོ་རེར་གྲོན་དངུལ་མི་ལེན་པར་ལུས་ཁམས་བདེ་ཐང་ཡིན་མིན་ཞིབ་བཤེར་ཡང་བྱེད་བཞིན་ཡོད་པ། རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་ལ་གཞིགས་ཏེ་ ༢༠༡༤ ལོའི་བར་དུ་དགེ་འདུན་ ༡༡༠ ལ་མཐོ་རམས་པའི་མཐོ་རིམ་ཡོན་གནས་ཐོབ་པ་དང་། དགེ་འདུན་ ༨༤ ལ་འབྲིང་རམས་པའི་འབྲིང་རིམ་ཡོན་གནས་ཐོབ་པ། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་གསུང་རབ་སྲུང་སྐྱོང་དང་རྒྱུད་འཛིན་བྱས་ཤིང་། རྒྱལ་ཁབ་ཀྱིས་མ་དངུལ་འབུམ ༣༥༠ བཏང་ནས། ལོ་ ༢༠ ཡི་རིང་ལ<<བཀའ་བསྟན་འགྱུར>>(བོད་ཡིག)ཞེས་པའི་དཔེ་བསྡུར་མ་ལེགས་སྒྲིག་དང་པར་སྐྲུན་བྱས་ཡོད་ཚུལ་སོགས་བཀོད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༩ ཉིན༽
༤༽ སྤྱི་བདེ་པུའུ་ཡི་དྲ་ཚིགས་ནས་སྤེལ་བའི་ཆ་འཕྲིན་ལྟར་ན། ཟླ་ ༦ ཚེས་ ༨ ཉིན་རྒྱལ་དོན་ཨུ་ཡོན་དང་། སྤྱི་བདེ་པུའི་པུའུ་ཀྲང་། སྤྱི་བདེ་པུའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཀུའོ་ཧྲེང་ཁུན་གྱིས་པུའུ་རིམ་པའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་སྟེ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཞན་སར་བདག་སྤྲོད་བྱེད་རྒྱུ་དང་། བོར་ཐོ་འགོད་རྒྱུ། རྙེད་བརྡ་གཏོང་རྒྱུ་བཅས་ཀྱི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཀུའོ་ཧྲེང་ཁུན་གྱིས་གནད་དོན་སྟོན་ཕྱོགས་སུ་འཛིན་པ་དང་། བསྒྱུར་བཅོས་སྒུལ་ཤུགས་སུ་འཛིན་པ། བཅའ་ཁྲིམས་གཞི་འཛིན་སར་འཛིན་པ། ཆ་འཕྲིན་ཅན་གྱིས་འདེབས་སྐྱོར་བྱེད་པ་བཅས་ཀྱི་སྒོ་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཞན་སར་བདག་སྤྲོད་བྱེད་རྒྱུ་དང་། བོར་ཐོ་འགོད་རྒྱུ། རྙེད་བརྡ་གཏོང་རྒྱུ་བཅས་ཀྱི་ལམ་ལུགས་བཙུགས་ནས་མང་ཚོགས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཞུ་ལེན་བྱེད་པར་སྟབས་བདེ་སྔར་ལས་མང་བ་མཁོ་འདོན་བྱེད་དགོས་པ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྱི་ཚོགས་ཐོག་བཀོལ་སྤྱོད་བྱེད་རྒྱུར་སྔར་ལས་བདེ་འཇགས་ཆེ་བའི་ཁོར་ཡུག་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༩ ཉིན༽
༥༽ ཟླ་ ༦ ཚེས་ ༧ ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི<<ཕ་ཡུལ>>ཞེས་པའི་ལེ་ཚན་ཚོགས་ཆུང་དང་། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་འཛམ་གླིང་སྐད་ཡིག་དཔེ་སྐྲུན་ཁང་། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་སོགས་སྡེ་ཚན་གྱིས་མཉམ་འབྲེལ་བྱས་ནས་ཕབ་སྐྲུན་བྱེད་པའི་ཀྲུང་གོའི་ཞང་ཞུང་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་གི་དངོས་བྲིས་གློག་བརྙན་ཐོག་མ<<ཞང་ཞུང>>ཞེས་པ་ཕབ་སྐྲུན་བྱེད་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་ཕབ་སྐྲུན་བྱེད་འགོ་རྩོམ་པའི་མཛད་སྒོ་པེ་ཅིང་གྲོང་ཁྱེར་དུ་འཚོགས། དངོས་བྲིས་གློག་བརྙན་འདིས་གནའ་རྫས་དཔྱད་ཞིབ་ཀྱི་ཚད་ལྡན་ཡིག་ཆ་ཁུངས་སྣེར་བཟུང་བ་དང་། མཐོང་རྒྱ་གསར་པའི་ཐོག་ནས་གཟིགས་མོ་བ་རྣམས་དར་རྒྱས་འོད་སྟོང་འབར་མྱོང་བའི་གནའ་བོའི་མིའི་རིགས་ཀྱི་ཤེས་དཔལ་ལྡན་པའི་ཕ་སར་འཁྲིད་རྒྱུ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། དངོས་བྲིས་གློག་བརྙན<<ཞང་ཞུང>>ཞེས་པ་དེས་ཞིབ་ཅིང་བདེན་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་། གནའ་རྫས་དཔྱད་ཞིབ་ཡིག་རིགས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོའི་ཞིབ་འཇུག་བྱས་པའི་གྲུབ་འབྲས་གསར་ཤོས་བཅས་གཞིར་འཛིན་པ་དང་། ཡུལ་ལྗོངས་དངོས་དང་ཟུང་འབྲེལ་བྱས་ནས་ཕབ་སྐྲུན་བྱས་ཏེ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་ཡུན་རིང་ཞིག་ལ་ས་འོག་ཏུ་ཉར་བའི་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་བརྗོད་དེ་མི་རྣམས་ལ་གནའ་བོའི་ཤེས་དཔལ་ལྡན་པའི་ལོ་རྒྱུས་དུམ་བུ་འདི་ཉིད་ཤེས་རྟོགས་དངོས་སུ་བྱེད་དུ་འཇུག་རྒྱུ་རེད། དེ་དང་དུས་མཚུངས་སུ་རྒྱ་ཆེའི་གཟིགས་མོ་བ་ལྷན་རྒྱས་ཀྱིས་ཡང་དག་པའི་ལོ་རྒྱུས་ལྟ་ཚུལ་དང་། མི་རིགས་ལྟ་ཚུལ། རིག་གནས་ལྟ་ཚུལ་བཅས་འཛུགས་པར་མཛུབ་སྟོན་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་སྟོན་པར་ལེགས་སྐྱེས་འབུལ་བའི་སྣེ་ཁྲིད་བྱེད་རྒྱུ། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་པོ་དྲ་བ་ལས། ཟླ་ ༦ ཚེས་ ༡༠ ཉིན༽
༦༽ མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ཉིན་བཞིན་ཆེ་རུ་འགྲོ་བའི་ཡུལ་སྐོར་འགྲུལ་རྒྱུན་གྱི་དགོས་མཁོ་སྐོང་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་ ༦ ཚེས་ ༥ ཉིན་ནས་བཟུང་ལྷ་ས་ནས་ཟི་ལིང་བར་ཐད་གཏོང་མེ་འཁོར་གཏོང་ཐེངས་མང་དུ་བཏང་ནས་རྒྱ་ཆེའི་འགྲུལ་པ་ཚོ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་རོགས་བྱས་ཡོད་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་ཟླ་ ༦ ཚེས་ ༥ ནས་ཚེས་ ༢༨ ཉིན་བར་ཟི་ལིང་ནས་ལྷ་ས་བར་ཉིན་ལྟར་ Z9815 རྟགས་ཅན་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་དང་། ཟླ་ ༦ ཚེས་ ༦ ནས་ཚེས་ ༢༩ ཉིན་བར་ལྷ་ས་ནས་ཟི་ལིང་བར་ཉིན་ལྟར་ Z9816 རྟགས་ཅན་གྱི་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ཡོད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༡༠ ཉིན༽
༧༽ ཉེ་ཆར་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་བློ་སྣ་ཁྲིད་པའི་སྒེར་འབུལ་ཐེབས་རྩ་ཚོགས་པ་སྟེ་ཀན་སུའུ་དོར་ཞི་བྱམས་ལྡན་ཐེབས་རྩ་ཚོགས་པ་ནུབ་བྱང་མི་རིགས་སློབ་ཆེན་དུ་བཙུགས།
རྒྱུས་ལོན་བྱུང་བ་ལྟར་ན། བློ་འདོན་མཁན་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་དོར་ཞི་རིན་པོ་ཆེ་ལགས་ཡིན་ཞིང་། ཐེངས་འདིར་བཙུགས་པའི་ཀན་སུའུ་དོར་ཞི་བྱམས་ལྡན་ཐེབས་རྩ་ཚོགས་པ་ནི་སྤྱི་འབུལ་ཐེབས་རྩ་ཚོགས་པ་མ་ཡིན་པར་ཐེབས་རྩའི་ཡོང་འབབ་ཀྱི་ཁུངས་ནི་སྤྱི་ཚོགས་ཀྱི་ཞལ་འདེབས་དང་། བཤེར་ཆོག་ཐོབ་པའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བའམ་ཞབས་ཞུ་མཁོ་འདོན་བྱེད་པའི་ཡོང་འབབ། མ་དངུལ་གཏོང་བའི་ཡོང་འབབ་དང་ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག་སོགས་ཡིན། ཐེབས་རྩ་ཚོགས་པའི་རྒྱུ་ནོར་གཙོ་བོ་དེ་སློབ་གསོའི་ཟབ་སྦྱོང་དང་། བསླབ་གཞི་སྒྱུར་སྒྲིག་པར་སྐྲུན། དྲ་རྒྱའི་ཆ་འཕྲིན་ཞབས་ཞུ། རིག་གནས་སྲུང་སྐྱོབ། སློབ་མར་རོགས་རམ། ཐེབས་རྩ་ཚོགས་པའི་ཉིན་རྒྱུན་བྱ་བ་སོགས་སུ་སྤྱོད་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་པོའི་དྲ་བ་ནས། ཟླ་ ༦ ཚེས་ ༡༠ ཉིན༽
༨༽ ཟླ་ ༦ ཚེས་ ༡༠ ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི(པཎ་ཆེན་རྫུན་མའི)མཇལ་ཞུ་དང་ལེན་གནང་ཞིང་། ཞིས་ཅིན་ཕིང་གིས་ཁོང་ལ་སློབ་སྦྱོང་སྙིང་རུས་དང་སྒོམ་ཧུར་ཐག་བརྒྱབ་སྟེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་བཞེད་དགོངས་རྒྱུན་འཛིན་དང་། ནང་པའི་ཆོས་ཀྱི་འགྲོ་བ་ཀུན་འདྲ་མཉམ་ཡིན་པ་དང་བྱམས་སྙིང་རྗེ་འཆང་བའི་འདུ་ཤེས་རྒྱུན་འཛིན་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་སྤེལ་ཧུར་ཐག་བཏང་སྟེ་ནང་བསྟན་རིག་པ་བྱང་ཆུབ་པ་དང་སེར་སྐྱ་དད་ལྡན་པ་རྣམས་ཀྱིས་གུས་བཀུར་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་གནང་རྒྱུའི་སྐུལ་ལྕག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཕེབས་རོགས་ཞུས་ཏེ་མཇལ་ཞུ་དང་ལེན་གནང་བ་རེད།
པཎ་ཆེན་གྱིས་ཞིས་ཅིན་ཕིང་ལ་མཇལ་དར་ཕུལ་བ་དང་འབྲེལ་རང་ཉིད་ཁྲི་འདོན་མངའ་གསོལ་བྱས་ནས་ལོ་ ༢༠ རིང་གི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཞིས་ཅིན་ཕིང་གིས་ཁོང་གང་ཅིའི་ཐད་ཡར་རྒྱས་ཆེན་པོ་ཕྱིན་པར་རྟེན་འབྲེལ་ཞུས་གནང་བ་རེད།
ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་ལོ་ཡིན་པས། ཏང་ཀྲུང་དབྱང་གིས་འཐུས་ཚབ་ཚོགས་པ་མངག་གཏོང་བྱས་ནས་བོད་ལྗོངས་སུ་བསྐྱོད་དེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དུས་ཆེན་འདིར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག་ ༢༠༢༠ ལོར་སླེབས་སྐབས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ནི་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཡུལ་མངོན་དུ་འགྱུར་བར་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱུང་འགྱུར་ནི་སྔར་ལས་བཟང་ཞིང་ཕུན་སུམ་ཚོགས་པ་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་པཎ་ཆེན(རྫུན་མ)ལ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཡིད་ལ་མེས་རྒྱལ་འཆང་བ་དང་སེམས་ལ་མི་དམངས་བཞག་སྟེ་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་དང་། ཆོས་ཀྱི་སྙིང་པོ་འཆད་འགྲེལ་གནང་རྒྱུར་ཧུར་བརྩོན་དང་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ནང་གི་ལེགས་སྤེལ་ཉེས་འགོག་དང་། འདྲ་མཉམ་དཀྱེལ་པོ་ཆེ། དབུལ་སྐྱོར་གུད་སྐྱོབ་ལ་སོགས་པའི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་གཏོང་དགོས་ཤིང་། བརྩོན་འགྲུས་ཆེན་པོས་སློབ་སྦྱོང་དང་བློ་སྦྱོང་བྱས་ཏེ་ཆོས་ལུགས་ཀྱི་ཤེས་ཡོན་ཇེ་མཐོར་འགྲོ་བ་དང་ཀུན་སྤྱོད་གསོ་སྦྱོང་ཇེ་ལེགས་ཡོང་བར་བྱེད་དགོས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་དང་དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་ཡོད་དོ་ཅོག་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་མཐོང་རྒྱ་དང་བློ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་རེ་བ་གནང་བ་མ་ཟད། མཇུག་ཏུ་ཞིས་ཅིན་ཕིང་གིས་པཎ་ཆེན་ལ་བསོད་བདེ་ཆེ་ཞིང་ཤེས་རབ་ལྡན་ལ་ཆོས་མགོ་ཐོན་པའི་སྨོན་འདུན་ཡང་ཞུས་གནང་བ་རེད།
པཎ་ཆེན་གྱིས་ངེས་པར་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་བྱས་ཏེ་རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལམ་དུ་འགོད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སློབ་སྟོན་ནན་ཏན་གནང་བ་སྙིང་དབུས་སུ་བརྟན་པོར་ངེས་ཏེ་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་བོད་ལྗོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་སྤེལ་གཏོང་ཆེད་ནུས་པ་གང་ཡོད་ལེགས་སྐྱེས་སུ་ཕུལ་ཏེ་ཏང་དང་མི་དམངས་ཀྱི་བྱམས་བརྩེ་ཆེ་བའི་ཐུགས་རེ་སྟོང་ཟད་དུ་གཏན་ནས་གཏོང་གི་མིན་ཞེས་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ལི་ཀྲན་ཧྲུའུ་གཉིས་ཀྱང་མཇལ་ཞུ་དང་ལེན་བྱེད་སྒོར་ཞུགས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡༠ ཉིན༽
༩༽ ཉེ་ཆར་དབྱི་རན་རྒྱལ་ས་ཐེ་ཧེ་རན་དུ་གཉེར་བའི་སྐབས་ ༣༣ པའི་སྐྱ་རེངས་ཉིན་བཅུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དབྱང་ཉན་ཧྭ་ཡིས་ཇུས་འགོད་དང་འཁྲབ་གཞུང་རྩོམ་པ་དང་། ཧན་གཡོད་དང་ཀྲའོ་ཉིང་ཡུས་གཉིས་ཀྱིས་འཁྲབ་ཁྲིད་བྱས་པ། གྲགས་ཅན་འཁྲབ་སྟོན་པ་སྟོབས་རྒྱལ་གྱིས་གཙོ་འཁྲབ་བྱས་པའི་གློག་བརྙན<<གངས་ལྗོངས་ཀྱི་ཏན་ཆིང>>ཞེས་པར་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་སྟེ། “དམིགས་བསལ་ཡོལ་དཀར་བྱ་དགའ”ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན<<གངས་ལྗོངས་ཀྱི་ཏན་ཆིང>>ཞེས་པ་ནི་ཡུན་ནན་མི་རིགས་གློག་བརྙན་བཟོ་སྐྲུན་ཁང་དང་བོད་ལྗོངས་ཆབ་མདོ་ས་ཁུལ་ཀྲུང་གུང་དཔའ་ཤོད་རྫོང་ཨུད་དང་སྲིད་གཞུང་གིས་མཉམ་འབྲེལ་ཐོག་པར་བླངས་པ་ཞིག་ཡིན་པ་དང་བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་མཚོན་པའི་གློག་བརྙན་ཞིག་རེད། དེའི་ནང་དགེ་འདུན་པ་ཞིག་གིས་རྒྱ་རིགས་ཀྱི་དྭ་ཕྲུག་ཞིག་གསོས་པ་དང་འབྲེལ་ཕྲུ་གུ་དེ་རི་མོ་མཁས་ཅན་ཞིག་ཏུ་གསོ་སྐྱོང་བྱས་པའི་གཏམ་རྒྱུད་གླེང་ཡོད། ཆོས་ལུགས་ཀྱི་བརྗོད་བྱ་དང་རྒྱུན་གཏན་གྱི་འཚོ་བ་ཟུང་འབྲེལ་དམ་ཟབ་བྱས་ནས་ཇ་རྟའི་གནའ་ལམ་ཐོག་གནས་པའི་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་གི་ཐུན་མིན་ཡུལ་སྲོལ་གོམས་འདྲིས་དང་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ས་ཁུལ་དེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས་གང་ལེགས་མངོན་ཡོད་པ་མ་ཟད། ད་དུང་བབ་ཆགས་པའི་མི་གཤིས་གང་ལེགས་མངོན་པར་བྱས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༡༡ ཉིན༽
༡༠༽ ཟླ་ ༦ ཚེས་ ༩ ཉིན་ ༢༠༢༢ ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་མཁན་འཐུས་མི་ཚོགས་པས་སུའེ་ཙེར་ལུའོ་སང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གསལ་འདེབས་སྤེལ་རེས་ཚོགས་འདུ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་གསལ་འདེབས་གནང་།
ལིའུ་ཡན་ཏུང་གིས་པེ་ཅིན་དང་ཀྲང་ཅ་ཁོའུ་ཡིས་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་ལ་གཉེར་འདོད་ཀྱང་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁས་ལེན་ཐམས་ཅད་དོན་འཁྱོལ་བྱས་ཏེ་ ༢༠༢༢ ལོར་པེ་ཅིན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ནོར་སྲིད་དང་། བཅའ་ཁྲིམས། བདེ་སྲུང་། སྒྲིག་འཛུགས་སོགས་ཐད་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་འགན་ལེན་དང་འཐུས་སྒོ་ཚང་ལ་སྟབས་བདེ་བའི་ཞབས་ཞུའང་བྱ་རྒྱུ་ཡིན། ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བ་བཅས་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བརྩི་གི་ཡོད། དེར་བརྟེན་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དེ་བཞིན་རྒྱ་ཆེའི་མང་ཚོགས་ཐད་ཀའི་ཕན་པ་ཐོབ་མཁན་དུ་འགྱུར་རྒྱུ་རེད་ཅེས་བཤད།
ལིའུ་ཡན་ཏུང་གིས་ཀྲུང་གོས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་གཉེར་རེ་ཞུ་དོན་ནི་འཛམ་གླིང་གི་ལྔ་ཆ་གཅིག་གི་མི་འབོར་ནང་ཨོ་ལིམ་ཕིག་གི་མཐུན་སྒྲིལ་དང་། མཛའ་གྲོགས། ཞི་བདེ་བཅས་ཀྱི་དམིགས་ཡུལ་དང་འདུ་ཤེས་དེ་བས་ལེགས་པའི་སྒོ་ནས་བརྒྱུད་བསྒྲགས་བྱ་རྒྱུ་དང་། ཀྲུང་གོ་བ་དུང་ཕྱུར་ ༣ གངས་འཁྱགས་ལུས་རྩལ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ། སྐྱོན་བྲལ་གྱི་ཀྲུང་གོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡༡ ཉིན༽
༡༡༽ ཟླ་ ༦ ཚེས་ ༡༠ ཉིན་མཚོ་སྔོན་ཞིང་ཆེན་གྱི་འཇིགས་རྒོལ་གཞུང་དོན་ཁང་གིས་ཟི་ལིང་མེ་འཁོར་འབབ་ཚུགས་སུ“མཐོ་སྒང་གི་རྣོ་གྲི—༢༠༡༥”ཞེས་པའི་འཇིགས་སྐུལ་ལ་འཕྲལ་རྒོལ་གྱི་མཉམ་བསྲེས་ནང་སྦྱོང་བྱས་ཤིང་། འཇིགས་སྐུལ་ལ་འཕྲལ་རྒོལ་གྱི་མཉམ་བསྲེས་ནང་སྦྱོང་འདིར་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་གཙོ་གནད་དང་དགྲ་བོའི་དམིགས་འབེན་དུ་འགྱུར་ཉེན་ཆེ་བ་ཁག་ལ་འཇིགས་སྐུལ་གྱི་འཇབ་རྒོལ་ཐེབས་པ་རྒྱབ་ལྗོངས་བྱས་པ་དང་། འཐབ་འཛིང་དངོས་དང་མཚུངས་པའི་ནང་སྦྱོང་བྱེད་དོན་བཀོད་སྒྲིག་བྱས་ཏེ་སྤྱི་བདེ་དང་། དྲག་ཆས་ཉེན་རྟོག མེ་འགོག་མེ་གསོད། དྲིལ་བསྒྲགས། འཕྲོད་བསྟེན། འཕྲིན་གཏོང་། འགྲིམ་འགྲུལ། ལྕགས་ལམ་སོགས་ཀྱི་ཆེད་ལས་ཐག་གཅོད་ནུས་ཤུགས་ནང་སྦྱོང་བྱེད་སྒོར་ཞུགས་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༦ ཚེས་ ༡༡ ཉིན༽
༡༢༽ ཟླ་ ༦ ཚེས་ ༡༠ ཉིན་ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོག་འགོ་བརྩམས་པ་དང་། ཚོགས་ཆེན་འདིའི་ཐོག་གྲོང་ཁྱེར་ཏང་ཨུད་ཀྱི་འགོ་ཁྲིད་ཚན་པ་གསར་པ་འདེམས་བསྐོ་བྱེད་རྒྱུ་ཡིན་པས། དེའི་ཐོག་ནས་ཉིང་ཁྲི་ས་ཁུལ་དེ་ཉིད་གྲོང་ཁྱེར་རིམ་པའི་སྒྲིག་གཞི་ལྟར་ལས་ཁུངས་འཛུགས་སྐྱོང་དང་འཁོར་སྐྱོད་བྱེད་འགོ་བརྩམས་པ་མཚོན་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༦ ཚེས་ ༡༢ ཉིན༽
༡༣༽ ཉིན་ཤས་གོང་ཚོང་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག《རྒྱལ་ཡོངས་ཀྱི་འཁོར་རྒྱུག་མཚམས་ཚིགས་གྲོང་ཁྱེར་ཁྱབ་ཚུལ་འཆར་འགོད(༢༠༡༥ ལོ་ནས ༢༠༢༠ ལོ་བར)》ཁྱབ་བསྒྲགས་བྱས་པའི་ནང་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་གྲོང་ཁྱེར་གཉིས་པ་གཞིས་རྩེ་རྒྱལ་ཁབ་རིམ་པ་དང་ས་ཁོངས་རིམ་པའི་འཁོར་རྒྱུག་མཚམས་ཚིགས་གྲོང་ཁྱེར་ནང་ཚུད་ཅིང་། དེ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་གི་མཚོ་ཐོག་དར་གོས་ལམ་བུ་སྐྲུན་པའི་འདུན་ལྗོངས་དང་བྱ་སྤྱོད》ཁྱབ་བསྒྲགས་བྱས་ནས“བོད་ཀྱིས་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཚོང་དོན་དང་ཡུལ་སྐོར་རིག་གནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི”གཏན་འཁེལ་བྱས་རྗེས་རྒྱལ་ཁབ་རིམ་པའི་ཐོག་ནས་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་ཞིབ་ཕྲའི་གྲོང་ཁྱེར་གྱི་འདེགས་སྐྱོར་སྔར་བས་འཆར་འགོད་ཐུབ་པ་བྱུང་ཡོད། དེ་ཐོག་ནས་བོད་འདི་ཉིད་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱོགས་ནས་སྒོ་མོ་འབྱེད་པའི་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན་པ་དང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ནུས་པ་འདོན་སྤེལ་ཐུབ་རྒྱུ་ཡིན་པ་མངོན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༦ ཚེས་ ༡༢ ཉིན༽
༡༤༽ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡༡ ཉིན་ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཁྲིམས་ལྟར་ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྐྱལ་བ་བཅས་ཀྱི་གྱོད་དོན་ལ་འདྲི་གཅོད་དང་པོའི་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཤིང་། ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པས། ཚེ་བཙོན་གྱི་ཁྲིམས་ཆད་གཅོད་པ་དང་། ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་མེད་པ་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་གཏོང་བའི་ཉེས་ཆད་བཅད་པ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཆད་བཅད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྐྱལ་བའི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ་བཞི་ཡི་ཁྲིམས་ཆད་བཅད་པས། ནག་ཉེས་གསུམ་གྱི་ཉེས་ཆད་སྡེབ་གཅོད་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་དང་། ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ལེན་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་བའི་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད།
ཀྲོའུ་ཡུང་ཁང་གིས་ཁྲིམས་ས་དེ་རང་དུ་ཁྲིམས་སས་དཔྱད་མཚམས་བཏང་བ་ཁས་ལེན་བྱས་ཤིང་གོང་གཏུག་མི་བྱེད་རྒྱུ་དང་། ཁྲིམས་འཛིན་བརྟག་དཔྱད་བྱེད་འགོ་བརྩམས་པ་ནས་བཟུང་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་པ་དང་། ཚུལ་བཞིན་ཁྲིམས་རྩ་ལག་བསྟར་བྱེད་པ། དོན་དངོས་སྟོན་པ་དང་རྒྱུ་མཚན་བཤད་པ་སོགས་ལས་རང་རྒྱལ་གྱི་ཁྲིམས་འཛིན་ཡར་རྒྱས་ཕྱིན་པ་གསལ་པོར་མཚོན་པས། ཁོ་བར་རང་ཉིད་ཀྱིས་ཁྲིམས་འགལ་ནག་ཉེས་བསགས་པའི་དོན་དངོས་དེ་དག་གིས་ཏང་གི་བྱ་གཞག་ལ་གྱོང་གུན་བཟོས་པ་དང་། སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པར་ངོས་ཟིན་དུ་བཅུག་པས། ནག་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་ཡང་བསྐྱར་ཐེངས་ཤིག་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡༢ ཉིན༽
༡༥༽ ཟླ་ ༦ ཚེས་ ༡༢ ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་མེ་སོན་ལེན་པའི་མཛད་སྒོ་ཨེའར་ཏུའོ་སི་གྲོངཁྱེར༼ནང་སོག༽ཨེ་ཐུའོ་ཁེ་ཆན་ཆི་ཡན་ཨན་མི་རིགས་སློབ་གླིང་གི་གནས་རྙིང་པར་འཚོགས་པ་དང་དུས་མཚུངས་དྲ་སྦྲེལ་ཐོག་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་སྤེལ་འགོ་འཛུགས་རྒྱུ་རེད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༩ ནས་ཚེས་ ༡༧ ཉིན་བར་ཨེའར་ཏུའོ་སི་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་རེད། ཅེས་གནས་ཚུལ་སྤེལ ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡༤ ཉིན།[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༦ ཚེས་ ༡༥ ཉིན།