སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ནས་ཚེས་ ༣༠ ཉིན་བར།
༡༽ མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་པའི་གནས་ཚུལ། ཟླ་ ༦ ཚེས་ ༢༥ ནས་ ༢༩ ཉིན་བར“སྤེལ་རེས་དང་། མཉམ་ལས། གསར་གཏོད། གོང་འཕེལ”བཅས་བརྗོད་བྱ་གཙོ་བོར་བྱས་པའི་ ༢༠༡༥ ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོག་རྒྱུ་རེད། འགྲེམས་ཚོགས་ཐོག་ས་གདན་འཕེལ་རྒྱས་ཀྱི་ལག་རྩལ་གསར་པ་དང་། ལས་རིགས་ཀྱི་གནས་ཚུལ་གསར་པ། ཁྱད་ཆོས་གསར་པ་བཅས་འགྲེམས་སྟོན་གང་ལེགས་བྱེད་པ་དང་མི་རིགས་ཀྱི་རིག་གནས་དར་སྤེལ་བཏང་ནས་རྒྱལ་སྤྱིའི་ས་གདན་ལས་རིགས་ཀྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།
སྐབས་འདིའི་བོད་རུམ་འགྲེམས་ཚོགས་ཀྱི་ཚོང་འགུགས་བསྡུ་འགྲེམས་ལས་དོན་ཧུར་ཐག་སྤེལ་ནས་འཛམ་གླིང་གི་ལག་ཤེས་ས་གདན་གཙོ་བོར་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་། རྒྱལ་ནང་གི་ས་གདན་ཐོན་སྐྱེད་ཁེ་ལས་དང་། ཉོ་སྒྲུབ་ཚོང་པ། བརྒྱུད་འཚོང་པ་བཅས་ཀྱི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆེད། འདི་ལོའི་ཟླ་ ༣ པར་ཀྲུང་གོ་བོད་རུམ་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་མང་པོ་ཞིག་ཧྲང་ཧའེ་ཡིས་གཉེར་བའི“སྐབས་ ༤༢ པའི་ཀྲུང་གོ་རྒྱལ་སྤྱིའི་ས་གདན་འགྲེམས་ཚོགས”ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་རུམ་ཁེ་ལས་ཀྱི་གཟུགས་བརྙན་གཙོ་གནད་ཐོག་འགྲེམས་སྟོན་བྱས་ནས་ཁེ་ལས་ཀྱི་སྙན་གྲགས་ཆེ་རུ་བཏང་བ་དང་རྒྱལ་ནང་གི་མཁོ་མཁན་མང་པོ་ཞིག་དང་གྲོགས་པོ་བསྒྲིགས་པ་མ་ཟད། སྐབས་འདིའི་བོད་རུམ་འགྲེམས་ཚོགས་ཐོག་གཟུགས་བརྙན་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྒོ་ཡང་སྤེལ་ནས་འགྲེམས་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ནང་ཞུགས་མཁན་ཚོའི་ཡིད་དབང་བཀུག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༠༤ ལོ་ནས་བཟུང་བོད་རུམ་འགྲེམས་ཚོགས་སྐབས་བཅུ་གཅིག་བསྟུད་མར་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བས་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་ལོ་རེ་ལས་མ་བསྡད་པར་མང་དུ་སོང་བ་དང་གཞི་ཁྱོན་ཡང་ཇེ་ཆེར་སོང་ནས་རྒྱལ་ཁབ་ཁག་གི་ས་གདན་སྤུས་རྟགས་ཀྱི་འགྲེམས་སྟོན་ཆེ་མོ་དང་། ས་གདན་ལས་རིགས་ཀྱི་སྤེལ་རེས་ཆེ་མོ། མི་རིགས་རིག་གནས་ཀྱི་མཉམ་འདྲེས་ཆེ་མོ་བཅས་ཀྱི་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས་རྒྱལ་སྤྱིའི་ཐོག་སྙན་གྲགས་མཐོ་ཙམ་ཡོད་པའི་ལག་ཤེས་ས་གདན་ཆེད་ལས་འགྲེམས་ཚོགས་ཀྱི་གྲས་ཤིག་ཡིན་པ་དེར་ཀྲུང་གོའི་འགྲེམས་ཚོགས་ལས་རིགས་ཀྱི“ ༢༠༡༤ ལོའི་ལོ་འཁོར་གྱི་ཀྲུང་གོའི་ཕུལ་བྱུང་ཁྱད་ལྡན་འགྲེམས་ཚོགས”ཀྱི་མཚན་སྙན་ཐོབ་ཡོད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༦ ཚེས་ ༡༨ ཉིན༽
༢༽ མིག་སྔའི་བོད་ཁུལ་ཡོངས་ནས་གཞི་རྒྱ་ཆེས་ཆེ་བའི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཏེ་ཁྱུང་ཆེན་བརྙན་གླིང་ཞེས་པ་མཚོ་སྔོན་མཚོ་ལྷོ་འབའ་རྫོང་ནས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་འདུག ཟླ་ ༦ ཚེས་ ༡༩ ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་རང་ལྗོངས་སུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་ལས་དོན་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་ཁྲིད་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་ཕྱོགས་ཁག་གི་སྙན་ཞུ་གསན་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོའི་ཞིབ་ཕྲའི་ལས་དོན་ཁག་ཞིབ་འཇུག་བཀོད་སྒྲིག་བྱས། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༡༩ ཉིན༽
༣༽ ཟླ་ ༦ ཚེས་ ༡༥ ནས་ ༡༨ ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་བོད་དུ་བརྟག་ཞིབ་གནང་། ཁོང་གིས་བརྟག་ཞིབ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་གཞིར་བཟུང་། མི་སེམས་གོང་བུ་འགྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་བྱས།
སུན་ཁྲུན་ལན་གྱིས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ཀྱི་ཤུགས་རྒྱག་གཞིར་དམ་པོར་དམིགས་ནས་མི་སེམས་ཐོབ་ཐབས་དང་དམངས་འཚོ་ལེགས་སུ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་སྟངས་འཛིན་ནན་པོ་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་ལས་ཞུགས་ལ་སྣང་ཆེན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་ཏན་ཏིག་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ཏང་གི་ཆབ་སྲིད་ལས་དོན་དང་མང་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བཅས་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་འཛིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
སུན་ཁྲུན་ལན་གྱིས་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བཀྲས་ལྷུན་དགོན་བཅས་སུ་རྟོག་ཞིབ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཁོང་གིས་མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་གུས་མཇལ་དང་ལེན་གནང་བ་དེ་ཐོག་ནས་པཎ་ཆེན་རིན་པོ་ཆེའི་འཚར་ལོངས་ལ་མཐོང་ཆེན་དང་ཐུགས་ཁུར་གནང་ལུགས་མཚོན་ཡོད་ལ་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་རེ་ཟབ་མོའང་གནང་ཡོད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུད་འཛིན་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འདུལ་ཁྲིམས་དང་བསྟན་དོན་ཐད་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བརྒྱབ་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་ཟེར།༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༡༩ ཉིན༽
༤༽ ཟླ་ ༦ ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ཉིང་ཁྲི་ནི་ ༢༠༡༤ ལོར་གཞིས་རྩེ་དང་ཆབ་མདོ་ས་ཁུལ་གཉིས་གྲོང་ཁྱེར་བསྒྱུར་རྗེས་བོད་ཀྱི་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བའི་ཆོག་མཆན་ཐོབ་པའི་ས་ཁུལ་གསུམ་པ་རེད།
ཉིང་ཁྲི་ནི་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ཀེ་ལོ་མི་ཊ་ངོས་གྲུ་ཁྲི་ ༡༡.༧ དང་། བོད་རིགས་དང་། རྒྱ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པ་དང“སྐྱེ་དངོས་ཀྱི་བང་མཛོད”དང“སྲོག་ཆགས་དང་རྩི་ཤིང་གི་བང་མཛོད”ཅེས་པའི་མཚན་སྙན་ཡོད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༦ ཚེས་ ༢༣ ཉིན༽
༥༽ ཟླ་ ༦ ཚེས་ ༢༠ ཉིན་ཡུན་ནན་ཞང་ཕོང་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སིའི་གནམ་གྲུ་8L9627 ཁྲེང་ཏུའུ་ནས་འཕུར་ཏེ་དར་མདོར་ཅུང་ཙམ་བཀག་པ་དང་དེ་ནས་དར་མདོ་ནས་འཕུར་ཏེ་ལྷ་སའི་གོང་དཀར་གནམ་ཐང་དུ་བརྟན་པོའི་ངང་བབས་པ་དེའི་ཐོག་ནས་སི་ཁྲོན་ནས་བོད་རང་སྐྱོང་ལྗོངས་བར་སླར་ཡང་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་མཚོན་ཡོད།
གནམ་གྲུ་དེ་ཉིན་གཅིག་ལ་འགྲོ་འོང་ཐེངས་གཅིག་ལས་བྱེད་ཀྱི་མེད། ཞོགས་པའི་ཆུ་ཚོད་ ༦ དང་སྐར་མ་ ༣༥ ཐོག་ཁྲེང་ཏུའུ་ནས་འཕུར་ཏེ་ཆུ་ཚོད་ ༧ དང་སྐར་མ་ ༣༠ ཐོག་དར་མདོར་འབྱོར་བ། ཆུ་ཚོད་ ༨ དང་སྐར་མ་ ༣༠ ཐོག་དར་མདོ་ནས་འཕུར་ཏེ་ཆུ་ཚོད་ ༡༠ དང་སྐར་མ་ ༣༠་ཐོག་བོད་ལྗོངས་ལྷ་སར་འབྱོར་གྱི་ཡོད། དེ་ནས་ཉིན་དེའི་ཆུ་ཚོད་ ༡༡ དང་སྐར་མ་ ༡༠ ཐོག་ལྷ་སའི་གོང་དཀར་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་ ༡༤ དང་སྐར་མ་ ༤༠ ཐོག་ཁྲེང་ཏུའུ་རུ་འབྱོར་གྱི་ཡོད།
མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་དེས་སི་ཁྲོན་དང་བོད་ལྗོངས་ས་ཁུལ་གྱི་མང་ཚོགས་སྤེལ་རེས་དེ་བས་ཟབ་ཏུ་བཏང་ནས་བོད་དུ་སྐྱོད་མཁན་འགྲུལ་པ་དེ་བས་མང་བར་སྟབས་བདེ་བསྐྲུན་རྒྱུ་དང་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་བོད་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་ནས་ ༢༠༡༤ ལོར་མི་ཐེངས་ཁྲི་ ༡༥༠༠ ལས་བརྒལ་བའི་ནང་མཁའ་འགྲུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ ༣༠༠ ལྷག་ཙམ་སྐྱེལ་འདྲེན་བྱས་པས་བོད་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ནུས་པར་བླང་བྱ་དེ་བས་ཆེ་བ་བཏོན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༣ ཉིན༽
༦༽ ཟླ་ ༦ ས་ ༡༦ ཉིན་ ༢༠༡༥ ལོའི་ཀྲུང་གོའི་མཚོ་སྔོན་འབྱུང་འཕྲོད་འཕེལ་རྒྱས་དངུལ་འཇོག་ཚོང་དོན་ངོ་འཕྲད་ཚོགས་འདུ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འཚོག་འགོ་བརྩམས་པ་དང་། མཚོ་སྔོན་བོད་ཁུལ་ནས་ཐོན་པའི་ཐང་ཀ་དང་། བལ་རྩིད་འཐག་རྫས། དབྱར་རྩ་དགུན་འབུ་ལ་སོགས་པའི་མི་རིགས་ཚོང་རྫས་ཐེངས་འདིའི་ཚོང་དོན་ཚོགས་འདུར་གྲོང་ཁྱེར་གྱི་གྲོང་མི་ཚོའི་དགའ་བསུ་ཐོབ་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༣ ཉིན༽
༧༽ ཟླ་ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་མཚུར་ཕུ་དགོན་དུ་བརྟག་ཞིབ་གནང་བར་ཕེབས་ནས་དགེ་འདུན་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱས་ནས་ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བྱ་རྒྱུ་བརྩོན་ལེན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་སེམས་ནང་བཅངས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་དང་སིམ་འཛུལ་གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་སྐྱོང་འགྲོ་ཕན་དང་འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོའི་ཐད་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགེ་སྤེལ་སྡིག་སྤོང་དང་། འདྲ་མཉམ་བཟོད་བསྲན། དབུལ་སྐྱོར་རྒུད་སེལ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་བཏང་ནས་ཆོས་ལུགས་དེ་ཉིད་རྒྱལ་ཁབ་གྲ་རྒྱས་ལ་དེ་བས་ཕན་ཐོགས་པ་དང་། དད་ལྡན་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་པར་འགྱུར་བ་བྱེད་པ། ཐོག་མཐའ་བར་གསུམ་དུ་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་ཆོས་ལུགས་ཀྱི་ཤེས་རྒྱ་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཤེས་བྱ་ལྡན་པ་དང་དམངས་མགུ་བའི་ནང་བསྟན་གྱི་རྗེས་འཇུག་པ་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་བ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཞི་མཐུན་ལ་སྐུལ་མ་བཏང་ནས་བྱམས་སྙིང་རྗེ་བསྒོམ་པ་དང་སེམས་ཅན་ཐམས་ཅད་བདེ་ལ་འཁོད་པའི་གཞི་རྩའི་ནང་དོན་དར་སྤེལ་ཤུགས་ཆེན་བཏང་ནས་སྡིག་པ་གསོག་ཏུ་མི་འཇུག་པ་དང་། གཞན་ལ་གནོད་མི་སྐྱེལ་བ། དགེ་བའི་ལས་སྒྲུབ་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་རིང་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༢༤ ཉིན༽
༨༽ ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ཚད་འཇལ་རིས་འབྲི་ས་ཁམས་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༠༥ ལོ་ནས་ ༢༠༡༥ ལོའི་བར་གྱི་ལོ་བཅུའི་ནང་ཇོ་རིའི་ཁུལ་དེ་ལོ་ལྟར་ཆ་སྙོམས་སན་ཁྲ་མི་ཊ་ ༤ ཙམ་གྱི་མགྱོགས་ཚད་ཐོག་ནས་བྱང་ཤར་རྒྱུད་དུ་གནས་འགྱུར་དང་ལོ་ལྟར་མེས་ལི་མི་ཊ་ ༠.༣ ཙམ་གྱི་མགྱོགས་ཚད་ཐོག་ནས་མཐོ་རུ་ཕྱིན་ནས་ལོ་བཅུའི་ནང་སན་ཁྲ་མི་ཊ་ ༤༠ གནས་འགྱུར་དང་ས་བབ་མེས་ལི་མི་ཊ་ ༣ མཐོ་རུ་ཕྱིན་ཡོད་པ་རེད། དུས་མཚུངས་ཟླ་ ༤ ཚེས་ ༢༥ ཉིན་གྱི་ནེ་པ་ལར་ས་ཡོམ་རིམ་པ་ ༨.༡ བརྒྱབ་པའི་ཤུགས་རྐྱེན་ཐེབས་ནས་ཇོ་རིའི་ཁུལ་དེ་ལྷོ་ནུབ་ཕྱོགས་ལ་སན་ཁྲ་མི་ཊ ༣ གནས་འགྱུར་ཡང་མཐོ་ཚད་ལ་སྤྱིར་འགྱུར་ལྡོག་བྱུང་མེད་པ་རེད། ཟླ་ ༥ ཚེས་ ༡༢ ཉིན་ནེ་པ་ལར་ས་ཡོམ་རིམ་པ་ ༧.༥ བརྒྱབ་པས་ཇོ་རིའི་ཁུལ་གྱི་སྙོམས་ངོས་དང་མཐོ་ཚད་ལ་སྤྱིར་འགྱུར་ལྡོག་བྱུང་མེད་པ་རེད།
ཀྲུང་གོ་དང་ནེ་པ་ལའི་ས་མཚམས་སུ་ཡོད་པའི་ཇོ་རི་དེ་ཡོ་རོབ་དང་ཨེ་ཤེ་ཡའི་བྲག་ལེབ་དང་རྒྱ་གར་བྲག་ལེབ་ཀྱི་མུ་མཐའི་རྡེབ་ཐུག་བཙིར་གནོན་རྒྱུད་དུ་གནས་པས་ས་ཁུལ་དེའི་ས་ཤུན་ཐོག་མཐའ་བར་གསུམ་དུ་འགུལ་སྐྱོད་ཆེན་པོ་ཡོད་པ་རེད། ཇོ་རིའི་ཁུལ་ནི་ས་ཤུན་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་དང་ས་ཁུལ་དེའི་ས་དབྱིབས་འགྱུར་ལྡོག་དེ་ས་ཤུན་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། དུས་མཚུངས་ཇོ་རི་ཚུད་པའི་མཚོ་བོད་ས་མཐོ་དེས་ཨེ་ཤེ་ཡ་ཤར་ལྷོ་དང་ཐ་ན་སའི་གོ་ལའི་བྱང་ཕྱེད་མ་ཧྲིལ་པོའི་གནམ་གཤིས་དང་། ཁོར་ཡུག སྣོད་བཅུད་སོགས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ཤུགས་རྐྱེན་ཡོད་པ་དང་དེ་གའི་འགྱུར་ལྡོག་ཚང་མ་ནི་མིའི་རིགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༤ ཉིན༽
༩༽ <<མི་རིགས་ཀྱི་གསོ་རིག་སྨན་གཞུང་དཔེ་རྙིང་ཚད་ལྡན་ཡིག་ཚགས་ཕྱོགས་བསྒྲིགས་དང་ཞིབ་འཇུག>> གི་རྣམ་གྲངས་གྲས་ཏེ། <<བོད་ཀྱི་གསོ་རིག་སྨན་གཞུང་དང་གནམ་རིག་སྐར་རྩིས་དཔེ་རྙིང་ ༢༡ ཕྱོགས་བསྒྲིགས>>ཞེས་པ་ཉེ་ཆར་ལྷ་སར་དངོས་སུ་པར་བཏབ་ནས་བཏོན་པ་རེད།
༢༠༡༠ ལོའི་ཟླ་ ༦ པར<<མི་རིགས་ཀྱི་གསོ་རིག་སྨན་གཞུང་དཔེ་རྙིང་ཚད་ལྡན་ཡིག་ཚགས་ཕྱོགས་བསྒྲིགས་དང་ཞིབ་འཇུག>>གི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་བརྩམས་པ་ནས་བཟུང་ནང་སོག་དང་། བོད། མཚོ་སྔོན། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ ༡༡ གི་གྲངས་ཉུང་མི་རིགས་ ༢༩ ལ་ཁྱབ་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གསོ་རིག་སྨན་གཞུང་ཚད་ལྡན་ཡིག་ཚགས་ལེགས་སྒྲིག་ལས་དོན་ལ་མ་དངུལ་གཏོང་ཤུགས་མང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཡིན་པ་དེ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་<<བོད་ཀྱི་གསོ་རིག་སྨན་གཞུང་དང་གནམ་རིག་སྐར་རྩིས་དཔེ་རྙིང་ ༢༡ ཕྱོགས་བསྒྲིགས>>ཀྱི་འགན་ཁུར་ནས་ལོ་བཞི་ལྷག་ཙམ་འགོར་བ་རེད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་འགན་འཛིན་ཡེ་ཤེས་གཡང་འཛོམས་ཀྱིས<<བོད་ཀྱི་གསོ་རིག་སྨན་གཞུང་དང་གནམ་རིག་སྐར་རྩིས་དཔེ་རྙིང་ ༢༡ ཕྱོགས་བསྒྲིགས>>ཁྲོད་ཀྱི་ཚད་ལྡན་ཡིག་ཚགས་ཕལ་ཆེ་བ་ཞིག་ནི་དཔེ་རྒྱུན་དཀོན་པའི་གྲས་ཡིན་ཞེས་གསུངས། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༦ ཚེས་ ༢༤ ཉིན༽
༡༠༽ ཟླ་ ༦ ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་དུ་བོད་རང་སྐྱོང་ལྗོངས་གྲོ་མོ་རྫོང་གི་རྣ་ཐོས་ལར་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་བོད་དུ་གནས་མཇལ་དུ་ཡོང་བའི་ལམ་ཐིག་གསར་པ་གཏོད་པའི་མཛད་སྒོ་གཉེར་བ་རེད། ཀྲུང་གོ་དང་རྒྱ་གར་དབར་གྱི་བགྲོད་ལམ་རྣ་ཐོས་ལར་རྒྱ་གར་གྱི་གནས་མཇལ་ཚོགས་པ་ཁག་དང་པོའི་མི་ ༤༣ འབྱོར་བ་དང་ཁོང་ཚོ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་དུས་ཡུན་ཉིན་ ༡༢ ཀྱི་གནས་མཇལ་ཞུ་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཁོངས་སུ་གནས་པའི་གངས་རིན་པོ་ཆེ་ནི་ནང་པ་སངས་རྒྱས་དང་རྒྱ་གར་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོའི་སེམས་ནང་གི་གནས་རི་ཡིན་པས་དེ་སྔོན་རྒྱ་གར་གྱི་གནས་མཇལ་བ་རྣམས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་ལ་བརྒྱུད་ནས་བོད་དུ་གནས་མཇལ་དུ་ཡོང་གི་ཡོད་པ་དང་འདས་ཟིན་པའི་ལོ་ ༡༠ ཡི་རིང་བོད་ཀྱིས་རྒྱ་གར་གྱི་གནས་མཇལ་བ་མི་ཐེངས་ཁྲི་ ༨ ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད། རྣ་ཐོས་ལར་ས་བབ་མཐོ་ཚད་མི་ཊ་ ༤༥༠༠ ཟིན་པ་དང་དེ་སྔ་ཀྲུང་གོ་དང་རྒྱ་གར་དབར་གྱི་སྐམ་ལམ་ཚོང་དོན་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་རེད། ཡིན་ནའང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ལོ་ ༤༠ ལྷག་ཙམ་བཀག་པ་དང་ ༢༠༠༦ ལོ་ནས་བཟུང་ཚོང་དོན་སླར་གསོ་བྱུང་ཡོད་པ་རེད། ༢༠༡༤ ལོའི་ཟླ་ ༩ པར་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོས《འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》 སྤེལ་ནས་རྣ་ཐོས་ལར་གནས་མཇལ་གྱི་ལམ་ཐིག་གསར་པ་གཏོད་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེ་ཡུས་ཁྲེང་གིས་རྣ་ཐོས་ལའི་གནས་མཇལ་ལམ་ཐིག་གསར་པ་བཏོད་པ་ནི་ན་ནིང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱ་གར་དུ་འཚམས་འདྲི་གནང་རིང་རྒྱ་གར་གྱི་འགོ་ཁྲིད་མི་སྣའི་དབར་བྱུང་བའི་གལ་ཆེའི་མཐུན་ཆ་ཞིག་རེད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ལམ་ཐིག་གསར་པ་གཏོད་རྒྱུའི་ཐད་མགྲོན་ཁང་བསྐྲུན་པ་དང་། སྒྲིག་བཀོད་ཁ་སྣོན། ཀྲུང་གོ་ཕྱོགས་ཀྱི་སྐད་སྒྱུར་བ་གསོ་སྐྱོང་སོགས་ཀྱི་གྲ་སྒྲིག་གང་ལེགས་བྱས་ཡོད་པ་མ་ཟད། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ཕྱོགས་ཀྱིས་ད་དུང་དམིགས་བསལ་གྱི་རྒྱལ་སྒྲོལ་མཆན་འགོད་འགྲོ་ལུགས་གཉེར་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༥ ཉིན༽
༡༡༽ ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་སོགས་ཀྱི་སྡེ་ཁག་དྲུག་གིས་སྒྲིག་འཛུགས་བྱས་པའི་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་འདི་ལོའི་ཟླ་ ༤ པ་ནས་སྤེལ་འགོ་བརྩམས་ཤིང་། ཉེ་སྔོན་གཙོ་གཉེར་སྡེ་ཁག་གིས་སྐབས་འདིའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་འོས་མི་ ༣༢༧ ཞིབ་བཤེར་གཏན་འཁེལ་བྱས་པ་མ་ཟད། རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱས་པ་རེད། དེའི་ཁྲོད་གཞན་ཕན་སྒྲུབ་པར་དགའ་བའི་རིགས་ལ་མི་སྣ་ ༧༡ དང་། བདེན་པའི་དོན་དུ་ཞུམ་པ་མེད་པའི་རིགས་ལ་མི་སྣ་ ༦༣ ། ཁ་དན་ཚིག་ལ་གནས་པའི་རིགས་ལ་མི་ ༦༣ ། ལས་ལ་བརྩོན་ཞིང་ལེགས་སྐྱེས་འབུལ་བའི་རིགས་ལ་མི་སྣ་ ༧༡ ། རྒན་བཀུར་ཉེ་གཅེས་ཀྱི་རིགས་ལ་མི་སྣ་ ༥༩ བཅས་བདམས་པ་རེད། སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འོས་མིའི་མིང་ཐོ་ནང་ཚུད་པའི་བོད་རིགས་མི་སྣ་ཚོ་གཤམ་གསལ་དུ།
གཞན་ཕན་སྒྲུབ་པར་དགའ་བའི་རིགས་ཀྱི་གྲས་སུ་ཚུད་མཁན།
བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ལེ་ཚན་ལྟེ་གནས་ཀྱི་རྒྱང་བསྒྲགས་མཛུབ་སྟོན་གནང་མཁན་བློ་བཟང་ཆོས་འཕེལ་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་གི་སློབ་གཙོ་སྐལ་ནོར།
བདེན་པའི་དོན་དུ་ཞུམ་པ་མེད་པའི་རིགས་ཀྱི་གྲས་སུ་ཚུད་མཁན།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་གྲོལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆོས་འཕེལ༼གཞན་དོན་དུ་ཚེ་ལས་འདས༽དང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ཤར་རུ་གྲོང་ཚོའི་མཉམ་འབྲེལ་འགན་ལེན་དུད་ཁྱིམ་ལྔ་བའི་ཐེམ་དཔོན་ནོར་བུ༼གཞན་དོན་དུ་ཚེ་ལས་འདས༽རེད།
ཁ་དན་ཚིག་ལ་གནས་པའི་རིགས་ཀྱི་གྲས་སུ་ཚུད་མཁན།
བོད་རང་སྐྱོང་ལྗོངས་བོད་ལྗོངས་སྒྲོལ་མ་སྨན་ཁང་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་བསྟན་འཛིན་སྒྲོལ་མ་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་བོད་ལྗོངས་གསེར་ལམ་ལས་གཞི་ཚད་ཡོད་ཀུང་སིའི་སྤྱི་གཉེར་ བསོད་ནམས་དབང་གྲགས་རེད།
ལས་ལ་བརྩོན་ཞིང་ལེགས་སྐྱེས་འབུལ་བའི་རིགས་ཀྱི་གྲས་སུ་ཚུད་མཁན།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་རྩིས་ཁང་གི་འགོ་འཛིན་རིན་ཆེན་རེད།
རྒན་བཀུར་ཉེ་གཅེས་རིགས་ཀྱི་གྲས་སུ་ཚུད་མཁན།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་སྤང་གྲོང་མི་ཨུ་ཡོན་ལྷན་ཁང་གི་བུད་མེད་ཀྲུའུ་རེན་པ་སངས་བདེ་སྐྱིད་རེད། འདིར“རྒྱལ་དར་ཨ་མ”ཡང་ཟེར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ཉིན་ངོ་ཤང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཀླུ་མོ་བཅས་བོད་མི་དགུ་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༥ ཉིན༽
༡༢༽ ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཐོན་མཁན་གྱིས་ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་གཉེར་བྱེད་རིང་འཚོ་བའི་ཁ་གསབ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་སྐོར་གྱི་གནད་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་པའི་ནང་། ༢༠༡༥ ལོའི་ཟླ་ ༤ ཚེས་ ༡༦ ཉིན་ནས་བཟུང་ཆ་རྐྱེན་འཛོམས་པའི་ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་གཉེར་བྱེད་མཁན་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཐོན་པའི་སློབ་ཕྲུག་གིས་ལོ་གསུམ་ནང་མི་རེར་ཟླ་རེར་སྒོར་ ༡༠༠༠ གི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་དང་དངོས་སུ་འཇལ་རྒྱུའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར་འགན་ཅོལ་བཅས་ཀྱི་དངུལ་གྱི་ ༧༠% ཡི་སྤྱི་ཚོགས་འགན་བཅོལ་དངུལ་ཁ་གསབ་སྤྲོད་རྒྱུ་ཡིན་པ་གསལ་ཁ་འཁོད་ཡོད།
ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་གཉེར་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་ཕྲུག་གིས་ ༢༠༡༥ ལོའི་ཟླ་ ༤ ཚེས་ ༡༦ ཉིན་ནས་བཟུང་གི་ལོ་གསུམ་ནང་མི་རེར་ཟླ་རེར་སྒོར་ ༡༠༠༠ ཡི་འཚོ་བའི་ཁ་གསབ་དང་དངོས་སུ་འཇལ་རྒྱུའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར་འགན་བཅོལ་བཅས་དངུལ་གྱི་ ༧༠% ཡི་སྤྱི་ཚོགས་འགན་བཅོལ་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་དང་། ཁ་གསབ་རིགས་གཉིས་པོ་དག་སློབ་ཐོན་སློབ་ཕྲུག་སྒེར་གྱིས་འདུན་ཞུ་བྱས་པའི་ཁར་རྫོང་དང་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་ཞིང་འབྲོག་སྡེ་ཚན་གྱིས་མཉམ་དུ་ཞིབ་དཔྱད་བྱས་རྗེས་རྫོང་དང་ཆུས་ནོར་སྲིད་སྡེ་ཚན་གྱིས་ཟླ་རེར་གཞིགས་ནས་སློབ་ཐོན་སློབ་ཕྲུག་སྒེར་གྱི་དངུལ་ཁང་རྩིས་ཁྲའི་ནང་ཐད་ཀར་འཇུག་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དེ་སྔོན་ལ་འཇལ་ནས་རྗེས་སུ་སྤྲོད་རྒྱུའི་རྩ་དོན་ལྟར་སློབ་ཐོན་སློབ་ཕྲུག་གིས་སྔོན་ལ་འཇལ་བ་དང་དེ་ནས་ཁ་གསབ་འདུན་ཞུ་བྱེད་དགོས་ཀྱི་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༦ ཚེས་ ༢༦ ཉིན༽
༡༣༽ བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལོའུ་ཏ་ཁིར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་དང་པའོ་ཞུན་དྲ་བ་ནས། ཟླ་ ༦ ཚེས་ ༢༦ ཉིན༽
༡༤༽ ཟླ་ ༦ ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢༠ ནས་ ༢༣ བར་རྔ་བ་རྫོང་དུ་ཆར་རླུང་དྲག་པོ་དང་སེར་བ་དྲག་པོ་འབབ་པའི་གནམ་གཤིས་བྱུང་ཞིང་། གློག་འཁྱུག་ཅིང་འབྲུག་སྒྲ་གྲགས་པ་དང་། ཆར་པ་དང་སེར་བ་དྲག་པོ་ཆུ་ཚོད་གསུམ་ལྷག་ཙམ་རྒྱུན་མཐུད་འབབ་ནས་ཆར་པ་འབབ་ཚད་མིས་ལི་མི་ཊ ༣༣ ཟིན་པ་རེད། ཐེངས་འདིར་ཆར་པ་དྲག་པོ་འབབ་ཚད་ཆེ་བ་དང་དུས་ཡུན་རིང་བས། གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་བཅས་པའི་རང་བྱུང་གནོད་འཚེ་ཚབས་ཆེན་ཁྱབ་རྒྱ་ཆེ་ཞིང་སྣ་མང་ལ་གཏོར་བརླག་གི་རང་བཞིན་ཆེ་བ་བྱུང་ནས་ཞིང་ཁ་གཞི་རྒྱ་ཆེ་བ་དང་། ཟམ་པ་དང་བགྲོད་ལམ་མང་པོ་ཆུས་གཤིག དུས་ད་ལྟའི་བར་རྔ་བ་རྫོང་ཡོངས་དུ་ཁྱིམ་དུད་ ༤༣༢༩ ཡི་མི་གྲངས་ཁྲི་ ༢ ལྷག་ཙམ་ལ་གནོད་སྐྱོན་ཕོག་པ་དང་། ས་གཤིས་ཀྱི་གནོད་འཚེ་མངོན་མེད་རྐྱེན་ངན་གནས་ས་གསར་པ་ ༡༦ མང་དུ་སོང་བ་མ་ཟད། ཆུ་སྐྱོན་གནོད་འཚེ་ལས་མི་ ༦ ལ་རྨས་སྐྱོན་ཕོག་པ་དང་། མི་ ༢ རྐྱེན་ལམ་དུ་ཤོར། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༦ ཚེས་ ༢༩ ཉིན༽
༡༥༽ རང་རྒྱལ་གྱི་རི་འཛེག་རྟེན་རྫས་བཤམས་མཛོད་ཁང་དང་པོ་སྟེ། ཚེ་རིང་ཆེ་ཁའི་རི་འཛེག་རྟེན་རྫས་བཤམས་མཛོད་ཁང་ཟླ་ ༦ ཚེས་ ༢༩ ཉིན་ནས་བཟུང་ཡུལ་སྐོར་བར་སྒོ་ཕྱེས་ཤིང་། འགན་འཁུར་བ་བསྟན་འཛིན་ལྷ་མོས། ཡུལ་སྐོར་བའི་སྤ་སེའི་རིན་གོང་སྒོར་ ༣༠ ཡིན་པ་དང་རེས་གཟའ་ཟླ་བ་དང་ཉི་མར་སྒོ་ཕྱེ་རྒྱུ་དང་། གྲོང་མིའི་སྤེ་སེའི་རིན་གོང་སྒོར་ ༥ དང་རེས་གཟའ་སྤེན་པ་དང་ཉི་མར་སྒོ་ཕྱེ་གི་ཡོད། དབྱར་ཁའི་གུང་གསེང་རིང་སློབ་མས་སློབ་མའི་ལག་ཁྱེར་འཁྱེར་ནས་ལྟ་སྐོར་བྱེད་ཆོག་ཅེས་ངོ་སྤྲོད་བྱས་བྱུང་། རྟེན་རྫས་བཤམས་མཛོད་ཁང་ནང་རི་འཛེག་མྱོང་རོལ་དང་དཔྱང་ཟམ་རྣམ་པའི་རི་འཛེག་སོགས་ཀྱི་རྣམ་གྲངས་ལ་བལྟ་སྐོར་བྱེད་ཆོག་གི་འདུག
ཚེ་རིང་ཆེ་ཁའི་རི་འཛེག་རྟེན་རྫས་བཤམས་མཛོད་ཁང་དེ་སྒེར་གྱིས་མ་དངུལ་བཏང་བའི་རྒྱལ་ནང་གི་རི་འཛེག་རྟེན་རྫས་བཤམས་མཛོད་ཁང་དང་པོ་ཡིན་པ་དེའི་རྒྱ་ཁྱོན་མི་ཊ་ངོས་གྲུ་ ༥༠༠༠ ཡོད་པ་དང་ཁྱོན་མ་དངུལ་སྒོར་འབུམ་ ༣༠༠ བཏང་ཡོད། རྟེན་རྫས་བཤམས་མཛོད་ཁང་དེ་རང་བྱུང་ཁང་དང་། རིག་སྐྲུན་ཁང་། རི་འཛེག་ཁང་སོགས་སུ་ཕྱེ་ཞིང་། རྟེན་རྫས་བཤམས་མཛོད་ཁང་ནང་དུས་རབས་མི་འདྲ་བའི་རི་འཛེག་ཡོ་ཆས་དང་ཀྲུང་གོ་བས་ཇོ་རི་འཛེགས་སྐབས་སྤྱད་པའི་གུར་དང་དེ་བཞིན་འབྲེལ་ཡོད་པར་རིས་དང་ཡི་གེ་འཁོད་པའི་དཔྱད་ཡིག་སོགས་ཡོད་པ་མ་ཟད། ད་དུང་ཧི་མ་ལ་ཡའི་རི་རྒྱུད་དུ་སྐྱེས་པའི་སྐྱེ་དངོས་ཀྱི་མ་དཔེ་ཡང་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༦ ཚེས་ ༣༠ ཉིན༽[Pdf]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༦ ཚེས་ ༣༠ ཉིན།