སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཟླ་ ༧ ཚེས་ ༣༡ ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་གི་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་ཧྲང་ཅང (上将Admiral) ལ་གནས་སྤར་བྱས་པའི་དམག་མིའི་གོ་རྟགས་དང་ཉེན་རྟོག་པའི་གོ་རྟགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྲང་ཅང་ལ་གནས་སྤར་བྱས་ནས་དམག་མིའི་གོ་རྟགས་དང་ཉེན་རྟོག་པའི་གོ་རྟགས་སྤྲད་པའི་བློ་མཐུན་ཚོར་བཀའ་རྒྱའི་ཡི་གེ་གནང་།
སྔ་དྲོ་ཆུ་ཚོད་དགུ་པར་གནས་སྤར་མཛད་སྒོ་དེ་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཟླ་ ༦ ཚེས་ ༣༠ ཉིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཆན་འགོད་གནང་བའི་ཧྲང་ཅང་ལ་གནས་སྤར་བྱས་ནས་གོ་རྟགས་སྤྲོད་རྒྱུའི་བཀའ་རྒྱ་དང་ཟླ་ ༧ ཚེས་ ༢ ཉིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་གནང་བའི་དྲག་ཆས་ཉེན་རྟོག་གི་ཧྲང་ཅང་ལ་གནས་སྤར་བྱས་ནས་ཉེན་རྟོག་པའི་གོ་རྟགས་སྤྲོད་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་གནས་སྤར་མཛད་སྒོ་གཙོ་སྐྱོང་གནང་།
ད་ཐེངས་ཧྲང་ཅང་ལ་གནས་སྤར་བྱས་ནས་དམག་མིའི་གོ་རྟགས་དང་ཉེན་རྟོག་པའི་གོ་རྟགས་སྤྲད་པའི་དམག་དཔོན་དང་ཉེན་རྟོག་དཔོན་བཅུ་ནི་སྤྱི་ཁྱབ་དྲག་ཇུས་པ་གཞོན་པ་ཝང་ཀོན་ཀྲུང་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་དབྱིན་ཧྥང་ལུང་། མཚོ་དམག་གི་ཆབ་སྲིད་ཨུ་ཡོན་མེའོ་ཧྭ། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་ཀྲང་ཧྲི་པོ། པེ་ཅིང་དམག་ཁུལ་ཁང་གི་དམག་སྤྱི་སུང་ཕུའུ་ཆོན། ལན་ཀྲོའུ་དམག་ཁུལ་ཁང་གི་དམག་སྤྱི་ལིའུ་གཡོད་ཅུན། ཅི་ནན་དམག་ཁུལ་ཁང་གི་དམག་སྤྱི་ཀྲའོ་ཀྲུང་ཆི། ནན་ཅིང་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲེན་ཝེ་ཕིང་། ཁྲེང་ཏུའུ་དམག་ཁུལ་ཁང་གི་དམག་སྤྱི་ལི་ཙུའོ་ཁྲེང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་སྤྱི་ཝང་ཉིང་བཅས་རེད།
༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༡ ཉིན༽
༢༽ ཟླ་ ༧ ཚེས་ ༣༠ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་གཏན་འབེབས་བཅས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
་་་་་་་་་་ ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་མཐའ་འཁྱོངས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་གཞིར་བརྩི་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བཅས་གཙོ་གནད་ལ་བརྩི་བ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་དང་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི་ཕྱོགས་སུ་སྐྱོད་པ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་དོན་ཁྲོད་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་པ་བཅས་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་། ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་ཡིན་པ་དེའི་འགན་འཁྲི་གཙོ་བོ་ནི་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་གལ་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཏང་ཨུད(ཏང་རྩ་འཛུགས)ལ་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིབ་བཤེར་བྱ་རྒྱུ་སོགས་ཡིན་པ་རེད། ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་ཚུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༢ ཉིན༽
༣༽ བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་ཆེད་དང་། མི་རིགས་སོ་སོའི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཟླ་ ༧ ཚེས་ ༢༩ཉིན་སི་ཁྲོན་ཀན་སུའུ་མཚོ་སྔོན་ཞིང་ཆེན་གསུམ་འབྲེལ་མཚམས་ས་ཁུལ་གྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྐོར་བྲོ་གདན་ཞུ་འགྲན་བསྡུར་སྐབས་དང་པོ་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྤེལ། སྐབས་འདིའི་གདན་ཞུ་འགྲན་བསྡུར་གྱིས་“ཞབས་བྲོའི་ལག་སེམས་མཉམ་དུ་སྦྲེལ། བོད་མིའི་བརྩེ་བ་སྔར་ལས་ཟབ”ཞེས་པ་བརྗོད་བྱ་གཙོ་བོ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དང་། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་འབར་ཁམས་རྫོང་དང་། ཧུང་ཡོན་རྫོང་། ཁྲོ་ཆུ་རྫོང་སོགས་ནས་ཕེབས་པའི་རུ་ཁག་ ༧ འགྲན་བསྡུར་ནང་ཞུགས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༣ ཉིན༽
༤༽ ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ ༨༢༠ ཡིས་ཉེ་ཆར་བོད་ལྗོངས་ས་ཕྱོགས་ཁག་ཏུ་བསྐྱོད་ནས་དུས་ཡུན་ཟླ་བ་ ༡ ནས་ ༣ བར་གྱི་དང་བླངས་ཞབས་འདེགས་ཞུ་འགོ་ཚུགས་ཡོད། ༢༠༠༣ ལོར་ཀྲུང་གོས་སློབ་གྲྭ་ཆེན་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱས་པ་དང་། ཡོངས་བསྒྲགས་ངང་བསྡུ་འགུག་བྱེད་པ་དང་རང་འདོད་ལྟར་ཐོ་འགོད་པ། རྩ་འཛུགས་ནས་འདེམས་སྒྲུག་བྱེད་པ། གཅིག་སྡུད་ཐོག་མངགས་གཏོང་བྱེད་པ་བཅས་ཀྱི་བྱ་ཐབས་ལ་གཞིགས་ནས་ལོ་ལྟར་གྲངས་ཚད་ངེས་ཅན་གྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའམ་ཡང་ན་སློབ་ཞུགས་ཞིབ་འཇུག་སློབ་མ་བསྡུ་འགུག་བྱས་ཏེ་ནུབ་རྒྱུད་ཀྱི་གཞི་རིམ་དུ་དུས་ཡུན་ལོ་ ༡ ནས་ ༣ བར་གྱི་སློབ་གསོ་དང་འཕྲོད་བསྟེན། ཞིང་ལས་ལག་རྩལ། དབུལ་སྐྱོར་སོགས་དང་བླངས་ཞབས་ཞུ་སྤེལ་གྱི་ཡོད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས། བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་བསྡུ་འགུག་ལས་ཀ་དེ་འདི་ལོའི་སྤྱི་ཟླ་ ༥ པར་ལག་བསྟར་བྱས་ཚུན། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་༢༢ དང་མཐོ་རིམ་སློབ་གྲྭ་ ༡༣༤ རུ་དྲིལ་བསྒྲགས་འཆད་ཁྲིད་བྱས་པས་ཐོ་འགོད་མི་གྲངས་ཁྲི་ ༡ ལྷག་ཙམ་བྱུང་ཞིང་། མཐར་དང་བླངས་པ་ ༨༢༠ བསྡུས་ཡོད་ཟེར།
ལོ་ངོ་ ༡༢ ཡི་རིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ ༣༧༠༢ ཡིས་བོད་ལྗོངས་ཀྱི་གཞི་རིམ་སློབ་གསོ་དང་ཞིང་ལས་ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་དང་བླངས་ཞབས་ཞུའི་ལས་ཀ་སྤེལ་བ་དང་། དེའི་ཁྲོད་ཀྱི་མི་གྲངས་ ༡༠༣༥ ཡིས་ཞབས་ཞུའི་དུས་ཡུན་མཇུག་སྒྲིལ་རྗེས་བོད་ལྗོངས་སུ་བསྡད་ནས་ལས་ཞུགས་ལས་གཏོད་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༥ ཉིན༽
༥༽ ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སུའོ་དང་རི་བོ་རྩེ་ལྔ་ཕྱོགས་བཅུ་ལྷ་ཁང་གིས་མཉམ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་ཉེ་ཆར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུའི་ཐོག་པེ་ཅིང་དང་། བོད་ལྗོངས། ནང་སོག ཧོང་ཀོང་། ཧྲང་ཧའེ་སོགས་ཀྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་༥༠ ཙམ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་བླ་མ་སྐྱེས་ཆེན་སོགས་ཕེབས་ཡོད་པ་རེད།
ཚད་མ་རིག་པ་ནི་རྒྱ་གར་ནས་དར་ཞིང་། དེ་ནི་རྗེས་དཔག་དང་རྩོད་སྒྲུབ་ཀྱི་རིག་པ་ཞིག་ཡིན་པས་གཏན་ཚིགས་རིག་པའི་ཁོངས་སུ་གཏོགས། བོད་བརྒྱུད་ཚད་མ་རིག་པས་རྒྱ་གར་ཚད་མ་རིག་པའི་རྣམ་གཞག་ཅུང་འཐུས་ཚང་གི་སྒོ་ནས་རྒྱུན་འཛིན་ཐུབ་ཡོད། བོད་རིགས་ཀྱི་ཚད་མ་རིག་པའི་མཁས་པ་དང་ཚད་མ་རིག་པའི་བསྟན་བཅོས་བགྲང་གིས་མི་ལང་བ་དང་བསྡུས་གྲྭའི་རྣམ་པ་གསོན་ཉམས་ལྡན་པ་འདི་དག་ནི་བོད་རིག་པའི་ནང་དོན་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་གཙོ་བོའི་ནང་རྒྱ་བརྒྱུད་ཚད་མ་རིག་པ་དང་། བོད་བརྒྱུད་ཚད་མ་རིག་པ། སོག་པོའི་ཚད་མ་རིག་པ། རྒྱལ་ཕྱིའི་ཚད་མ་རིག་པ་བཅས་ཀྱི་ཞིབ་འཇུག་སོགས་ཁྱབ་ཁོངས་གལ་ཆེན་ཚུད་ཡོད། ཚད་མའི་གཞུང་ལུགས་དང་། ལོ་རྒྱུས། ཚད་ལྡན་ཡིག་ཆ་བཅས་དང་དེ་བཞིན་ཚད་མ་རིག་པ་དང་རིག་པ་གཞན་དག་ཞིབ་བསྡུར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཚོགས་འདུའི་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་གཙོ་འགན་འཁུར་མཁན་གཞོན་པ་ཀྲུང་གོ་གཏན་ཚིགས་རིག་པའི་སློབ་ཚོགས་ཚད་མ་རིག་པའི་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་དགྲ་འདུལ་གྱིས་སྲིད་དར་དམངས་ཕྱུག་ཡོང་བ་དང་བསྟུན་ནས་ཚད་མ་རིག་པའི་བྱ་གཞག་ལའང་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་གཅིག་རིང་ཨུ་ལྷན་དེའི་ཁོངས་མིར་རིག་གཞུང་ཞིབ་འཇུག་དང་། རྣམ་གྲངས་རེ་ཞུ། མཉམ་ལས་སྤེལ་རེས་སོགས་ཀྱི་ཐད་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་སྐུ་ཞབས་ཕུན་ཚོགས་ལགས་ཀྱི“བོད་བརྒྱུད་ཚད་མ་རིག་པའི་གཞུང་ལུགས་དང་དེའི་ཕན་ནུས་ཐད་ཀྱི་ཞིབ་འཇུག”དང་། ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཁེ་ཤིས་ཀྱི“ཚད་མ་དང་ཐ་སྙད་རྩོད་རིག་བསྡུར་དཔྱད”ནང་སོག་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཀང་ཐེ་མུར་གྱི“སོག་པོ་བསམ་གཞིགས་དཔེ་དབྱིབས་ཞིབ་འཇུག”མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དགེ་འདུན་ལགས་ཀྱི“རྒྱ་བོད་《བཀའ་བསྟན་འགྱུར》གསབ་དཔྱད”སོགས་ལ་ ༢༠༡༥ ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཐོབ་ཡོད་པ་རེད། སྐུ་ཞབས་ལིའུ་ཕེ་ཡུས་ཀྱིས་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་འགན་འཁུར་ཞིང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མཉམ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་གཙོ་ཆེའི་དཔྱད་གཞི《ལོ་བརྒྱའི་རིང་གི་ཀྲུང་གོའི་ཚད་མ་རིག་པའི་ཞིབ་འཇུག》དང་། སྐུ་ཞབས་ཧྲེན་ཅན་དབྱིན་དང་དགེ་རྒན་ཆེ་མོ་བ་ཟླ་བ་ལགས་ཀྱིས་སོ་སོར་སྣེ་ཁྲིད་གནང་བའི་སྤྱི་ཚོགས་ཚན་རིག་སྐོར་གྱི་གཙོ་ཆེའི་རྣམ་གྲངས《ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ཚད་མ་རིག་པ་ཞིབ་འཇུག》དང་《བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་བདམས་སྒྲིག་དང་བསམ་བློའི་ལོ་རྒྱུས་རྣམ་བཤད》གཉིས་ཀྱི་ཡན་ལག་རྣམ་གྲངས《བོད་བརྒྱུད་ཚད་མ་རིག་པའི་དཔྱད་ཡིག་དང་བསམ་བློའི་ལོ་རྒྱུས་རྣམ་བཤད》དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་སྐྱོང་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས《རྒྱ་བོད་ཚད་མའི་རིགས་ལམ་བསྡུར་དཔྱད》 《བོད་བརྒྱུད་ཚད་མ་རིག་པའི“གཞན་སེལ”གྱི་གོ་དོན་དང་དབྱེ་བ་ཞིབ་འཇུག》སོགས་རྣམ་གྲངས་ཁག་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད། གོང་གི་གྲུབ་འབྲས་འདི་དག་གིས་ཚད་མ་རིག་པའི་ཞིབ་འཇུག་ཐད་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ད་དུང་རིག་གཞུང་ལས་རིགས་ཁྲོད་ཀྱི་ཚད་མ་རིག་པའི་གོ་གནས་ཀྱང་མཐོ་རུ་བཏང་ཡོད་པ་རེད།༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༥ ཉིན༽
༦༽ ༢༠༡༥ ལོའི་ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོར་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མྱུལ་ཞིབ་ཉིང་ལག་རུ་ཁག“སྤང་རྒྱན་མེ་ཏོག”བུད་མེད་ཐོངས་མཆན་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། “སྤང་རྒྱན་མེ་ཏོག”བུད་མེད་ཐོངས་མཆན་ཁང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་སྐྱོད་མཁན་གྱི“མཐའ་མཚམས་ལམ་ཡིག”གཉེར་འགན་འཁུར་གྱི་ཡོད་ཅིང་། “སྤང་རྒྱན་མེ་ཏོག”གི་མཚོན་དོན་ནི“མཐུན་སྒྲིལ་དང་། ལྷག་བསམ་རྣམ་དག མང་ཚོགས་དང་འབྲེལ་འདྲིས་བྱེད་པ”བཅས་ཡིན། མཐའ་སྲུང་དཔོན་དམག་ཚོས་མཐུན་སྒྲིལ་ཡར་རྒྱས་དང་། ཏང་ལ་ལྷག་བསམ་རྣམ་དག མང་ཚོགས་དང་འབྲེལ་འདྲིས་བྱེད་པ་བཅས་ཀྱི་ཞབས་ཞུའི་སྤུས་རྟགས་ཤིག་གཏོད་རྩིས་ཡོད་པ་རེད།
བུད་མེད་ཐོངས་མཆན་ཁང་བཙུགས་རྗེས་དཔོན་དམག་ཚོས་དེ་སྔའི་ལམ་ཡིག་གཉེར་བའི་རྨང་གཞིའི་ཐོག་མཐའ་མཚམས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་སྔར་བས་ཤུགས་ཆེན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་ལ་སྟབས་བདེ་དང་ཕན་འབྲས་ཆེ་བའི་ཞབས་འདེགས་ཞུ་རྒྱུ་འགན་ལེན་བྱེད་རྒྱུ་ཡིན་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཐོངས་མཆན་ཁང་དེས་ལོ་རེར་མི་ཐེངས་ཁྲི་ ༣༠ ཡན་ལ་ཐོངས་མཆན་འགྲོ་ལུགས་གཉེར་གྱི་ཡོད་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༥ ཉིན༽
༧༽ བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་ཆེད་ཀྲུང་གོའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་ཚོགས་པ་དང་མི་རིགས་རིག་གནས་ཕོ་བྲང་། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། བོད་ལྗོངས་བླ་མེད་རིག་གནས་གོང་འཕེལ་ཐེབས་རྩ་ལྷན་ཚོགས་སོགས་ཚན་པས་མཉམ་འབྲེལ་ཐོག་གཉེར་བའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་དང་མཛེས་རྩལ། ཐང་ག་བཅས་ཀྱི་འགྲེམས་སྟོན་དགེ་སྒྲུབ་སྤྱི་ཕན་བྱེད་སྒོ”ཟླ་འདིའི་ཚེས་ ༥ ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཉེར་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་དུས་ཡུན་ཉིན་ ༦ གཉེར་རྒྱུ་དང་སྤྱི་ཟླ་ ༨ ཚེས་ ༡༠ ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༦ ཉིན༽
༨༽ ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་ཁབ་གསོག་འཇོག་ཨུ་ལྷན་གྱིས་མཚོ་སྔོན་སྣུམ་ཞིང་གིས་ཕུལ་བའི་ཊོན་འབུམ་ ༦༡༠.༦ ཡོད་པའི་རྡོ་སྣུམ་ས་གཤིས་བསགས་འབོར་དང་སྨི་ཊ་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ ༤༢.༩༥ ཡོད་པའི་རང་བྱུང་སོལ་རླངས་བསགས་འབོར་ལ་དཔྱད་ཞིབ་བྱས་ནས། “ལོ་ལྔ་ཚན་བཅུ་གཉིས་པའི”སྣུམ་རླངས་བསགས་འབོར་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱས་ཤིང་། མཚོ་སྔོན་སྣུམ་ཞིང་གིས་རྩད་ཆོད་པའི་སྣུམ་རླངས་བསགས་འབོར་ཊོན་དུང་ཕྱུར་ ༡༠ ལྷག་ཙམ་ཡོད་པ་རེད།
ཚྭ་འདམ་གཤོང་སར་རྩད་ཆོད་པའི་སྣུམ་རླངས་རྒྱ་ཁྱོན་ཀེ་ལོ་སྨི་ཊ་གྲུ་བཞི་ཁྲི་ ༩.༦ ཡོད། ༡༩༥༤ ལོར་ལིང་ཧུའུ་སྣུམ་ཞིང་རྩད་ཆོད་པ་དང་བསྟུན་ནས། སྔ་རྗེས་སུ་ཀྭ་ཟི་དང་། ཧྭ་ཐོའུ་ཀོའུ། མཆོང་སྐྱོད་ཨང་གཉིས་པ། སེ་པེ་སོགས་སྣུམ་རླངས་གཏེར་ཁ་མང་པོ་རྩད་ཆོད་པ་རེད། ༡༩༩༡ ལོར་མཚོ་སྔོན་སྣུམ་ཞིང་གི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཊོན་འབུམ་ ༡༠ ཟིན་པ་དང་། ༢༠༡༢ ལོར་སྣུམ་ཞིང་གི་ཐོན་ཚད་ཊོན་འབུམ་ ༨༠ ལྷག་ཙམ་ཟིན་ཡོད་པ་རེད།
འདི་ལོའི་ཟླ་ ༧ པར་མཚོ་སྔོན་སྣུམ་ཞིང་གིས་དུས་ཡུན་ལོ་བརྒྱད་སྤྱད་དེ། ཚྭ་འདམ་གཤོང་སར་རྡོ་སྣུམ་ས་གཤིས་བསགས་འབོར་ཊོན་དུང་ཕྱུར་ ༣.༨ གསར་དུ་རྩད་ཆོད་པ་དེ་མཚོ་སྔོན་སྣུམ་ཞིང་གིས་དེ་སྔའི་ལོ་ ༥༢ རིང་རྡོ་སྣུམ་བསགས་འབོར་རྩད་ཆོད་ཚད་ཀྱི་བསྡོམས་འབོར་ལས་ཀྱང་བརྒལ་ཡོད། རང་བྱུང་སོལ་རླངས་ས་གཤིས་བསགས་འབོར་སྨི་ཊ་རྒྱ་དཔངས་གྲུ་བཞི་ ༨༣༤ གསར་དུ་རྩད་ཆོད་པ་དང་། གསར་དུ་འཕར་བའི་སྣུམ་རླངས་རྩད་ཆོད་བསགས་འབོར་ནི་དེ་སྔའི་ལོ་ ༥༢ རིང་གི་ ༨༦% ཡིན་པ་རེད། དེའི་རིང་སྣུམ་རླངས་ས་གཤིས་རིམ་པ་གསུམ་པའི་བསགས་འབོར་ཐད་བསྟུད་མར་ཐེངས་བདུན་འཕར་རྗེས་རྒྱུན་མཐུད་ལོ་ལྔར་ཊོན་དུང་ཕྱུར་ ༢ ཡན་རྩད་ཆོད་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༧ ཉིན༽
༩༽ བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་འཁུར་བའི་ལྷ་ས་ནས་ཁྲང་ཧྲ་བར་དང་དེ་རྗེས་ཧྥུའུ་ཀྲའོ་བར་འཕུར་བའི་མཁའ་ལམ་ཤར་གཏོང་བྱས་པ་དང་། དེས་ལམ་རྒྱུད་འགྲུལ་པའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་ཁྲང་ཧྲ་བར་དང་དེ་རྗེས་ཧྥུའུ་ཀྲའོ་བར་འཕུར་བའི་མཁའ་ལམ་གྱི་གནམ་གྲུའི་ཨང་གྲངས་ནི་TV9851/9852ཡིན་པ་དང་། གཟའ་འཁོར་རེའི་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ཀྱི་སྐབས་འཕུར་གྱི་ཡོད། ཞིབ་ཕྲའི་དུས་ཚོད་ནི་ཆུ་ཚོད་ ༩ དང་སྐར་མ་ ༤༠ ཐོག་ལྷ་སར་འཕུར་བ་དང་། ཆུ་ཚོད་ ༡༢ དང་སྐར་མ་ ༢༥ ཐོག་ཁྲང་ཧྲ་རུ་འབྱོར་བ། དེ་རྗེས་ཆུ་ཚོད་ ༡༣ དང་སྐར་མ་ ༢༠ ཐོག་ཁྲང་ཧྲ་ནས་འཕུར་ཏེ་ཆུ་ཚོད་ ༡༤ དང་སྐར་མ་ ༤༠ ཐོག་ཧྥུའུ་ཀྲའོ་རུ་འབྱོར་གྱི་ཡོད། ཆུ་ཚོད་ ༡༥ དང་སྐར་མ་ ༣༥ ཐོག་ཧྥུའུ་ཀྲའོ་ནས་ཚུར་འཕུར་ཡོང་བ་དང་ཆུ་ཚོད་ ༡༦དང་སྐར་མ་ ༥༥ ཐོག་གྲང་ཧྲ་རུ་འབྱོར་བ། ཆུ་ཚོད་ ༡༧ དང་སྐར་མ་ ༤༥ ཐོག་གྲང་ཧྲ་ནས་འཕུར་ཏེ་དགོང་མོའི་ཆུ་ཚོད་ ༢༡ དང་སྐར་མ་ ༠༥ ཐོག་ལྷ་སར་འབྱོར་གྱི་ཡོད།
བོད་ལྗོངས་མཁའ་འགྲུལ་གྱིས་ ༢༠༡༡ ལོར་འཕུར་ཐེངས་དང་པོ་བྱས་ཚུན་བོད་ལྗོངས་ཀྱི་ལྗོངས་ནང་ཁུལ་གྱི་གནམ་ཐང་ཆེན་པོ་ལྔར་ཡོངས་སུ་ཁྱབ་པ་དང་། རིམ་བཞིན་མཁའ་ལམ་གྱི་དྲ་རྒྱ་ཁྲེན་ཏུའུ་དང་། ཁྲུང་ཆིང་། ཧང་ཀྲའོ། ཧྲང་ཧེ། ཧྲེན་ཀྲན། པེ་ཅིང་སོགས་རྒྱལ་ནང་གི་གྲོང་ཁྱེར་གཙོ་བར་སྣུར་སྲིང་བྱེད་བཞིན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༡༠ ཉིན༽
༡༠༽ ཟླ་ ༨ ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁྲེན་ཆོན་གོས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དེ་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་ཆེས་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་སྐོང་ཚོགས་གནང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཚན་རིག་དང་མཐུན་པའི་ངང་དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་དགོས་མཁོ་ཡོད་མེད་དང་འཐབ་ཕྱོགས་གཅིག་གྱུར་གང་འདྲ་ཞིག་དགོས་པ་དང་། དེ་བཞིན་ཇི་ལྟར་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་བསྐྱོན་པས་ཆབ་སྲིད་ཀྱི་ཁ་ཕྱོགས་རང་བཞིན་དང་། ཚན་རིག་དང་མཐུན་པའི་མཛུབ་ཁྲིད་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ལ་དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དེ་རང་རེའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ནང་གི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་ལས་དོན་ལ་སྤྱིའི་གཞི་འཛིན་ས་དང་། སྤྱིའི་ཚད་གཞི། སྤྱིའི་བརྩི་སྲུང་ཞུ་ས་བཅས་མཁོ་འདོན་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་སྣང་ཆེན་བྱ་རྒྱུ་དེ་རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་ཐབས་མཆོག་གལ་ཆེན་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ཐབས་མཆོག་གལ་ཆེན། བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པ་དང་། ཞི་མཐུན། བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་གལ་ཆེན་བཅས་རེད། ཅེས་ཕྱོགས་བདུན་ནས་ནན་བཤད་བྱས་ཏེ། གཅིག་ནས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས། གཉིས་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གསུམ་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བཞི་ནས་མཐུན་སྒྲིལ་དང་། ཞབས་ཞུ། སྣེ་ཁྲིད། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ལྔ་ནས་ཁྱད་ཆོས་ལ་དམིགས་ཏེ་རིགས་དབྱེའི་ངང་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཕྱིའི་ཤེས་ལྡན་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དྲུག་ནས་གསོ་སྐྱོང་དང་གོང་མཐོར་གཏོང་རྒྱུའི་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བདུན་ནས་འཐབ་ཕྱོགས་གཅིག་གྱུར་གི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་སོགས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༨ ཚེས་ ༡༠ ཉིན༽
༡༡༽ ཟླ་ ༨ ཚེས་ ༩ ཉིན་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་ཚེས་ ༩ ཉིན་ནང་སོག་རང་སྐྱོང་ལྗོངས་ཨེའར་ཏོ་སི་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཀྲེང་ཝུའེ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
མི་རིགས་ ༥༦ ཨེར་ཏོ་སི་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འཛོམས་ནས་འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། ཞི་མཐུན་བཅས་ཀྱི་དུས་རབས་ཀྱི་དགའ་སྤྲོའི་གླུ་དབྱངས་མཉམ་དུ་བླངས། རྒྱལ་དར་དང་། ཚོགས་དར། ཚོགས་རྟགས་སོགས་རུ་སྟར་གྲུ་བཞིའི་སྣེ་འདྲེན་འོག་མི་རིགས་ ༥༦ གི་དཔལ་འབར་བའི་རུ་སྟར་གྲུ་བཞིས་དེ་མུར་ཡོང་བ་དང་དེ་ནས་ཀོང་ཤིས་དང་། ཉིང་ཞ། བོད་ལྗོངས། ཤིན་ཅང་། ནང་སོག་སོགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་དེ་བཞིན་ཐའེ་དབན་གྱི་གྲངས་ཉུང་མི་རིགས་འཐུས་མི་ཚུད་པའི་འཐུས་མི་ཚོགས་པ་ ༣༤ ཡིས་ཚོན་མདོག་རྣམ་པར་བཀྲ་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་མི་རིགས་ཀྱི་གྱོན་ཆས་སྤྲས་ནས་ལུས་རྩལ་ཐང་དུ་ཡོང་སྟེ་ལྟད་མོ་བ་ཚོའི་ཡིད་དབང་རྦད་དེ་བཀུག་ཡོད་པ་རེད། ལུས་རྩལ་འགྲན་ཚོགས་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར) ༣༡ དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ། དེ་བཞིན་ཐའེ་དབན་གྱི་འཐུས་མི་ཚོགས་པ་བཅས་ཁྱོན་འཐུས་མི་ཚོགས་པ་ ༣༤ ཡི་ལུས་རྩལ་པ་ ༦༤༢༠ ཡིས་འགྲན་བསྡུར་རྣམ་གྲངས་ ༡༧ དང་འཁྲབ་སྟོན་རྣམ་གྲངས་ ༡༧༨ ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༡༡ ཉིན༽
༡༢༽ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦ དང་སྐར་མ་ ༢༠ སྐབས་མྱུར་འཕྲིན་ཞིག་གིས་བོད་ལྗོངས་དམག་ཁུལ་གྱི་སྒྱོགས་དམག་མདའ་ཤོག་ཆེ་གེ་མོའི་ལྷིང་འཇགས་དཀྲོག་ཅིང་། མྱུར་འཕྲིན་གྱི་ནང་དུ་མདའ་ཤོག་འདིས་ཟླ་ ༨ ཚེས་ ༣ ཉིན་གྱི་ཆུ་ཚོད་ ༡༠ ཡི་སྔོན་ལ་དམག་དོན་དམག་སྦྱོང་བྱེད་ས་ག་གེ་མོར་འབྱོར་བར་བྱས་ཏེ་དམག་འཐབ་ཀྱི་གྲ་སྒྲིག་བྱེད་དགོས་པའི་བཀའ་ཕབ་པ་རེད། མདའ་ཤོག་དེས་མགྱོགས་མྱུར་ངང་དམག་འཐབ་ཀྱི་གྲ་སྒྲིག་རིམ་པ་དང་པོ་བྱས་ཏེ་ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༣༠ ཐོག་རྡོག་ཐོན་བྱས་ནས་འདུ་འཛོམས་བྱེད་སའི་ཕྱོགས་སུ་བསྐྱོད་པ་དང་། མདའ་ཤོག་འདིའི་ ༢༠༡༥ ལོའི་དམག་མི་དངོས་འཐབ་དམག་སྦྱོང་དུས་འདི་ནས་བྱེད་འགོ་བརྩམས་པ་རེད།
འཕྲུལ་འཁོར་ཅན་གྱི་དཔུང་སྐྱོད་ཉིན་གསུམ་བྱས་པ་དང་། ལམ་ཐག་སྤྱིའི་རིང་ཚད་ཀེ་ལོ་སྨི་ཊ ༦༠༠ ལྷག་ཙམ་བསྐྱོད་ཅིང་། འཕྲུལ་འཁོར་ཅན་གྱི་དཔུང་སྐྱོད་བྱེད་སྐབས་མདའ་ཤོག་འདིས་ཡོངས་སུ་དངོས་འཐབ་ཀྱི་བླང་བྱ་ལྟར་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་ཊ ༤༨༠༠ ཡོད་པའི་གངས་རིར་འཛེགས་པ་དང་། བྱེ་རླུང་འཚུབ་པའི་བྱེ་ཐང་དུ་བསྐྱོད་པ། ཞག་སྡོད་བྱེད་སྐབས“ཁ་བཀྲམ་ཡིབ་སྡོད”ཀྱི་བླང་བྱ་ལྟར་བཀོད་སྒྲིག་བྱས་ནས་གནས་ཚུལ་བཀོད་སྒྲིག་འཐུས་སྒོ་ཚང་བ་དང་དངོས་འབྲེལ་དྲང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་དཔོན་དམག་རྣམས“དཔུང་སྐྱོད་དང་། དམག་འཐབ། ཟ་འཐུང་། ཞག་སྡོད། ཡིབ་སྡོད”ལ་སོགས་པའི་ཐད་དངོས་འཐབ་བྱེད་ནུས་སྦྱོང་བརྡར་བྱས་པས། མདའ་ཤོག་འདིས་རྗེས་སུ་དངོས་འཐབ་དམག་སྦྱོང་བྱེད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༡༢ ཉིན༽
༡༣༽ ཀྲུང་གོའི་སྦྲག་སྲིད་ཁང་གི་དྲ་ཚིགས་ནས་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་སྔོན་རྒྱལ་ཁབ་སྦྲག་སྲིད་ཁང་གིས་བརྡ་ཐོ་བཏང་ནས་བྱེད་སྒོ་སྤེལ་རིང་སྦྲག་རྫས་བསྐུར་ལམ་བདེ་འཇགས་ཡོང་བའི་འགན་སྲུང་ལེགས་པར་བྱེད་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། 《བརྡ་ཐོ》ཡི་ནང་ཟླ་ ༨ ཚེས་ ༢༠ ཉིན་ནས་ཟླ་ ༩ ཚེས་ ༥ ཉིན་བར་པེ་ཅིན་ལ་བསྐུར་རྒྱུའི་སྦྲག་རྫས་དང་མྱུར་སྐྱེལ་སྦྲག་རྫས་དག་དངོས་མིང་གི་ཐོག་ནས་བསྐུར་རྒྱུ་དང་རྩིས་ལེན་བྱེད་རྒྱུ་དང་། ཟླ་ ༨ ཚེས་ ༢༠ ཉིན་ནས་ཟླ་ ༩ ཚེས་ ༡༢ ཉིན་བར་བོད་ལྗོངས་སུ་བསྐུར་རྒྱུའི་སྦྲག་རྫས་དང་མྱུར་སྐྱེལ་སྦྲག་རྫས་དག་དངོས་མིང་ཐོག་ནས་བསྐུར་རྒྱུ་དང་རྩིས་ལེན་བྱེད་རྒྱུའི་བླང་བྱ་བཏོན་པ་རེད།
༢༠༡༥ ལོ་ནི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་ཡོངས་ཀྱི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཡིན་ཞིང་། ཟླ་ ༩ ཚེས་ ༣ ཉིན་པེ་ཅིན་དུ་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་དུས་མཚུངས་སུ་ཟླ་ ༨ ཚེས་ ༢༢ ཉིན་ནས་ཚེས་ ༣༠ ཉིན་བར་པེ་ཅིན་དུ་ ༢༠༡༥ ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུ་ཡིན་ལ། ཟླ་བ་ ༩ པའི་ཟླ་སྟོད་དང་ཟླ་དཀྱིལ་དུ་བོད་ལྗོངས་སུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། དེའི་རིང་ལ་བྱེད་སྒོ་གལ་ཆེན་སྣ་མང་ཕན་ཚུན་འདྲེས་ནས་སྤེལ་རྒྱུ་ཡིན་ཚུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༡༢ ཉིན༽
༡༤༽ ༢༠༡༥ ལོའི་ལོ་སྟོད་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རང་སྐྱོང་ཁུལ་གྱི་གསེར་གཏེར་ཐོན་ལས་གཏན་འཇགས་ངང་གོང་དུ་འཕེལ་བ་དང་། ཟླ་བ་དྲུག་པའི་ཟླ་མཇུག་བར་དུ། གཞི་ཁྱོན་ཡན་གྱི་གསེར་གཏེར་ཐོན་ལས་ཁེ་ལས་ཀྱི་གསེར་ཐོན་ཚད་སྟོང་ཁེ(Kilogram 千克) ༢༣༩༠ ཡིན་ཞིང་། ལོའི་དམིགས་འབེན་གྱི ༣༩.༢% ལེགས་འགྲུབ་བྱུང་བ་དང་། དུས་མཉམ་ལས ༡༩.༡% འཕར་ཡོད་ལ། འཕར་ཚད་ནི་དམིགས་འབེན་འགན་འཁྲིའི ༦.༦% གིས་མཐོ། གསེར་གཏེར་ཐོན་ལས་ཀྱིས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི ༥༤% ཟིན་པ་མ་ཟད། བསྟུད་མར་ཁུལ་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་ལ་འཁྲིད་སྟོན་བྱེད་ཀྱི་ཡོད་པས་དཔལ་འབྱོར་གོང་འཕེལ་གྱི་སྟོབས་ཤུགས་གཙོ་བོར་ཆགས་ཡོད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༨ ཚེས་ ༡༢ ཉིན༽
༡༥༽ ཐེན་ཅིང་པིན་ཧའེ་ཁུལ་གསར ༨•༡༢ ཉེན་ཅན་དངོས་རྫས་མཛོད་ཁང་འབར་གས་ཡུལ་དངོས་མྱུར་སྐྱོར་བཀོད་འདོམས་པུའུ་ནས་ཐོན་པའི་གནས་ཚུལ་ལྟར་ན། ཐེན་ཅིན་པིན་ཧའེ་ཁུལ་གསར་གྱི་ཉེན་ཅན་དངོས་རྫས་མཛོད་ཁང་འབར་གས་དོན་རྐྱེན་བྱུང་ཡུལ་གྱི་མི་སྣ་རྨས་སྐྱོན་ཕོག་པའི་གནས་ཚུལ་གསར་པ་སྟེ། དོན་རྐྱེན་བྱུང་རྗེས་ཀྱི་ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༡༢ བར་དུ། ཐེངས་འདིའི་འབར་གས་དོན་རྐྱེན་ལས་མི་༡༡༢ རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ནང་མི་ ༩༥ གར་སོང་ཆ་མེད་དུ་གྱུར་ཡོད་ཚུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༡༤ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༨ ཚེས་ ༡༧ ཉིན།