སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ ཟླ་ ༧ ཚེས་ ༡༥ ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་རྒྱལ་ཁབ་ཀྱི་པ་སའེ་ལུའོ་ན་གྲོང་ཁྱེར་གྱི“ཨེ་ཤེ་ཡའི་ཕ་ཡུལ”ཞེས་པ་རུ་འཆད་ཁྲིད་སྤེལ་ཏེ་ས་གནས་དེ་གའི་གཙོ་གྲས་སྤྱི་ཚོགས་ཀྱི་དམངས་ཚོགས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་ཚོར་བོད་ལྗོངས་ཡར་ཐོན་དང་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ངོ་ཐུག་གདོང་འཕྲད་ཀྱི་ཕན་ཚུན་སྤེལ་རེས་ཀྱང་བྱས་པ་རེད།
ཐེངས་འདིའི་སྤེལ་རེས་ཚོགས་པའི་ཚོགས་གཙོའི་འགན་ཁུར་མཁན་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་ཝང་ཡན་ཀྲུང་ཡིན་པ་དང་། ཁོང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་རྨང་གཞི་ཞན་པ་དང་། ཞི་བས་བཅིངས་འགྲོལ་བཏང་བ་དང་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་འཕེལ་རྒྱས་མགྱོགས་མྱུར་བྱུང་བ། བོད་ལྗོངས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་བཅས་གསུམ་གྱི་ཐད་ནས་བོད་ལྗོངས་ཀྱི་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱས།
སྤེལ་རེས་ཚོགས་པའི་ཚོགས་མི་དང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་རང་ཉིད་འཚར་ལོངས་བྱུང་ཚུལ་དཔེར་བཞག་སྟེ་བོད་ལྗོངས་ཀྱི་རིག་གནས་སློབ་གསོ་དང་། སློབ་གྲྭ་འཛུགས་སྐྲུན་ཐད་འཕེལ་རྒྱས་བྱུང་ཚུལ་དང་ད་ལྟའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། བོད་ཀྱི་ལྷ་མོ་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་དཔལ་ལྡན་དབང་ཕྱུག་གིས་འབྱུང་འགྱུར་གོ་སྐབས་བྱུང་ན་བོད་ཀྱི་ལྷ་མོ་ཚོགས་པ་པ་སའེ་ལུའོ་ནར་ཁྲིད་ཡོང་སྟེ་ས་གནས་འདི་གའི་སི་ཕེན་རྒྱལ་ཁབ་ཀྱི་དམངས་ཚོགས་ལའང་དངོས་སུ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ངོ་མཚར་རོལ་མྱོང་བྱེད་དུ་འཇུག་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༧ ཚེས་ ༡༧ ཉིན༽
༢༽ ཟླ་ ༧ ཚེས་ ༢༠ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི《ལིན་ཅི་ཧྭའི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གྱོད་གཞིར་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལིན་ཅི་ཧྭ་ལ་ཏང་གི་རྩ་འཛུགས་ནས་འབུད་པ་དང་ལས་གནས་ནས་ཕྱིར་དབྱུང་བའི་ཆད་པ་གཅོད་རྒྱུ་དང་། ཁོའི་ནག་ཉེས་བསགས་པའི་དོགས་ཡོད་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུར་རྩིས་སྤྲོད་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།
ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་གྱོད་གཞི་ཞིབ་གཅོད་བྱེད་སྐབས་ཁུངས་སྣེ་རྙེད་པར་གཞིགས་ཏེ་ ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༢༢ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ཏེ་ལིན་ཅི་ཧྭ་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད་ལིན་ཅི་ཧྭ་ཡིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། ཆབ་སྲིད་སྒྲིག་ལམ། རྩ་འཛུགས་ཀྱི་སྒྲིག་ཁྲིམས། གསང་སྲུང་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། འགན་དབང་ཁུར་བའི་སྟབས་བདེར་བརྟེན་ནས་མི་མང་པོར་ཁེ་ཕན་ཧམ་གཉེར་བྱས་པ་དང་། ཁོ་རང་ཉིད་དམ་ནང་མི་བརྒྱུད་དེ་ལྐོག་རྔན་འབོར་ཆེན་བླངས་པ། ཁྲིམས་འགལ་སྒྲིག་འགལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཆེན་པོ་འབོར་ཆེན་ལྐོག་ལེན་བྱས་པ། སྤྱོད་གཙང་རང་འཇུན་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ཏེ་ཁོ་རང་ངམ་ཁོའི་བཟའ་ཟླ་ཡིས་མི་གཞན་ནས་དངུལ་དང་རྒྱུ་ནོར་བླངས་པ་དང་། བཟའ་ཟླའི་ཚོང་གཉེར་བྱེད་སྒོའི་དོན་དུ་ཁེ་བཟང་ཧམ་ལེན་བྱས་པ། བུད་མེད་མང་པོ་དང་ལོག་གཡེམ་བྱས་ནས་དབང་འཆལ་བརྗེ་ཚོང་བྱས་པ། ཁོའི་གཉེན་ཉེ་ཚོས་ཁོ་པའི་གོ་གནས་དང་དབང་གྲགས་སྤྱད་དེ་རྒྱུ་ནོར་བསྡུ་ལེན་གྱིས་ཁེ་སྤོགས་ཧམ་ལེན་བྱས་པར་ཁག་འགན་ཆེན་པོ་ཁུར་བ་བཅས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཚབས་ཆེན་ཡོད་པ་མ་ཟད། བརྟག་དཔྱད་བྱེད་སྐབས་ལིན་ཅི་ཧྭ་ལ་ད་དུང་ཉེས་གསོག་དོགས་ཡོད་ཁུངས་སྣེ་གཞན་དག་ཡོད་པ་ཤེས་རྟོགས་བྱུང་བ་རེད། ལི་ཅི་ཧྭའི་བྱ་སྤྱོད་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་ལས་ཡོངས་སུ་རྒྱབ་འགལ་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བས། ཏང་གི་སྣང་བརྙན་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བཏང་ཡོད་ལ། སྤྱི་ཚོགས་སུའང་བག་ཆགས་ཧ་ཅང་ངན་པ་བཞག་པ་རེད།
༢༠༡༥ ལོའི་ཟླ་ ༧ ཚེས་ ༢༠ ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་འཚོགས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི《ལིན་ཅི་ཧྭའི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གྱོད་གཞིར་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྲོལ་ཡིག》ལ་གཞིགས་པ་དང་། 《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་ཆད་པ་གཅོད་རྒྱུའི་སྲོལ་ཡིག》ནང་གསལ་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་སྟེ་ལིན་ཅི་ཧྭ་ལ་ཏང་གི་རྩ་འཛུགས་ནས་འབུད་པ་དང་ལས་གནས་ནས་ཕྱིར་དབྱུང་བའི་ཆད་པ་གཅོད་རྒྱུ་དང་། ལིན་ཅི་ཧྭའི་ནག་ཉེས་བསགས་པའི་དོགས་ཡོད་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུར་རྩིས་སྤྲོད་བྱེད་རྒྱུའི་གཏན་འབེབས་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༧ ཚེས་ ༢༡ ཉིན༽
༣༽ ཟླ་ ༧ ཚེས་ ༡༨ ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་འགྲེམས་སྤེལ་བྱས་པའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་དྲན་གསོའི་གསེར་དངུལ་སྒོར་མོ”དེ་ལྷ་སར་ཐེངས་དང་པོ་འཚོང་འགོ་ཚུགས་པ་དང་། དེའི་ནང་ཨང་སི་བཞི་ཆའི་གཅིག་གི་སྤུས་དག་གསེར་གྱི་སྒོར་མོ་དང་ཨང་སི་གཅིག་གི་སྤུས་དག་དངུལ་གྱི་སྒོར་མོའི་ཚད་གཞིའི་ཐོན་རྫས་ ༢ ཚུད་ཡོད་ཟེར།
ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་བློ་བཟང་དགྲ་འདུལ་གྱིས་གསེར་གྱི་སྒོར་མོའི་ནང་གསེར་འདུས་ཚད་གྷི་རམ (Gram克) ༧.༧༧༦ (ཨང་སི་༡/༤)ཡོད་པ་དང་ཚངས་ཐིག་ལ་ སེན་ཊྲ་སྨི་ཊ(Centimeter厘米) ༢༢ ཡོད་པ་དེའི་དངུལ་ཐང་སྒོར་ ༡༠༠ ཡིན་པའི་ཐོག་རྒྱུ་སྤུས་99༩༩.༩༩% ཡིན་ལ་གྲངས་ ༡༥༠༠༠ འགྲེམས་སྤེལ་བྱས་ཡོད། དངུལ་གྱི་སྒོར་མོའི་ནང་དངུལ་འདུས་ཚད་གྷི་རམ་ ༣༡.༡༠༤ (ཨང་སི་ ༡ )ཡོད་པ་དང་ཚངས་ཐིག་ལ་སེན་ཊྲ་སྨི་ཊ ༤༠ ཡོད་པ་དེའི་དངུལ་ཐང་སྒོར་ ༡༠ ཡིན་པའི་ཐོག་རྒྱུ་སྤུས་ ༩༩.༩༩% ཡིན་ལ་གྲངས་ ༢༥༠༠༠ འགྲེམས་སྤེལ་བྱས། དེ་དག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཅད་དངུལ་ལོར་ཡིན་པ་དང་དྲན་གསོའི་སྒོར་མོའི་ཐོག་གི་རི་མོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་དང་འབྲེལ། དེའི་ཐོག་རྒྱལ་ཁབ་ཀྱི་མིང་དང་ལོ་རྟགས་བཅས་བཀོད་པ་དེ་ཧྲང་ཧའེ་སྒོར་མོ་བཟོ་གྲྭ་ཚད་ཡོད་ཀུང་སི་དང་ཧྲེན་ཀྲེན་རྒྱལ་ནོར་སྒོར་མོ་བཟོ་གྲྭ་ཚད་ཡོད་ཀུང་སིས་བཟོས་པ་ཞིག་རེད་ལ། ཀྲུང་གོ་གསེར་ཊཾ་སྤྱི་ཁྱབ་ཀུང་སིས་གཙོ་བོ་བརྒྱུད་འཚོང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
གསེར་གྱི་སྒོར་མོའི་རྒྱབ་ཏུ་བཀོད་པའི་རི་མོ་ནི་ལྷ་མོའི་འཁྲབ་ཁྱེར་སྒྱུ་རྩལ་གྱི་རྣམ་པ་ཡིན་པ་དང་སྲོལ་རྒྱུན་གྱི་བཀྲ་ཤིས་མཚོན་རྟགས་འཆར་འགོད་བྱས། དངུལ་གྱི་སྒོར་མོའི་རྒྱབ་ཏུ་བཀོད་པའི་རི་མོ་ནི་བོད་བཟོའི་སྡོད་ཁང་དང་། མཚོ་བོད་ལྕགས་ལམ། གངས་རི་སོགས་རེད། དྲན་གསོའི་སྒོར་མོ་དེ་གཉིས་ཀར“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བ”ཞེས་པའི་བོད་རྒྱ་ཡིག་རིགས་དང་དངུལ་ཐང་བཀོད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༢༠ ཉིན༽
༤༽ ཟླ་ ༧ ཚེས་ ༢༡ ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་འགའི་གོང་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲའུ་ཤང་ནང་ཁོངས་ནས་གནའ་བོའི་བང་སོ་ཁྱུ་ཚོགས་ཆེ་གྲས་ཤིག་གསར་རྙེད་བྱུང་བ་དང་། རིགས་གཅིག་མཁས་ཅན་གྱིས་ཆོད་སྡོམས་རགས་ཙམ་བྱས་པ་བརྒྱུད། གནའ་བོའི་བང་སོ་ཁྱུ་དེའི་ལོ་རབས་ཧ་ལམ་བཙན་པོའི་རྒྱལ་རབས་སྐབས་སུ་དེད་ཆོག་གི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གནའ་བོའི་བང་སོ་ཁྱུ་དེ་ལྷ་རྩེ་རྫོང་གྲའུ་ཤང་སེང་གེ་ལུང་གྲོང་ཚོའི་གྲོང་མིས་ཞིང་ཁའི་ངལ་རྩོལ་ལས་སྐབས་སྣང་མེད་ཁྲོད་གསར་རྙེད་བྱུང་བ་དང་། སྐབས་དེ་དུས་ཐར་ཐོར་དུ་གནས་པའི་སྲོག་ཆགས་ཀྱི་རུས་པ་དང་རྫ་ཆས་ཧྲག་ཧྲུག དེ་བཞིན་ལྕགས་རིགས་ཀྱི་མཛེས་རྒྱན་སོགས་ལ་གྲོང་མི་ཚོས་དོ་སྣང་བྱུང་ཡོད། གྲོང་མིས་གོང་རིམ་ལ་སྙན་ཞུ་ཕུལ་རྗེས་གནའ་རྫས་དེ་དག་ས་ཆ་དེ་གའི་རིག་དངོས་ཚན་པས་ཉེ་འཁོར་གྱི་དགོན་པ་ཞིག་ནང་སྐབས་འཕྲལ་ཉར་ཚགས་བྱ་རྒྱུར་བཞག་ཡོད།
གཞིས་རྩེ་གྲོང་ཁྱེར་རིག་དངོས་ཅུས་ལ་གནས་ཚུལ་དེའི་སྐོར་འབྱོར་སྐབས་འཕྲལ་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གནའ་ཤུལ་གནས་ཡུལ་དངོས་སུ་བང་སོར་སྲུང་སྐྱོབ་དང་དེ་བཞིན་གནའ་རྫས་ཆོད་སྡོམ་གྱི་ལས་དོན་སྤེལ་བར་བསྐྱོད་ཡོད། གཞིས་རྩེ་གྲོང་ཁྱེར་རིག་དངོས་ཅུས་རིགས་དངོས་སྲུང་སྐྱོབ་ཁོའོ་ཡི་ཁོའོ་ཀྲང་ཟླ་བས། བང་སོའི་ཁྱུ་དེའི་ཁྲོད་ཉུང་ཤས་ཤིག་ཆུ་རྒྱུག་ཁུལ་གྱི་ཤུར་ཁའི་ཁྲོད་གནས་ཡོད་པས་དུས་ཚོད་མང་པོ་སོང་རྗེས་རུས་པ་དང་རྒྱན་ཆ་སོགས་གནའ་རྫས་ཉུང་ཤས་ཤིག་ས་ངོས་ཐོག་འཁྱེར་ཡོད་ཅེས་དབྱེ་ཞིབ་གནང་།
མིག་སྔར་གནའ་བོའི་བང་སོ་ཁྱུ་དེ་ས་ཆ་དེ་གའི་རིག་དངོས་ཚན་པས་རགས་ཙམ་མཐའ་བསྐོར་ནས་སྲུང་སྐྱོབ་བྱས་ཡོད། ཡུན་རིང་མི་འགོར་བར་རིགས་གཅིག་མཁས་ཅན་གྱིས་དེར་ཚན་རིག་དང་མཐུན་པའི་གོ་རིམ་ལྡན་པའི་གནའ་རྫས་གསར་སྤེལ་ལས་དོན་སྤེལ་བར་བསྐྱོད་དེ་གནའ་བོའི་བང་སོ་ཁྱུ་དེའི་གསང་བ་དག་བརྟོལ་རྒྱུ་ཡིན་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༢ ཉིན༽
༥༽ ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་ ༧ ཚེས་ ༢༠ ཉིན་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ་བ་ ༡༠ པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ༢༠༢༠ ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་གཏན་ལ་ཕབ་པའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་ཤིག་ཡིན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དེ་ངེས་པར་དུ་འབད་འཐབ་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱ་རྒྱུར་དམ་པོར་དམིགས་ནས་བཟོ་དགོས། མིག་སྔར་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པའི་ཞི་བདེ་དང་འཕེལ་རྒྱས་ལ་འགྱུར་བ་མེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་དུས་མཚམས་འཕྲད་ཡོད་ལ་འགལ་བ་མང་པོ་ཕན་ཚུན་རྩེག་སྣོན་དུ་གྱུར་པའི་འགྲན་སློང་ནན་པོ་ཡང་འཕྲད་ཡོད། ང་ཚོས་འཐབ་ཇུས་གོ་སྐབས་དུས་མཚམས་ཀྱི་གོ་དོན་གྱི་འགྱུར་ལྡོག་གཏིང་ཟབ་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱེད་དགོས་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དེ་བས་ནུས་ལྡན་ངང་ཁ་གཏད་འཇལ་བ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བཏིངས་བའི་རྨང་གཞི་བརྟན་པོའི་ཐོག་ཡིད་ཆེས་བརྟན་དུ་གཏོང་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་ལམ་གཏོད་པ། མུ་མཐུད་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། ཆ་རྐྱེན། ལས་འགན། བླང་བྱ་སོགས་ཚང་མར་འགྱུར་བ་གསར་པ་བྱུང་ཡོད། རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། རྒྱུན་རྣམ་གསར་པར་ཁྲིད་སྟོན་བཅས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་ཡོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཕེལ་རྒྱས་བྱ་སྤྱོད་ཀྱི་སྣེ་འཁྲིད་པ་ཡིན་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་གནད་དོན་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་གསལ་པོ་ཤོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་བར་བརྟེན་ནས་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་སྣེ་ཁྲིད་བྱེད་པ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཀ་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་འགྲོ་ལམ་ཡག་པོ་སྟོན་པ་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་པ་སོགས་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༢ ཉིན༽
༦༽ ཟླ་ ༧ ཚེས་ ༢༠ ཉིན་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ལོ་ཝ་ཁེ་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་ར་ཏི་སི་ལ་ཧྥ་གྲོང་ཁྱེར་གྱི་སི་ལོ་ཝ་ཁེར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོ་རུ་འཆད་ཁྲིད་སྤེལ་ནས་ས་གནས་དེ་གའི་གཙོ་གྲས་གསར་འགྱུར་བརྒྱུད་ལམ་ཁག་དང་། རིག་གནས་ལས་རིགས་ཀྱི་མི་སྣ། རིག་མཛོད་ཀྱི་ཡོན་ཏན་ཅན། ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ལ་བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད། འཆད་ཁྲིད་ཉན་མཁན་ཚོ་དང་ཕན་ཚུན་སྤེལ་རེས་ཀྱང་ཁྱབ་རྒྱ་ཆེན་པོ་བྱས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༢༢ ཉིན༽
༧༽ ཟླ་བདུན་པའི་ཟླ་མཇུག་ལ་ཨར་ལས་འཛུགས་སྐྲུན་བྱེད་མཁན་ཚོས་དུས་ཡུན་ལོ་ ༤ རིང་མཐོ་སྒང་དུ་དཀའ་སྤྱད་འབད་འཐབ་བྱས་མཐར་སི་ཁྲོན་ཞིང་ཆེན་བོད་ཁུལ་ལི་ཐང་རྫོང་ཁོངས་ཀྱི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་ ༣༡༨ ཀྱི་ལི་ཐང་ཕུག་ལམ་ལེགས་གྲུབ་བྱུང་ནས་རླངས་འཁོར་དངོས་སུ་ཤར་གཏོང་བྱེད་ཐུབ་པ་རེད། ཕུག་ལམ་དེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་ཊ ༤༠༠༠ གི་ས་ན་ཡོད་ཅིང་། རིང་ཚད་ཁྱོན་བསྡོམས་སྨི་ཊ ༢༨༣༡ ཡོད་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་ ༢.༩ བཏང་ཡོད་ལ། ཕུག་ལམ་དུ་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་ཀེ་ལོ་སྨི་ཊ ༤༠ རེ་བསྐྱོད་རྒྱུའི་ཇུས་འགོད་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༢༢ ཉིན༽
༨༽ ཟླ་ ༧ ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ལྷ་སར་དངོས་སུ་སྒོ་བྱང་བཀལ་བ་དང་། བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་བོད་ཡིག་གནའ་དཔེ་ཉམས་གསོའི་རྟེན་གཞི་གསར་བཟོ་བྱེད་པའི་ཐབས་ལམ་གལ་ཆེན་གཞན་ཞིག་ཏུ་གྱུར་ཞིང་། དེས་བོད་ཡིག་གནའ་དཔེ་ཉམས་གསོ་བྱེད་ནུས་མཐོར་འདེགས་ཆེན་པོ་ཡོང་བ་དང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རྩ་ཆེའི་ཚད་ལྡན་ཡིག་ཆ་འཇོག་ཐུབ།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས། ༢༠༠༨ ལོར་བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོབ་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་རིགས་གཅིག་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། རང་སྐྱོང་ལྗོངས་ནོར་སྲིད་ནས་སྔ་རྗེས་སུ་ཆེད་སྤྱོད་མ་དངུལ་སྒོར་འབུམ་ ༥༠ ལྷག་ཙམ་བཏང་བས་ཡོངས་ཁྱབ་ཞིབ་བཤེར་གྱི་སྲུང་སྐྱོང་ལས་དོན་གྱི་དགོས་མཁོར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ངོ་སྤྲོད་ལ་གཞིགས་ན། རིག་དངོས་ཚན་པས་ས་ཁུལ་ཁག་གི་གནའ་དཔེ་ཉར་ཚགས་ཚན་པའི་རྩ་ཆེའི་གནའ་དཔེར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་ཕུད། ད་དུང་རལ་རུལ་དུ་གྱུར་བའི་གནའ་དཔེ་ཕོན་ཆེན་རྙེད་ཡོད་ཅིང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ཉར་ཚགས་ཚན་པའི་ཆ་རྐྱེན་ཞན་པའི་དབང་གིས་བོད་ཡིག་གནའ་དཔེ་དག་གི་རལ་རུལ་གྱི་ཚད་གཞི་མི་འདྲ་བ་དང་གང་མགྱོགས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཟེར།༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༣ ཉིན༽
༩༽ ཟླ་ ༧ ཚེས་ ༡༨ ཉིན་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མོན་ཞ་གྲོང་རྡལ་ཁོངས་སུ་ཆགས་པའི་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་དུ་གུ་ཤྲི་ལྕང་སྐྱ་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་གསེར་སྐུ་ལ་རབ་གནས་ཞུ་བའི་ཆོ་ག་སྤེལ་ཞིང་། གུ་ཤྲི་ལྕང་སྐྱ་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་གསེར་སྐུ་ཁོང་གི་འཁྲུངས་ཡུལ་དུ་གདན་འདྲེན་ཞུ་བར་མི་རྣམས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་རེད།
གུ་ཤྲི་ལྕང་སྐྱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ་ནི་ཀོང་ཞུའི་གནམ་ལོ་བཅུ་དྲུག(སྤྱི་ལོ་ ༡༨༩༠ ལོ)ལ་མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་ནན་མོན་ཞ་ཤང་ཆུ་བཟང་ཐང(ད་ལྟའི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ནན་མོན་ཞ་གྲོང་རྡལ)གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༤ ཉིན༽
༡༠༽ ལྷ་སས་ཆུ་བེད་དང་འགྲིམ་འགྲུལ། ལྗོངས་ཁུལ། སྔོ་ལྗང་ཅན། ཁོར་ཡུག་སོགས་ཁྱབ་ཁོངས་མང་པོ་ཚུད་པའི“ཆུ་བོ་མཚེའུ་ལ་བསྒྱུར་བའི”ལས་གཞི་ལག་བསྟར་ཧུར་ཐག་བྱས་པ་དང་། ལས་གཞི་དེར་མ་འཇོག་སྒོར་དུང་ཕྱུར་ ༣༥.༣༢ ཟིན་ཡོད། འཆར་གཞི་བྱས་ན་ལྷ་ས་སྐྱིད་ཆུའི་ཐོག་ཆུ་བོ་བཀག་པའི་ཆུ་སྒོ་ ༦ བསྐྲུན་ནས་ཆུ་ཁ་མཐོ་རུ་གཏོང་བ་བརྒྱུད་མི་བཟོས་མཚེའུ་ཆགས་པ་བྱས་ནས་ཆུ་བོ་རྒྱུག་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ཡིན་པ་རེད། མིག་སྔར་ལས་གྲྭ་དེར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་པ་དང་། ལྷ་སའི་གྲོང་ཁུལ་དུ་ཡོད་པའི་ལྷ་ས་སྐྱིད་ཆུའི་ཡན་ལག་ཆུ་བོ་སྣེའུ་ཟམ་ཆེན་སྟོད་རྒྱུད་ཀྱི“ཆུ་བོ་མཚེའུ་ལ་བསྒྱུར་བའི”ལས་གཞི(ཆུ་སྒོ་གསུམ་པ)ལས་མཇུག་སྒྲིལ་བ་དང་། མུའུ་སྟོང་ཙམ་ཡོད་པའི་ཆུ་ངོས་ཀྱིས་ལྷ་སའི་གྲོང་ཁུལ་གྱི་བཤེར་ཚད་ཆེ་རུ་དང་གསོ་རླུང་མང་དུ་གཏོང་ཐུབ་རྒྱུ་ཡིན་ལ་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་ཚ་གཡོལ་བྱ་ཡུལ་ཡག་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། ་་་་་་་་་
“ཆུ་བོ་མཚེའུ་ལ་བསྒྱུར་བ་དེས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལ་འགྱུར་བ་ཡོང་མི་སྲིད”ཅེས་མིག་དམར་གྱིས་གསུངས་པ་དང་། རིགས་གཅིག་མཁས་པས་བརྟག་དཔྱད་ཚད་ལེན་བྱས་པ་བརྒྱུད་སྐྱིད་ཆུའི་སྨད་རྒྱུད་དུ་ཆུ་སྒོ་བསྐྲུན་ནས་ཆུ་རྒྱུན་ཉུང་དུ་འགྲོ་ཚུལ་གཞི་རྩའི་ཆ་ནས་ཐོན་མི་སྲིད། རྣམ་གྲངས་ཇུས་འགོད་བྱེད་པའི་བརྒྱུད་རིམ་ཁྲོད། ཆུ་གསོག་པ་དང་ཆུ་ལོག་གཤོང་བ། ས་གཤིས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་ཁག་གི་རྒྱུ་རྐྱེན་མང་པོ་ཞིག་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་སྒོ་གསུམ་པའི་ལས་གཞི་དང་ཆ་སྦྱོར་ཡིན་པའི་ལྷོ་རི་སྔོ་ལྗང་ཅན་དུ་འགྱུར་བའི་ལས་གཞི་དེར་ཡང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཆབས་ཅིག་ལྷ་ས་སྐྱིད་ཆུའི་རྒྱུག་ཁོངས་ཀྱི་སྔོ་ལྗང་རྩི་ཤིང་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༥ ཉིན༽
༡༡༽ ཟླ་ ༧ ཚེས་ ༢༣ ཉིན་ ༢༠༡༥ ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་ཚོང་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཚོགས་འགོ་ཚུགས་པ་རེད། འགྲེམས་ཁང་གིས་དངོས་རྫས་དང་། པར་རིས། དཔེ་དབྱིབས། འགྲེམས་པང་། སྒྲོན་སྒམ། གཟུགས་བརྙན། ས་གནས་ས་ཐོག་ཏུ་འགྲེམས་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་དབྱར་རྩྭ་དགུན་འབུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལག་རྩལ་གསར་ཤོས་དང་ཐོན་རྫས། མི་རིགས་རིག་གནས་ཐོན་ལས། ལག་ཤེས་བཟོ་ལས། ཞིང་འབྲོག་ཐོན་རྫས་ལས་སྣོན་བཅས་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དང་། རྒྱལ་ཁབ་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན་བཅས་ཀྱིས་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཇི་ལྟར་བྱེད་པ་དང་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྨན་སྤྱོད་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་རིན་ཐང་ལ་ཞིབ་བསྡུར་གཏིང་ཟབ་བྱས་ནས་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དང་། འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས། གྲུབ་འབྲས་བཅས་སྔར་བས་མངོན་པར་བྱས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༢༦ ཉིན༽
༡༢༽ བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མ་ཧྲེན་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ ༡༥ རིང་བོད་ཀྱི་ལོ་རེའི་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ ༡.༢༨ ནས་སྒོར་དུང་ཕྱུར་ ༣༦.༩༥ བར་འཕར་ཏེ་རིམ་རྩིས་བྱས་ན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ ༡༦༤ བརྒལ་བ་དང་སྔ་རྗེས་སུ་ཞིང་འབྲོག་ཁུལ་གྱི“སྐད་གཉིས”བུ་བཅོལ་ཁང་འཛུགས་སྐྲུན་འདུ་འགོད་དང་།“ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་འདུ་འགོད”“གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཉེན་ཁང་སྒྱུར་བཀོད་ལས་གཞི”“གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལས་གཞི”“མཐོ་སློབ་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གཞི”སོགས་ལག་ལེན་བསྟར་ཞིང་། རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ཊ་ངོས་གྲུ་ཁྲི་ ༧༢༣ བར་འཕར་ནས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཆེས་ཆེར་སོང་ཡོད། ་་་་་་་་་
མིག་སྔར་བོད་ཀྱི་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོ་ ༡༥ བར་སྣུར་སྲིང་བྱས་ཏེ། སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་པའི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཡོངས་ལ་ཁྱབ་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༧ ཉིན༽
༡༣༽ ཟླ་ ༧ ཚེས་ ༢༥ ཉིན་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི<<མི་རིགས་རྩོམ་རིག>>དུས་དེབ་ཁང་དང་། རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རྔ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་འཛུགས་གཉེར་བྱས་པའི“མི་རིགས་མང་བའི་རྩོམ་པ་པོས་རྔ་བར་གཟིགས་སྐོར་གནང”ཞེས་པ་དང་ ༢༠༡༥ ལོའི་<<མི་རིགས་རྩོམ་རིག>>བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བ་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་སྒོ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དུ་དངོས་སུ་གཉེར་འགོ་བརྩམས་པ་རེད།
ཐེངས་འདིའི་བྱེད་སྒོའི་གཞི་ཁྱོན་ཆེ་ཞིང་། སི་ཁྲོན་ཞིང་ཆེན་དང་། བོད་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་ནས་ཕེབས་པའི་མི་རིགས་མང་བའི་རྩོམ་པ་པོ་དང་ལོ་ཙཱ་བ། རྩོམ་རིག་ལ་དགའ་པོ་བྱེད་མཁན་བཅས་མི་ ༧༠ ལྷག་ཙམ་ཐེངས་འདིའི་གསོ་སྦྱོང་བྱེད་སྒོར་ཞུགས་ཡོད་པ་དང་། བྱེད་སྒོ་དེ་ཚེས་ ༢༨ ཉིན་བར་གཉེར་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༧ ཚེས་ ༢༨ ཉིན༽
༡༤༽ ཟླ་ ༧ ཚེས་ ༢༣ ཉིན“ཕུགས་འདུན་མངོན་འགྱུར། བོད་ལྗོངས་ཀྱི་ཞབས་རྗེས”ཞེས་པའི་རྒྱལ་ཡོངས་དྲ་རྒྱ་སྨྱན་སྦྱོར་བོད་ལྗོངས་སུ་སྐྱོད་ཅེས་པའི་གསར་འགོད་པ་ཚོ་བོད་བཞུགས་ཨམ་བན་གྱི་ཡ་མོན་རྙིང་པ་བཤམས་སྟོན་ཁང་དུ་བསྐྱོད།
བོད་བཞུགས་ཨམ་བན་གྱི་ཡ་མོན་རྙིང་པ་བཤམས་སྟོན་ཁང་ནི་གནའ་གྲོང་ལྷ་སའི་བར་སྐོར་བྱང་ལམ་དུ་ཡོད་པ་དང་། ལྷ་སའི་གྲོང་རྙིང་གི་དཀྱིལ་ཁུལ་དུ་ཡོད་ལ། དེ་གནས་པའི་བོད་ཀྱི་སྲོལ་རྒྱུན་སྒོ་ར་ཆེན་པོའི་མིང་ལ“ཁྲོམ་གཟིགས་ཁང”ཞེས་ཟེར། ད་ལྟའི་བར་ལོ་ ༣༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན། སྔར་བོད་བཞུགས་ཨམ་བན་གྱི་ལས་ཁུངས་ཡ་མོན་ཚུགས་ས་བྱེད་ཀྱི་ཡོད་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། བོད་བཞུགས་ཨམ་བན་གྱི་ཡ་མོན་རྙིང་པ་བཤམས་སྟོན་ཁང་དེ་བོད་བཞུགས་ཨམ་བན་གྱི་བོད་སྐྱོང་ལས་དོན་ཆེད་སྒྲིག་འགྲེམས་སྟོན་དང་། བོད་བཞུགས་ཨམ་བན་གྱི་ཡ་མོན་རྙིང་པ་ཉམས་གསོའི་འགྲེམས་སྟོན། བོད་བཞུགས་ཨམ་བན་གྱི་སྙན་ངག་ཡིག་རིས་ལ་སོགས་པའི་འཚོ་བའི་འགྲེམས་སྟོན། མི་སེར་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་ལས་དོན་གྱི་ཆེད་སྒྲིག་འགྲེམས་སྟོན། ཀྲུང་གོའི་གུང་ཁྲན་ཏང་གི་བོད་འཛིན་སྐྱོང་དུས་སྐབས་གསར་པའི་འགྲེམས་སྟོན་བཅས་ཁག་ལྔ་རུ་བགར་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༢༩ ཉིན༽
༡༥༽ ཟླ་ ༧ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རབ་དང་རིམ་པའི“ལས་ཁུངས་ཁེ་ལས་བྱ་གཞག་ཚན་པའི་ལས་བཟོ་ལས་བྱེད་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར”གྱི་རྒྱན་འཕེན་མཛད་སྒོ་ལྷ་སར་གཉེར་བ་རེད། གསར་འགོད་པས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རབ་དང་རིམ་པ་ཟླ་ ༨ ཚེས་ ༨ ཉིན་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོའི་ནང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཚད་ལྡན་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཐའེ་ཅི་ཆོན་ལུས་རྩལ་འགྲན་བསྡུར། ལས་ཁུངས་ཁེ་ལས་བྱ་གཞག་ཚན་པའི་ལས་བཟོ་ལས་བྱེད་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་བཅས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རབ་དང་རིམ་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཟླ་ ༨ ཚེས་ ༢༠ ཉིན་སྤེལ་རྒྱུ་ཡིན་པ་དང་ད་ཐེངས་ཀྱི་འགྲན་བསྡུར་ནང་བུད་མེད་ཚོགས་པའི་རུ་ཁག་ ༧ དང་སྐྱེས་པ་ཚོགས་པའི་རུ་ཁག་ ༡༨ ཀྱི་བདམས་ཐོན་པ་དང་། དེ་བཞིན་མི་སྒེར་གྱི་མིང་ཐོག་ནས་ཞུགས་མཁན་ ༡༢༧ འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༢༩ ཉིན༽
༡༦༽ ༢༠༡༥ ལོར་ལྗོངས་ཡོངས་སུ་དམག་སྐུལ་ཐོ་འགོད་ ༡༩༠༠ ལྷག་ཙམ་དང་དམག་སྐུལ་དང་ལེན་མིང་ཐོ་འགོད་མཁན་ ༡༣༠༠༠ ལྷག་ཙམ་ཡོད་པ་དེ་ན་ནིང་དུས་མཚུངས་དང་བསྡུར་ན་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་མཁན་ ༥༠༠༠ ལྷག་ཙམ་མང་དུ་སོང་ནས་སྤྱི་ཡོངས་ཀྱི་གནས་ཚུལ་ཡག་པོ་ཡོད། རྒྱལ་ཁབ་ཀྱིས་དམག་ནང་ཞུགས་པའི་འོས་འགན་དམག་མིའི་སློབ་ཆེན་སློབ་ཐོན་སློབ་མ་སློབ་གྲྭར་སྡོད་རིང་འབུལ་བའི་སློབ་ཡོན་ཐད་རོགས་དངུལ་དང་སློབ་རོགས་དངུལ་བུན་ཚབ་འཇལ་ལག་ལེན་བསྟར་རྒྱུ་དང་དམག་ཁོངས་ནས་ཕྱིར་ལོག་བྱས་ཏེ་བསྐྱར་སྦྱོང་བྱེད་མཁན་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མ་དང་དམག་ནང་མ་ཞུགས་གོང་མཐོ་རིམ་སློབ་གྲྭ་དཀྱུས་མ་བསྡུས་པ་དང་སློབ་ཞུགས་ཐོབ་ཐང་རང་སོར་འཇོག་པའི་སློབ་ཞུགས་སློབ་མ་གསར་པར་སློབ་ཡོན་རོགས་རམ་བྱ་རྒྱུ་ཡིན་པ་དང་། དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་སློབ་མ་མི་རེར་ལོ་རེར་མཐོ་ཤོས་སྒོར་ ༨༠༠༠ ལས་མི་བརྒལ་བ་དང་ཞིབ་འཇུག་སློབ་མ་མི་རེར་ལོ་རེར་མཐོ་ཤོས་སྒོར་ ༡༢༠༠༠ བརྒལ་གྱི་མེད་པ་སོགས་བརྗོད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༣༠ ཉིན༽
༡༧༽ ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང〈ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར〉》དང《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་བྱས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༧ ཚེས་ ༣༠ ཉིན༽
༡༨༽ ཟླ་ ༧ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སར་འཚོགས་པའི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འཕེལ་རྒྱས་ཚོགས་ཆེན་ཐོག་ས་མཐོའི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ལ་གཞི་བཙུགས་ནས་ལོ་ ༣ ནས་ ༥ བར་གྱི་དུས་ཚོད་སྤྱད་དེ་ལོ་རེར་ཐོན་ཚད་ཊོན་འབུམ་ ༥༠ དང་ཐོན་རྫས་རིན་ཐང་བསྡོམས་སྒོར་དུང་ཕྱུར་ ༤༠༠ ཡན་ཟིན་པའི་རང་བྱུང་འཐུང་ཆུའི་ཐོན་ལས་གཅིག་བཏོད་ནས་རྒྱལ་ཡོངས་ཀྱི་རང་བྱུང་འཐུང་ཆུ་མཁོ་འདོན་ས་ཁུལ་གལ་ཆེན་ཞིག་སྐྲུན་ཐུབ་པ་བྱས་ཏེ“ལྕེ་རྩེའི་ཐོག”གི་དཔལ་འབྱོར་འཕར་སྣེ་ཞིག་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།
བོད་ལ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་ཆ་སྙོམས་བྱས་ན་ལོ་རེར་ཚྭ་མེད་ཆུའི་ཐོན་ཁུངས་བསྡོམས་སྨི་ཊ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ ༤༣༩༤ ཟིན་པ་དེ་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་འབེལ་ཤོས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་ཁར། བོད་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་སྤུས་ཀ་མཐོ་བ་དང་དྭངས་ཤིང་གཙང་ལ་སྦགས་བཙོག་མེད་པའི་ཐུན་མོང་མ་ཡིན་པའི་འགྲན་རྩོད་ཀྱི་ལེགས་ཆ་ལྡན་ཡོད་པ་དེ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཡག་ཤོས་ཡིན་པ་དེར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་ཡངས་པོ་ཡོད།
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཀུང་ཐུང་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱིས་ཁག་དང་པོའི་ཆུ་ཁུངས་ཁུལ་ ༢༧ ལ་བརྟག་དཔྱད་དཔྱད་དཔོག་དང་། ཆུ་སྤུས་ལྟ་ཞིབ་ཚད་ལེན། དབྱེ་ཞིབ་གདེང་འཇོག་བཅས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་རྩད་གཅོད་རགས་ཙམ་བྱས་པའི་ས་ངོས་འཐུང་ཆུའི་བསྡོམས་འབོར་སྨི་ཊ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ ༡.༩ ཟིན་པ་དེའི་ནང་གསར་སྤེལ་གྱི་ཆ་རྐྱེན་འཛོམས་པའི་ཆུ་གསོག་ཚད་སྨི་ཊ་རྒྱ་དཔངས་གྲུ་བཞི་མ་འབུམ ༤༢༠ ཙམ་ཡོད་པས(ས་འོག་ཆུ་དང་གཏེར་ཆུ་ཚུད་མེད)རང་བྱུང་འཐུང་ཆུ་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱེད་པའི་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་རྨང་གཞི་ལྡན་ཡོད།
ད་ཕན་ལོ་ཤས་རིང་། བོད་ཀྱི་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་དེ་བཞིན་ནང་སའི་ཁྲོམ་རའི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པའི་རྐྱེན་གྱིས་བོད་ཀྱི་རང་བྱུང་འཐུང་ཆུའི་ཁྲོམ་ར་རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། མིག་སྔར་བོད་ཡོངས་སུ་ཐོན་སྐྱེད་བྱས་འཐུས་ལག་ཁྱེར་ཐོབ་པའི་རང་བྱུང་འཐུང་ཆུའི་ཁེ་ལས་ ༢༨ ཡོད་པ་དེ་དག་གིས་ཐོན་སྐྱེད་བྱེད་ས་ ༣༠ ལྷག་ཙམ་བསྐྲུན་ཡོད། ༢༠༡༤ ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུ་ཐོན་ཚད་ཊོན་འབུམ ༡.༥༣ ཟིན་པ་དེ་འཕར་ཚད་ ༦༠% ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ ༥.༣ ཟིན་ཞིང་། ད་ལོའི་ལོ་སྟོད་དུ་ཐོན་ཚད་ཊོན་འབུམ་ ༡.༠༧ ཟིན་ནས་ ༡༧% འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ།《རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ་རེད། ད་རེས་ཀྱི་ཚོགས་འདུའི་ཐོག་ཆུའི་ཐོན་ལས་ཁེ་ལས་ ༡༠ ཡིས་མཉམ་འབྲེལ་ཐོག“བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས”བཙུགས་ནས་ལས་རིགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༣༡ ཉིན༽
༡༩༽ ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་ཆག་ཡོད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》(གཤམ་དུ་བསྡུས་མིང་དུ་《གཏན་འབེབས》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་གིས་གཏན་འབེབས་བཞིན་ལག་ལེན་ནན་པོ་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་《གཏན་འབེབས》ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་བླང་བྱ་བཞིན་ལས་བྱེད་པའི་གོ་གནས་འཕར་ཆག་གི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཏེ་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་ལས་ཀའི་འགན་འཁྲིའི་ལམ་ལུགས་བཙུགས་པ་དེ་ནི་དུས་སྐབས་གསར་པའི་ལས་བྱེད་པའི་ལས་དོན་གྱི་གལ་ཆེའི་བརྩི་སྲུང་ཞུ་ཡུལ་ཞིག་རེད། 《གཏན་འབེབས་》ཁྱབ་བསྒྲགས་ལག་བསྟར་བྱེད་པ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དོ་དམ་ནན་པོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། དཔོན་པོ་བྱེད་སྐབས་གཞུང་དྲང་མེད་པ་དང་། དཔོན་པོ་བྱེད་སྐབས་སྒྲུབ་དགོས་པའི་ལས་མི་སྒྲུབ་པ། དཔོན་པོ་བྱེད་སྐབས་དབང་ཆ་གང་བྱུང་དུ་སྤྱོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། སྤྱོད་ཡོན་ལྡན་ལ་འཇོན་ཐང་ཅན་གོ་གནས་སྤོར་བ་དང་སྤྱོད་ངན་ནུས་མེད་ཕྱིར་འབུད་བྱེད་པའི་སྟོན་ཕྱོགས་དང་སྲིད་འཛིན་ཁོར་ཡུག་ལ་སྐུལ་འདེད་གཏོང་བ། བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བསྟན།
བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་རྩ་འཛུགས)ཀྱིས་འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་ཆག་ཡོད་པར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་གལ་ཆེའི་ནང་དོན་ནང་བཅུག་ནས་རྩ་དོན་མཐའ་འཁྱོངས་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དོ་དམ་ནན་པོ་དངོས་འབྲེལ་ཐུབ་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། དོ་དམ་ནན་པོ་ཡུན་རིང་ཐུབ་པ་བཅས་བྱེད་དགོས། སྲིད་ཇུས་ཀྱི་ཚད་གཞི་སྟངས་འཛིན་ཡང་དག་ཐུབ་པ་བྱས་ནས་ལས་སྒྲུབ་ལས་གཏོད་དང་སྒྱུར་བཅོས་གསར་གཏོད་ཀྱི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྲུང་རྒྱུར་དོ་སྣང་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་གྱིས་《གཏན་འབེབས》དོན་འཁྱོལ་བྱ་ཤུགས་མི་འདང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༧ ཚེས་ ༣༡ ཉིན༽
༢༠༽ ༢༠༡༥ ལོའི་ཟླ་ ༧ ཚེས་ ༣༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡༧ དང་སྐར་མ་ ༥༨ སྟེང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ ༡༢༨ པའི་ཐོག་པེ་ཅིང་གྲོང་ཁྱེར་ལ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཆོག་པའི་དབང་ཆ་ཐོབ་ཅེས་ཡོངས་བསྒྲགས་བྱས་པ་རེད།
འདི་ནི་པེ་ཅིང་གྲོང་ཁྱེར་གྱིས་ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་གཉེར་བའི་རྗེས་སུ། ཡང་བསྐྱར་ཨོ་རྩལ་འགྲན་ཚོགས་དང་ལས་འབྲེལ་བྱུང་བ་ཞིག་ཡིན་པས། པེ་ཅིང་གྲོང་ཁྱེར་འདི་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་བ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱང་གཉེར་གྲབས་ཡོད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་རེད།
རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཨུ་ཡོན་མི་ ༡༠༠ ཡོད་པ་དང་། འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་རིམ་པ་དང་པོའི་འདེམས་ཤོག་འཕེན་པའི་ནང་ཞུགས་མེད་པ་དང་། ཀྲུང་གོ་ནས་ཡིན་པའི་ཨུ་ཡོན་ཡུས་ཙའེ་ཆིང་། དབྱང་དབྱང་། ལི་ལིང་ཝེ་བཅས་གསུམ་འདེམས་ཤོག་འཕེན་པའི་ནང་ཞུགས་མི་ཆོག་པ་རེད། འོན་ཀྱང་། དེ་རིང་གི་འདེམས་ཤོག་འཕེན་པའི་ནང་ཨུ་ཡོན་ ༡༡ གྲོས་ཚོགས་སུ་ཞུགས་མེད་པས། གྲོས་ཚོགས་ཐེངས་ ༡༢༨ པར་ཨུ་ཡོན་ ༨༥ དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཆོག་མིན་གྱི་གྲོང་ཁྱེར་འདེམས་པའི་ཁྲོད་ཞུགས་ཡོད་པ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་རེ་ཞུ་འཐུས་མི་ཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༡ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༨ ཚེས་ ༡ ཉིན།