སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡ ཉིན་ནས་ཚེས་ ༡༥ ཉིན་བར།
༡༽ སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྔོན་ཐོན་མིག་དཔེ་བཙུགས་ཏེ་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོ་ཏང་དང་མི་དམངས་ཀྱིས་བློ་འཁེལ་བའི་ལས་བྱེད་པ་བཟང་པོ་ཞིག་བྱེད་པར་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་གིས་མོས་མཐུན་གནང་བ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུས་རྫོང(གྲོང་ཁྱེར་དང་། ཆུས། སྡེ་ཚོ)ཨུའི་ཧྲུའུ་ཅིའི་ལས་གནས་ཐོག་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་ཝང་ཉིང་དང་ལི་ཧྲུའུ་ཆི་སོགས་བློ་མཐུན་ ༡༠༢ ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་མཚན་སྙན་གནང་སྟེ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས། གཤམ་གསལ་ནི་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིའི་མིང་ཐོ་ནང་ཚུད་པའི་བོད་རིགས་ཀྱི་རྫོང་ཨུའི་ཧྲུའུ་ཅི་བཞི་ཡིན་པ། ནོར་འཕེལ། བོད་རང་སྐྱོང་ལྗོངས་མཚོ་གཉིས་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཡིན། ཝང་ཕིང་།(བོད་རིགས) བོད་རང་སྐྱོང་ལྗོངས་གཉའ་ལམ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཡིན། ཚེ་རིང་ཐར། མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གི་རྫོང་ཨུའི་ཧྲུན་ཅི་ཡིན། ཧོ་ཁང་ལིན།(བོད་རིགས) སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་བཅས་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁངུས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༢ ཉིན༽
༢༽ ཟླ་ ༧ ཚེས་ ༣ ཉིན་རང་ལྗོངས་ཀྱི་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་ཡིན་པའི་ཆོས་འབྱོར་གནའ་བོའི་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོར་དངོས་སུ་འགྲེམས་འགོ་ཚུགས་འདུག ཤེས་རྟོགས་བྱས་པར་གཞིགས་ན། རྟེན་རྫས་བཤམས་མཛོད་ཁང་དེ་རྫ་ཆས་དང་། ཟངས་ཆས། མི་རིགས་ཀྱི་གྱོན་ཆས། འཚོ་བའི་སྤྱོད་ཆས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་དངོས། གོ་མཚོན་སོགས་འགྲེམས་ཁུལ་བདུན་དུ་ཕྱེ་ཡོད་པ་དང་ཉར་ཚགས་དངོས་པོ་ ༡༦༡༣ ཡོད་པ་རེད། གྲལ་སྟར་འགྲིག་པའི་ཉར་ཚགས་དངོས་པོའི་ནང་བོད་ཀྱི་རྫ་ཆས་སྣ་ཁ་ ༢༧ དང་། ས་གནས་དང་གྲོང་ཁྱེར་བདུན་གྱི་གྱོན་ཆས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་ནི་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ ༢༠༡༢ ལོ་ནས་བཟུང་སྐྲུན་འགོ་ཚུགས་པ་དང་། ༢༠༡༣ ལོར་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ ༥༤ གྲས་སུ་བཞག་ཅིང་། རང་ལྗོངས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྟེགས་བུར་བྱ་རྒྱུ་དང་འབྲེལ་སྐྱོན་བྲལ་གྱི་བསམ་བློའི་ནང་དོན་དང་ངོ་མཚར་གྱི་འགྲེམས་རྫས་དང་སྤུས་ལེགས་ཞབས་ཞུའི་ཐོག་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ་མལ་གྲོ་གུང་དཀར་རྫོང་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་རིག་གནས་སོགས་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༧ ཉིན༽
༣༽ ཟླ་ ༧ ཚེས་ ༦ ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ་ནས་སྤེལ་པའི་གནས་ཚུལ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་དྲ་བའི་ཆ་འཕྲིན་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་གཞུང་རྒྱུ་ཧམ་ཟོས་དང་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པའི་ཐོག་ནས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཧོང་ཡུས་ཐེན་(ཐིང་རིམ་པ་རྒན་པ)འཛིན་བཟུང་བྱེད་རྒྱུའི་ཐག་བཅད་པ་དང་། གྱོད་གཞི་མྱུལ་ཞིབ་ལས་ཀ་བྱེད་བཞིན་པའི་སྒང་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༧ ཉིན༽
༤༽ ཉེ་ཆར་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ལས་གཞིའི་འཛུགས་སྐྲུན་གྱི་ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མི་ཚོའི་དམ་འཇོག་འབོད་ཚིག་ཉིང་ཁྲིར་བསྒྲགས་པ་དང་། དེ་ཐོག་ནས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་བུ་ཁྱོན་ཡོངས་ནས་བསྐྲུན་འགོ་ཚུགས་པ་མཚོན་ཞིང་། ལྷ་ཉིང་ལྕགས་ལམ་བཀོད་འདོམས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ཀེ་ལོ་མི་ཊ་ ༡༦༥༩ ཡོད་པའི་ནང་བོད་ཀྱི་མངའ་ཁོངས་སུ་ཀེ་ལོ་མི་ཊ་ ༩༧༩ ལྷག་ཙམ་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་བུ་དེ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་བུ་ལས་ཟླ་གཅིག་སྔ་སྣུར་ནས་ལས་གཞི་བསྐྲུན་འགོ་ཚུགས་ཡོད།
ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས་ལྷ་ས་ནས་ཉིང་ཁྲིའི་བར་ཆུ་ཚོད་ ༣ ལྷག་ཙམ་ལས་འགོར་གྱི་མེད་པས་རླངས་འཁོར་བསྡད་ནས་བསྐྱོད་པའི་དུས་ཚོད་ལས་ཆུ་ཚོད་ ༥ གྲོན་ཆུང་ཐུབ་ཀྱི་ཡོད། ཁྲེང་ཏུའུ་ནས་ལྷ་སའི་བར་བསྐྱོད་པའི་དུས་ཚོད་ཆུ་ཚོད་ ༤༨ ནས་ཆུ་ཚོད་ ༡༥ བར་ཐུང་དུ་འགྲོ་རྒྱུ་རེད།
རྒྱལ་ཁབ་ལྕགས་ལམ་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལྟར་ཁྲོན་བོད་ལྕགས་ལམ་སི་ཁྲོན་ཁྲེང་ཏུའུ་ནས་བསྐྱོད་འགོ་ཚུགས་པ་དང་། ཕུའུ་ཅང་གཙང་པོ་དང་། གཡག་རྔ། དར་རྩེ་མདོ། ལི་ཐང་། འབའ་ཐང་བཅས་བརྒྱུད་འབྲི་ཆུ་བརྒལ་ཏེ་བོད་ཀྱི་མཛོ་སྒང་དང་ཡུན་བོད་ལྕགས་ལམ(ཏ་ལི་ནས་གོར་མོའི་བར་གྱི་ལྕགས་ལམ་གྱི་ལྷོ་དུམ)དང་མཐུད་པ་དང་། དེ་རྗེས་དཔའ་གཤོད་དང་། ར་འོག སྤོ་བོ། ཉིང་ཁྲི། སྨན་གླིང་། སྣང་རྫོང་། གོང་དཀར་སོགས་ནས་ལྷ་སའི་བར་སྣུར་སྲིང་བྱས་ནས་ཁྲོན་ཡུན་ས་ཁུལ་དང་བོད་ས་ཁུལ་དང་ཐ་ན་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་ནས་ནུབ་བར་གྱི་འགྲོ་ལམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་ནང་ལམ་དུམ་བུ་ཆེ་གྲས་ཁག་གསུམ་ཚུད་ཡོད་པ་སྟེ་ཁྲེང་ཏུའུ་ནས་དར་རྩེ་མདོ་བར་གྱི་ལྕགས་ལམ་དང་། དར་རྩེ་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་བཅས་ཡིན།
ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་དར་རྩེ་མདོ་བར་གྱི་ལམ་དུམ་བུ་བསྐྲུན་རྗེས་ཁྲེང་ཏུའུ་ནས་དར་རྩེ་མདོ་བར་བསྐྱོད་པའི་དུས་ཚོད་ཆུ་ཚོད་ ༡ ཐུང་དུ་ཕྱིན་ནས་ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་ལྕགས་ལམ་དང་བོད་རིགས་ས་ཁུལ་ལྕགས་ལམ་དྲ་བའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན། མིག་སྔར་དར་རྩེ་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་བསྐྲུན་པའི་དུས་ཚོད་གཏན་འཁེལ་བྱས་མེད་པས་ཇུས་འགོད་ལྟར་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་བསྐྲུན་རྗེས་གཞི་ནས་དར་རྩེ་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་བསྐྲུན་འགོ་ཚུགས་རྒྱུ་དང་ཆུ་ཚོད་རེའི་མྱུར་ཚད་ཁེ་ལོ་མི་ཊ ༡༦༠ ཇུས་འགོད་བྱ་རྩིས་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༧ ཚེས་ ༡༠ ཉིན༽
༥༽ ༢༠༡༥ ལོའི་ཟླ་ ༦ ཚེས་ ༢༩ ཉིན་ལ་ཟུང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ནང་བསྟན་མཐུན་ཚོགས་རྫོང་མི་རིགས་ཆོས་དོན་ཅུས། གསེར་ཆུ་ཡུལ་ཚོ། བྱང་བྱ་དུར་དགའ་མལ་དགོན་ཆེན། རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རིན་སྤུངས་ཚུལ་བསྟན་དང་ཨ་དཔལ་བཟང་གཉིས་ཀྱིས་གཙོ་གཉེར་གྱི་དེབ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས》འགྲེམ་སྤེལ་གྱི་མཛད་སྒོ་སྟེ། ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་སྤེལ་འདུག
མཛད་སྒོའི་ཐོག་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་མཁན་ཆེན་བླ་མ་ཚེ་རིང་དང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སངས་བཀྲ་ཤིས་དང་། ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་ཐར། གསེར་ཆུ་ཡུལ་ཚོའི་ཤང་གི་ཤང་ཀྲང་གཞོན་པ་སྙན་རྒྱལ་རྗེ་སོགས་སྲིད་གཞུང་གི་མི་སྣ་དང་། དེ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན། རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་སོགས་བླ་མ་དང་སྤྲུལ་སྐུ་སྐྱ་སེར་ཉིས་བརྒྱ་ལྷག་མཛད་སྒོར་བཞུགས། ཚོགས་ཐོག་ཏུ་མཁན་ཆེན་བླ་མ་ཚེ་རིང་དང་པ་སངས་བཀྲ་ཤིས་སོགས་ནས་དཔྱད་རྩོམ་བདམས་བསྒྲིགས་ཀྱི་དེབ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༧ ཚེས་ ༡༠ ཉིན༽
༦༽ ཉེ་ཆར་རང་དབང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ཟླ་ ༧ ཚེས་ ༡ ཉིན་ཁྱབ་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་པའི་གནས་ཚུལ་སྤེལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་པ་འདི་ནི་རྒྱལ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་གཞིགས་ནས་དེའི་སྟེང་མཚན་རྟགས་བཀོད་པའི་ཀྲུའུ་ཞིའི་བཀའ་རྒྱ་ཨང་ ༢༩ ཞེས་ཁྱབ་བསྒྲགས་བྱས་པའི་ཁྲིམས་ལུགས་ཤིག་ཡིན། འདིའི་ནང་དོན་ལ་ཁྱོན་ལེའུ་ ༧ དང་དོན་ཚན་ ༨༤ ཡོད་པ་དང་། དེ་ཡང་ཆབ་སྲིད་བདེ་འཇགས་དང་། རྒྱལ་ཁབ་བདེ་འཇགས། དམག་དོན་བདེ་འཇགས། རིག་གནས་བདེ་འཇགས། ཚན་རྩལ་བདེ་འཇགས་སོགས་ཀྱི་ཚད་གཞི་ཁ་གསལ་བྱས་ཤིང་། གཙོ་བོ་ཆབ་སྲིད་དང་། རིག་གནས། འདུ་ཤེས་འཛིན་སྟངས་བཅས་ཀྱི་སྟེང་ནན་ཏན་བྱས་ཡོད་པ་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་པའི་དོན་ཚན་ ༢༦ དང་ ༢༧ སོགས་ནི་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ། དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་། འཐུས་ཚང་དུ་གཏོང་བ། སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་རྒྱུ། མི་རིགས་ཕན་ཚུན་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ། སྤེལ་རེས་དང་། མཉམ་འདྲེས་བྱེད་རྒྱུ། མི་རིགས་ཁ་བྲལ་གྱི་བྱེད་སྒོ་ལ་ཁྲིམས་ལྟར་སྔོན་འགོག་དང་། བཀག་འགོག ཉེས་ཆད་གཅོད་རྒྱུ། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་རྒྱུ།
དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ། ཆོས་ལུགས་རང་མགོ་རང་བདག་དང་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་སྤེལ་པ་ལ་སྔོན་འགོག་དང་། བཀག་འགོག ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ། རྒྱལ་ཁབ་ཕྱི་ལོགས་ཀྱི་སྟོབས་ཤུགས་ཀྱིས་རྒྱལ་ནང་གི་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ཏེ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ལོག་ཆོས་རྩ་འཛུགས་མེད་པར་བཟོ་རྒྱུ་དང་། ལོག་ཆོས་ཀྱི་ཉེས་གསོག་བྱེད་སྒོ་ལ་ཁྲིམས་ལྟར་སྔོན་འགོག་དང་། བཀག་འགོག ཉེས་ཆད་གཅོད་རྒྱུ། ཞེས་བཀོད།
སྤྱིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་པ་སྤྱི་ལོ་ ༡༩༩༣ ལོར་རྒྱལ་ཡོངས་དམངས་འཐུས་སྐབས་བདུན་པའི་གྲོས་ཚོགས་ཐེངས་ ༣༠ སྟེང་ཐོག་མར་བྱུང་ཞིང་། ༢༠༡༤ ལོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》གཏན་འབེབས་བྱས་རྗེས་ ༡༩༩༣ ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དེ་མི་དགོས་པ་བཟོས། ༢༠༡༥ ལོའི་ཟླ་ ༧ ཚེས་ ༡ ཉིན་སླར་ཡང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་པ་བསྐྱར་བཟོ་གཏན་འབེབས་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། https://zh.wikipedia.org/ ཟླ་ ༧ ཚེས་ ༡༠ ཉིན༽
༧༽ ཉེ་ལམ་གསར་འགོད་པས་འབྲུག་ཆུ་རྫོང་གི་ཁམ་སྒང་དང་། འཕེན་ཏེན། ཆུ་མགོ་ན། བོད་ཡུལ། དགོན་པ་ལ་སོགས་པའི་ཤང་གི་གྲོང་ཚོ་བཅུའི་ཡུལ་དངོས་སུ་དམངས་ཁྲོད་ཐར་ཐོར་ཉར་ཡོད་པའི་བོན་ཆོས་ཀྱི་གསུང་རབ་བརྟག་དཔྱད་བྱས་ཏེ་བོད་རིགས་དུད་ཁྱིམ་ ༡༢ ནས་བོན་ཆོས་ཀྱི་དཔེ་རྙིང་བམ་པོ་ ༡༨༠ ལྷག་ཙམ་ལ་གླེགས་བམ་ ༢༥༠༠ ལྷག་ཙམ་གྱི་ཤོག་གྲངས་ ༢༡༥༠༠ ལྷག་ཙམ་ཡོད་པ་དང་། གནོད་སེལ་རི་མོ་མཚོན་རྟགས་ ༨༠ ལྷག་ཙམ། ཆོས་ལུགས་ཡོ་བྱད་སྣ་ཚོགས་ ༣༠ ལྷག་ཙམ་བཅས་རྙེད་པ་རེད།
ལན་ཀྲོའུ་སློབ་ཆེན་གྱི་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ངག་དབང་རྒྱ་མཚོས། ཡི་གེའི་ཁྱད་ཆོས་དང་། འབྲི་སྟངས། ཡིག་མགོའི་མཚོན་རྟགས། ཚིག་སྦྱོར་སྟངས། དེ་བཞིན་དཔེ་ཆའི་ནང་གི་བར་བཅུག་རི་མོ་དང་རི་མོ་འབྲི་སྟངས་སོགས་ཀྱི་ཐད་ནས་ཐོག་མའི་གསལ་འབྱེད་བྱས་པ་ན། དཔེ་གཞུང་འདི་དག་ཁྲོད་ཀྱི་མང་ཆེ་བ་ནི་དུས་སྔ་མའི་སྲིད་པ་བོན་ཆོས་ཀྱི་ནང་དོན་ཡིན་པ་དང་། ཉུང་ཤོས་ཤིག་ནི་གཡུང་དྲུང་བོན་ཆོས་ཀྱི་དཔེ་ཆ་བྲིས་མ་ཡིན་ཞིང་། དེ་དག་གི་ནང་དོན་གནམ་རིགས་སྐར་རྩིས་དང་། དུས་ཚིགས་དང་གནམ་གཤིས། མོ་རྩིས། གསོལ་འདེབས་སྨོན་ཚིག ནད་བཅོས་གྲིབ་འགོག ཡུལ་ལྷར་གསོལ་བ། ཕྱྭ་གཡང་འགུགས་པ། གེགས་སེལ་ཞོད་འགོག་སོགས་དང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་བ་རེད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་རྡོ་རྗེ་རིན་ཆེན་གྱིས་དཔེ་རྙིང་འདི་དག་གིས་འབྲུག་ཆུ་འབབ་རྒྱུད་འཚོ་བའི་བོད་མི་རིགས་ཀྱི་བསམ་པའི་རིག་གནས་རྒྱུན་འཛིན་བྱས་ཡོད་པ་དང་། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་མཚོན་ཡོད་པ་དང་། ཏུང་ཧོང་བྲག་ཕུག་ཏུ་ཉར་ཡོད་པའི་བོད་ཀྱི་ཡིག་རིགས་དང་དོ་ཟླ་བྱེད་ཐུབ་པའི་གནའ་བོའི་བོད་ཡིག་གི་དཔེ་ཆ་ཡིན་པས། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༡༠ ཉིན༽
༨༽ བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། ཟླ་འདིའི་ཚེས་ ༩ ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཆེ་མོར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱས། ཝུའུ་དབྱིང་ཅེས། ་་་་་་་་་ གཅིག་ནས་ཉེ་དུས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྒྲིག་གསར་གཏོད་དང་རྩ་སྲ་རྨང་བརྟན་ཤུགས་ཆེན་བྱ་རྒྱུའི་ཐད་བཏིང་བའི་ལས་ཀའི་རྨང་གཞིར་གང་ལེགས་གཞིགས་ནས་ཕྱོགས་ཚང་མའི་ཐད་ཀྱི་ཧུར་སེམས་སྐོང་འཐེན་དང་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་འཇགས་དང་། བདེ་བླག ཕུན་སུམ་ཚོགས་པོ་བཅས་ཡོང་རྒྱུའི་ཐད་བྱ་ཐབས་དངོས་འདོན་པ་དང་ཤུགས་རྒྱག་དགོས་པ་དང་། གཉིས་ནས་གཟབ་རྒྱས་དང་། སྤྲོ་སེམས་འཁོལ་བ། གྲོན་ཆུང་། དོན་གཉེར་བཅས་མཐའ་འཁྱོངས་དང་། གཞི་རིམ་དུ་ཕྱོགས་པ་དང་། མང་ཚོགས་དང་ཉེ་བཅར། དམངས་འཚོར་གཅེས་སེམས་འཆང་བ་བཅས་མཐའ་འཁྱོངས། མཐུན་སྒྲིལ་ནུས་འདོན་དང་། མི་སེམས་གཅིག་སྒྲིལ། སྙིང་སྟོབས་འཕེལ་བ་བཅས་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་དང་། འགྲོ་གྲོན་ཁག་ཡག་པོ་སྤྱོད་པ། ཚད་ལྡན་དོ་དམ་ཤུགས་ཆེར་གཏོང་བ། ལྟ་སྐུལ་བྱེད་ཤུགས་ནན་དུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་གིས་དགའ་སྤྲོའི་ངང་རྟེན་འབྲེལ་ཆེ་མོ་བསུ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་དང་ལས་ཀའི་མཉམ་ཤུགས་སྔར་བས་འཕེལ་བ་བྱེད་དགོས་པ། གསུམ་ནས་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཁག་ལ་དམིགས་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འབྲེལ་མཐུད་ལ་ཤུགས་བརྒྱབ་སྟེ། བྱེད་སྒོའི་ཞབས་ཞུ་ཁག་འཆར་འགོད་ཞིབ་ཚགས་དང་། རང་འགུལ་ངང་ཐབས་འདོན་ཇུས་འགོད། ཇུས་ཤུགས་མཉམ་འདོན་གྱིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ངེས་པར་དུ་ཁྱད་ཆོས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མངོན་པ་བྱས་ནས་ལས་དོན་ཁག་འཕྱུགས་པ་གཏན་ནས་མེད་པ་ཞིག་བྱེད་དགོས་པའི་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༧ ཚེས་ ༡༡ ཉིན༽
༩༽ ཉེ་ཆར་ཀྲུང་གོའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་གཞུང་ཕྱོགས་ཀྱི་དྲ་ཚིགས་ཐོག《བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》དངོས་སུ་ཡོངས་བསྒྲགས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་པའི་ལས་དོན་ཚད་ལྡན་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་མ་བཏང་།
བྱ་ཐབས་དེར་ཁྱོན་བསྡོམས་ལེའུ་དྲུག་ལ་དབྱེ་ཡོད་པ་དེ་དག་སྤྱིའི་རྩ་དོན་དང་། མཚན་གནས་རིམ་པ། དེ་བཞིན་ཞིབ་དཔྱད་གཏན་འབེབས་སྒྲིག་གཞི་འཛུགས་པ། མཚན་གནས་འདུན་ཞུའི་ཆ་རྐྱེན། མཚན་གནས་འདུན་ཞུ་དང་སྤྲོད་པ། ཉེས་ཆད། ཞར་བྱུང་བཅས་ཡིན་པ་རེད།
དེའི་ནང“མཚན་གནས་རིམ་པ་དང་དེ་བཞིན་ཞིབ་བཤེར་གཏན་འབེབས་སྒྲིག་གཞི་འཛུགས་པ”ཞེས་པའི་ལེའུ་ནང་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་དེ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ལ་དབྱེ་བ་དེ་ཆུང་རམས་པ་དང་། འབྲིང་རམས་པ། མཐོ་རམས་པ་བཅས་རེད། བྱ་ཐབས་ནང་ཆུང་རམས་པ་དང་འབྲིང་རམས་པའི་མཚན་གནས་ཀྲུང་གོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་ཚོགས་པས་གཉེར་བའི་ནང་བསྟན་སློབ་གླིང་གིས་སྤྲད་རྒྱུ་དང་། མཐོ་རམས་པའི་མཚན་གནས་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྤྲད་རྒྱུའི་གཏན་འབེབས་བྱས།
“ཞར་བྱུང”ནང་ད་དུང་ས་མཚམས་ཕྱི་རོལ་གྱི་འབྲེལ་ཡོད་མི་སྣར་མཚན་གནས་སྤྲོད་པའི་ཐད་གཏན་འབེབས་བྱས་པ་སྟེ། “བོད་བརྒྱུད་ནང་བསྟན་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་པའི་ས་མཚམས་ཕྱི་རོལ་གྱི་སློབ་མ་དང་ཞིབ་འཇུག་ལས་དོན་བྱེད་མཁན་ས་མཚམས་ཕྱི་རོལ་གྱི་རིག་གནས་པར་མཚན་གནས་སྤྲད་རྒྱུ་དེ་བྱ་ཐབས་འདིའི་གཏན་འབེབས་ལྟར་བསྒྲུབ་རྒྱུ”ཞེས་དང་།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་བརྒྱུད་ནང་བསྟན་ལ་དཔེ་སྦྱོང་ལམ་ལུགས་གཉིས་ཡོད་པའི་ནང་། གཅིག་ནི་དགེ་བཤེས་ལྷ་རམས་པའི་རྟགས་གསལ་གཏོང་བའི་ལམ་ལུགས་ཡིན་པ་དང་། ༢༠༠༣ ལོར་བོད་དུ《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྲྭ་པ་དཔེ་ཆ་བ་དགེ་བཤེས་ལྷ་རམས་པའི་མཚན་གནས་ལ་རིམ་སྤོར་བྱེད་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》གྲོས་འཆམ་བྱས་ནས་དེའི་ཐད་ཚད་ལྡན་དུ་བཏང་ཡོད། ཅིག་ཤོས་ནི་མཐོ་རམས་པའི་མཐོ་རིམ་མཚན་གནས་ལམ་ལུགས་རེད། མཐོ་རམས་པའི་མཚན་གནས་ལམ་ལུགས་དེ་ ༢༠༠༤ ལོར་བཙུགས་པ་དང་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་སྦྱོང་སྲོལ་རྒྱུན་དང་མཚན་གནས་རྟགས་གསལ་གཏོང་བའི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་དེང་རབས་སློབ་གསོའི་བྱ་ཐབས་གསར་པ་བསྡུ་ལེན་བྱས་ནས་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་པའི་ལམ་ལུགས་གསར་པ་ཞིག་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༡༡ ཉིན༽
༡༠༽ བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་སྤེལ་བའི་གནས་ཚུལ། ཟླ་ ༧ ཚེས་ ༡༠ ཉིན་ནས་བཟུང་། བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཧྲེན་ཀྲེན་བར་དང་། ལྷ་ས་ནས་ཁྲང་ཧྲ་བར། ཁྲེང་ཏུའུ་ནས་ཏཱ་ལིས་བར། ཁྲེང་ཏུའུ་ནས་ལིས་ཅང་བར་བཅས་ཀྱི་མཁའ་ལམ་གསར་པ་ ༤ སྔ་རྗེས་སུ་གཏོད་རྒྱུ་ཡིན་པས་འགྲུལ་པ་འགྲོ་སྐྱོད་བྱེད་པར་སྟབས་བདེ་སྐྲུན་རྒྱུ་ཡིན་ཟེར།
ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་ས་མཐོའི་མཁའ་འགྲུལ་ཀུང་སི་དང་པོ་ཡིན་པའི་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ ༢༠༡༡ ལོར་གནམ་གྲུ་ཐེངས་དང་པོ་འཕུར་བ་ནས་བཟུང་བོད་ལྗོངས་ས་ཁོངས་སུ་གནམ་ཐང་ཆེ་གྲས་ ༥ ཁྱབ་ཐུབ་པ་བྱུང་བ་དང་འབྲེལ་མཁའ་ལམ་དྲ་རྒྱ་དེ་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཧང་ཀྲོའུ། ཧྲང་ཧའེ། ཧྲེན་ཀྲེན། པེ་ཅིང་སོགས་རྒྱལ་ནང་གི་གྲོང་ཁྱེར་གཙོ་བོར་ཁྱབ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༡༢ ཉིན༽
༡༡༽ ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་སྐོང་ཚོགས་བྱས་ནས《འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་ཡོད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་གྲོས་འཆམ་བྱུང་བ་རེད། དེ་ནི་དུས་སྐབས་གསར་པའི་འོག་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་བྱ་ཐབས་གལ་ཆེན་དང་ལམ་ལུགས་ཀྱི་གཞི་འཛིན་ས་ཡིན་པས་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ་དང་གོ་གནས་འཕར་ཆག་ཡོད་པ་དང་། ཚན་ཁག་ནང་འཇུག་འབུད་ཆོག་དཔོན་པོ་བྱས་ཀྱང་སྤྱོད་ཚུལ་དྭངས་གཙང་མེད་པ་དང་། དཔོན་པོ་བྱས་ཀྱང་བྱས་རྗེས་མི་འཇོག་པ། དཔོན་པོ་བྱས་ནས་བྱ་བ་གང་བྱུང་དུ་སྒྲུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༡༣ ཉིན༽
༡༢༽ ཟླ་ ༧ ཚེས་ ༡༣ ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་ཙུང་ཐུང་གི་མཐོ་རིམ་བློ་འདྲི་བ་ཏ་ལའི“གྱ་སྟོན་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོར་ཞུགས་པའི་སྐོར་གསར་འགོད་པར་དྲིས་ལན་འདེབས་སྐབས་ཀྲུང་གོའི་ཕྱོགས་ཀྱིས་དོན་འདིར་ཡིད་ཧ་ཅང་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་འདུག
གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་ ༧ ཚེས་ ༡༠ ཉིན་ཙུང་ཐུང་ཨའོ་པ་མའི་མཐོ་རིམ་བློ་འདྲི་བ་ཅ་རུའེ་ཐེ་ཏ་ལའི་བླ་མ་དགུང་ལོ་ ༨༠ ལོན་པའི“གྱ་སྟོན་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོར་ཞུགས་པའི་དོན་འདིའི་སྐོར་ལ་ཀྲུང་གོའི་ཕྱོགས་ཀྱིས་དཔྱད་གཏམ་ཇི་ལྟར་ཡོད་ཅེས་དྲི་བ་བཏོན།
ཧྭ་ཁྲུན་ཡིང་གིས་ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་སྐད་ཆ་ཐེངས་མང་བྱས་པ་ལྟག་རྒྱབ་ཏུ་བསྐྱུར་ནས་རང་འདོད་མཁྲེགས་བཟུང་གིས་མཐོ་རིམ་དཔོན་རིགས་བཀོད་སྒྲིག་གིས་ཏཱ་ལའི་བླ་མ་དང་འབྲེལ་གཏུག་བྱས་པར་ཀྲུང་གོའི་ཕྱོགས་ཀྱིས་ཡི་ཧ་ཅང་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ང་ཚོས་ཨ་རིའི་ཕྱོགས་ཀྱིས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་པ་དང་། “བོད་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་བཞག་པ་བརྩི་སྲུང་ནན་པོ་བྱས་ཏེ་ཀྲུང་ཨའི་བར་གྱི་འབྲེལ་བར་འགལ་རྐྱེན་དང་གནོད་སྐྱོན་མི་ཡོང་བའི་ཆེད་དུ་བྱེད་ཐབས་ཏན་ཏིག་ལག་ལེན་དུ་བསྟར་ནས་ནོར་འཁྲུལ་ཡོ་བསྲང་དང་བག་ཆགས་ངན་པ་བཞག་པ་གཙང་སེལ་བྱེད་དགོས་པ་དང་། “བོད་རང་བཙན”གྱི་ངན་ཤུགས་ལ་སྟབས་བདེ་དང་རྒྱབ་སྐྱོར་གང་ཡིན་ཡང་འདོན་སྤྲོད་བྱེད་མཚམས་འཇོག་དགོས་ཞེས་ནན་བཤད་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༡༤ ཉིན༽
༡༣༽ ཟླ་ ༧ ཚེས་ ༩ ཉིན་ནས་ཚེས་ ༡༢ ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་རྨ་ལྷོ་ཁུལ་དང་། ཀན་ལྷོ་ཁུལ། རྔ་བ་ཁུལ་བཅས་སུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་བྱེད་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ཐོག་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་བྱས།
སུན་ཁྲུན་ལན་རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་ཡར་མགོ་གྲོང་ཚོ་དང་། ཀན་ལྷོ་ཁུལ་རྒན་གྱ་ཤང་ཞོལ་སྐོར་གྲོང་ཚོ་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། རྔ་བ་ཁུལ་མཛོད་དགེ་རྫོང་བན་ཡུལ་ཤང་དང་འ་སྐྱིད་ཤང་འཕྲོད་བསྟེན་ཁང་། ཧུང་ཤིང་གྲོང་རྡལ་མཐའ་བ་གྲོང་ཚོ། ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་དང་སྤྱང་གཙང་ཤང་ཆུ་མཆིག་སྒུ་གྲོང་ཚོ་བཅས་སུ་སོང་ནས་བོད་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་དང་། གྲོང་རྡལ་ཆུང་གྲས་འཛུགས་སྐྲུན། སློབ་གསོ་དང་སྨན་བཅོས་སོགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་དང་། ཞིང་འབྲོག་པའི་ཁྱིམ་དུ་སོང་ནས་བོད་རིགས་ཏང་ཡོན་རྒན་གྲས་དང་ཞིང་འབྲོག་པ་དབུལ་པོར་གཟིགས་པ། གཞི་རིམ་ཏང་སྲིད་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དང་གླེང་མོལ་གཏིང་ཟབ་བྱས། ཁོང་གིས་མཚོ་སྔོན་ཞིང་ཨུད་ཀྱིས་དུས་བདེ་དང་དར་རྒྱས་ལས་གཞི་ལག་བསྟར་བྱས་པ་དང་། ཀན་སུའུ་ཞིང་ཨུད་ཀྱིས་གྲོང་སྦྲེལ་དུད་སྦྲེལ་དང་དམངས་ཆེད་དམངས་ཕྱུག་བྱ་སྤྱོད་སྤེལ་བ། སི་ཁྲོན་ཞིང་ཨུད་ཀྱིས་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ་བཅས་ཀྱི་དོན་ཆེན་གསུམ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཅིག་འདོམས་དང་། སྤྱི་ཡོངས་ལ་ལྟ་རྟོག ཕྱོགས་བསྡུས་ཇུས་འདོན་གྱི་ཉམས་མྱོང་བཅས་ལ་ཁས་ལེན་གང་ལེགས་བྱས།
སུན་ཁྲུན་ལན་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཏང་དང་སྲིད་གཞུང་གི་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་དཀའ་གནད་སེལ་བ་དང་། བྱ་བ་དངོས་སྒྲུབ་རྒྱུ་དེ་འཇུག་གཞི་གལ་ཆེན་དུ་བརྩིས་ནས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། ཞིང་ཆེན་གསུམ་འབྲེལ་མཚམས་ཁུལ་དེ་ཐག་རིང་ལུང་ཁུག་ཡིན་པས་བལྟོས་བཅས་ཀྱིས་འཕེལ་རྒྱས་འགོར་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་དཀའ་ངལ་ཆེ་ཙམ་ཡོད། འགྲིམ་འགྲུལ་གཙོ་གནད་དུ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གནད་འཕིགས་དབུལ་སྐྱོར་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་གཏོང་བར་བརྟེན་ནས་ལས་ཞུགས་སྟོབས་ཆེའི་ཐོན་ལས་ལ་སྐུལ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་ཀྱི་གཏོང་ཆ་གཏོང་ཤུགས་དེ་བས་མང་བ་ཞིང་འབྲོག་ཁུལ་དུ་ཕྱོགས་ནས་སྐད་གཉིས་སློབ་གསོའི་སྤུས་ཚད་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། བོད་རིགས་ས་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་པ་རེད། ཁོང་གིས་རིམ་ཁག་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུང་དམངས་འཚོ་ལེགས་གཏོང་དང་བསམ་བློར་ཁྲིད་སྟོན་བྱ་རྒྱུ་ཟུང་འབྲེལ་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ཀྲུང་དབྱང་གི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་རེ་བ་བྱས།
སུན་ཁྲུན་ལན་གྱིས་མཚོ་སྔོན་རོང་བོ་དགོན་ཆེན་དང་། ཀན་སུའུ་བླ་བྲང་དགོན་དང་མི་ལ་རས་པའི་སྲས་མཁར་དགུ་ཐོག སི་ཁྲོན་སྟག་བྲག་དཔེ་ཁྲིད་ཁང་བཅས་སུ་བརྟག་ཞིབ་གནང་བ་དང་། ཁོང་གིས་བོད་བརྒྱུད་ནང་བསྟན་འདི་ཉིད་བོད་རིགས་ས་ཁུལ་དུ་ཤུགས་རྐྱེན་ཐེབས་རྒྱ་ཆེ་བས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོའི་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་རིགས་མི་སྣ་དང་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་དགོན་སྡེ་དང་གྲྭ་བཙུན་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་དགོས། ཁོང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུའི་ཐུགས་རེ་གནང་བ་དང་། འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོའི་ཐད་དུས་རབས་ཀྱི་ཡར་ཐོན་བླང་བྱ་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་བསྟུན་ཐུབ་པའི་འགྲེལ་བཤད་བརྒྱབ་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བ་བྱེད་དགོས་ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༧ ཚེས་ ༡༤ ཉིན༽
༡༤༽ ཉིན་ཤས་གོང་བོད་ལྗོངས་སློབ་ཆེན་གྱིས་ ༢༠༡༥ ལོའི་ལོ་འཁོར་གྱི“ཇོ་མོ་གླང་མའི་མཁས་དབང”ཞེས་པའི་ཤེས་ལྡན་མི་སྣའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ནང་དགེ་རྒན་ ༡༥༤ “ཇོ་མོ་གླང་མའི་མཁས་དབང”སོགས་ཀྱི་ཤེས་ལྡན་མི་སྣ་རིམ་པ་ ༥ ཡི་ནང་བདམས་པ་མ་ཟད། སློབ་གྲྭ་དང་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་གདན་ཞུས་བཀོལ་སྤྱོད་གན་རྒྱ་ཡང་བཞག དེ་ནི་བོད་ལྗོངས་སློབ་ཆེན་གྱིས“ཤེས་ལྡན་མི་སྣའི་སློབ་གྲྭ་སྟོབས་ཆེན”ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སློབ་ཆེན་གང་མགྱོགས་འཛུགས་སྐྱོང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཇོ་མོ་གླང་མའི་མཁས་དབང་དང་ཤེས་ལྡན་མི་སྣའི་འཆར་གཞིའི་ནང་དུ་དགེ་རྒན་རྒན་དར་གཞོན་གསུམ་གྱི་ཤེས་ལྡན་མི་སྣའི་མ་ལག་གི་དཔུང་ཁག་ཚུད་ཡོད། ཤེས་ལྡན་མི་སྣར་བདམས་པ་དེ་དག་ལ་བོད་ལྗོངས་སློབ་ཆེན་གྱིས་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་རོགས་སྐྱོར་བྱ་རྒྱུ་དང་། ཚོགས་པ་འཛུགས་གཉེར་དང། ཐོན་ཁུངས་དང་ལས་སྟེགས་འཛུགས་སྐྱོང་། རྒྱལ་ཁབ་ཕྱི་ནང་དུ་ཟབ་སྦྱོང་། ཕུལ་བྱུང་པ་སློབ་གྲྭའི་ཕྱི་རོལ་གྱི་ཤེས་ལྡན་མི་སྣའི་འཆར་གཞིར་འོས་སྦྱོར་སོགས་ཀྱི་ཐད་ལ་སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱ་རྒྱུ་དང་ཆབས་ཅིག་སློབ་གྲྭས་ད་དུང་ལོ་ལྟར་ཤེས་ལྡན་མི་སྣར་བདམས་ཐོན་བྱུང་བ་དེ་དག་གི་བཀོལ་སྤྱོད་ལས་འགན་དང་ལོ་འཁོར་གྱི་ལས་དོན་ལ་དཔྱད་ཞིབ་ཀྱང་བྱ་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༡༤ ཉིན༽
༡༥༽ ཉེ་ཆར་མཚོ་སྔོན་ཞིང་ཆེན་ཐིག་ལེན་ས་གཤིས་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་མཚོ་སྔོན་བོད་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་ཐོག་མར་ལེགས་གྲུབ་བྱུང་བ་དང་འབྲེལ་ ༡∶༥ ཡི་ས་བབ་ས་བཀྲ་ཞིང་ཆེན་ཡོངས་སུ་ཁྱབ་ཡོད་པ་རེད།
རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཀྱི་བརྟག་དཔྱད་ལས་དོན་གལ་ཆེན་ཞིག་དང་། རྒྱལ་ཁབ་ས་ཆའི་ས་གཤིས་གནས་ཚུལ་གྱི་ཆ་འཕྲིན་ཁྱོན་ཡོངས་ནས་ཐོབ་པའི་བྱེད་ཐབས་གལ་ཆེན་ཞིག ས་ངོས་ཀྱི་རང་བྱུང་དང་སྣོད་བཅུད་དེ་བཞིན་མིའི་རིགས་ཀྱི་བྱེད་སྒོའི་གཞི་རྩའི་གནས་ཚུལ་སྟངས་འཛིན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་བཅས་རེད། མཚོ་སྔོན་གྱི་ས་རྒྱ་ཆེ་བ་དང་དཔལ་འབྱོར་ཅུང་རྗེས་ལུས་ཡིན་པར་དམིགས་ནས་རྒྱལ་ཁབ་ཐིག་ལེན་ས་གཤིས་ཆ་འཕྲིན་ཅུས་ཀྱིས་མཚོ་སྔོན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་སྤེལ་རོགས་བྱས་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱས་པའི་རྒྱ་ཁྱོན་ཀེ་ལོ་མི་ཊ་ངོས་གྲུ་ཁྲི་ ༦༢ ཟིན་པ་དེས་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ས་ཁོངས་རྒྱ་ཁྱོན་གྱི་ ༨༠% ཟིན་ཡོད་པ་རེད།
མིག་སྔར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཐོན་པ་དང་གྲུབ་འབྲས་རྩིས་ལེན་གྱི་ལས་དོན་ལེགས་གྲུབ་ཟིན་ནས་ཞིབ་དཔྱད་ཆོག་འཐུས་ཀྱི་དུས་མཚམས་སུ་སླེབས་པ་དེ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་ནང་ཞུགས་པ་ཐོག་མ་དེ་རེད། རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་དེས་མཚོ་སྔོན་ཞིང་ཆེན་གྱི་ས་ཆའི་ཐོན་ཁུངས་བརྟག་དཔྱད་དང་། སྐྱེ་དགུ་མདོའི་ཡོམ་འགོག་གེགས་སེལ། གཙང་གསུམ་ཆུ་མགོའི་སྣོད་བཅུད་འཛུགས་སྐྲུན་སྲུང་སྐྱོང་སོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁྲོད་ནུས་པ་གལ་ཆེན་འདོན་ཐེངས་གཉིས་པ་དེ་ཡིན་ཟེར།༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ་ནས། ཟླ་ ༧ ཚེས་ ༡༥ ཉིན༽[PFD]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༧ ཚེས་ ༡༥ ཉིན།