སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ ཟླ་ ༨ ཚེས་ ༡༥ ཉིན་གྱི་མཚན་མོ“བོད་མིའི་འབྱུང་གནས བོད་དང་ལས་སྦྲེལ—བདེ་སྐྱིད་ལྡན་པའི་ལྷོ་ཁ”ཞེས་པས་བརྗོད་བྱ་གཙོ་བོར་བྱས་པའི་ ༢༠༡༥ ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་རྩེད་ཐང་གྲོང་རྡལ་དུ་འགོ་བཙུགས་ཏེ་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་ ༥༠ འཁོར་བར་ཕྱག་བཏགས་ཕུལ་ཟེར།
ཉིན་དེའི་མཚན་མོའི་ཆུ་ཚོད་ ༩ པར་ས་ཁུལ་ལུས་རྩལ་ཐང་དུ་འགོ་འཛུགས་མཛད་སྒོའི་འཁྲབ་སྟོན་གཟབ་རྒྱས་བྱས་པ་དང་ལྗོངས་ཕྱི་ནང་ནས་ཡོང་བའི་སྒྱུ་རྩལ་པ་དང་ལྷོ་ཁ་ས་ཁུལ་གྱི་རྫོང་ ༡༢ ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བརྗིད་ཉམས་དོད་པའི་གདོད་མའི་ཞབས་བྲོ་དང་། སྙན་འཇེབས་ལྡན་པའི་བོད་ཀྱི་དམངས་གཞས། ལྟད་མོ་ཆེ་བའི་འཁྲབ་སྟོན་བཅས་ལས་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས—ཡར་ཀླུང་ས་གཞི་ཆེན་པོར་བསྟོད་གླུ་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་གྱི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་ཞིང་། དེའི་རིང་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཚོང་འགུགས་མ་འདྲེན་གྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ། ལྷོ་ཁའི་འཁྲབ་ཚན་ཐུང་གྲས། གཞི་རིམ་མང་ཚོགས་ཀྱི་རིག་རྩལ་འགྲན་བསྡུར་ཆེ་མོ་དང་དེ་བཞིན་མི་རིགས་ལག་ཤེས་བཟོ་རྩལ་ཚོང་ཟོག་འགྲེམས་ཚོང་སོགས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༡༩ ཉིན༽
༢༽ ཟླ་ ༨ ཚེས་ ༡༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གཉིས་པའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་རིགས་རྒྱན་གོས་སྣ་མང་སྟོན་ཚོགས་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་གཟབ་རྒྱང་ངང་འགོ་བརྩམས་པ་དང་། ཕུན་སུམ་ཚོགས་པའི་བོད་རིགས་ཀྱི་རྒྱན་གོས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་སོ་སོའི་བོད་ཀྱི་རིག་གནས་གསལ་པོར་མངོན་པ་དང་། བོད་མི་རིགས་ཀྱི་མཛེས་དཔྱད་ལྟ་བ་དང་རིག་གནས་ཀྱི་ནང་དོན་ཞིབ་ཆ་མཚོན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༢༠ ཉིན༽
༣༽ ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་སྲིད་གཞུང་སྡེ་ཚན་གྱིས་རྫོང་གློག་འཕྲིན་སྡེ་ཚན་དང་བདེ་འཇགས་སྲུང་འདོམས་ཀྱི“དུད་བཅུ་མཉམ་སྲུང”གི་ལམ་སྲོལ་བཟོ་རྒྱུའི་འཚོལ་ཞིབ་བྱས་ཏེ་འབྲོང་ལུང་ཤང་དང་རྫ་དམར་ཤང་ལ་སྔོན་ཚུད་ཚོད་ལྟ་བྱས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་དུས་བདེའི“འགོག་སྲུང་དྲ་བ”འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ལ་ཁྱབ་པའི་འགོག་ཟོན་མ་ལག་ཅིག་བཟོ་རྒྱུའི་གཏན་འཁེལ་བྱས།
ཤེས་རྟོགས་བྱུང་བར་གཞིཌ་ན། “དུད་བཅུ་མཉམ་སྲུང”དེ་གློག་འཕྲིན་གྱི་ལག་ཁྱེར་ཁ་པར་དང་སྐུད་ཡོད་ཁ་པར་གཞི་རྟེན་དུ་བྱས་ནས་བསྐྲུན་པའི་གྲོང་མིའི་མཉམ་འགོག་མཉམ་བཅོས་ཀྱི་རོགས་རེས་འབོད་གཏོང་ཆ་འཕྲིན་སྟེགས་བུ་ཞིག་ཡིན་པ་དེ་ཉེ་སར་གནས་སྡོད་ཀྱི་རྩ་དོན་ལྟར་གྲོང་མི་དུད་ཚང་བཅུ་རེ་མཉམ་སྲུང་ཚོགས་ཆུང་དུ་བཀོད་སྒྲིག་བྱས་པ་དང་དུད་ཚང་གང་རུང་ཞིག་ལ་ཛ་དྲག་གི་གནས་ཚུལ་འཕྲད་ཚེ་ཁ་པར་ #22 རྒྱག་ཆོག་གི་ཡོད་པ་དང་ཚོགས་ཆུང་ནང་གི་དུད་ཚང་གཞན་ལ་སྐྱོབ་རོགས་ཞུ་བའི་ཆ་འཕྲིན་འབྱོར་ན་དུས་ཚོད་དང་པོར་རོགས་སྐྱོབ་བྱེད་པར་ཡོང་ནས་ཉེན་ཁའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་ཐུབ་ཀྱི་ཡོད་ཟེར།
“དུད་བཅུ་མཉམ་སྲུང”ཚོད་ལྟའི་ངང་ཁྱབ་གདལ་བཏང་ནས་གྲོང་སྡེར་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་དྲ་བ་བརྟན་པོ་ཞིག་བསྐྲུན་པས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ནད་ཕོག་ནས་རོགས་སྐྱོབ་བྱེད་དགོས་པ་དང་། ཁྱིམ་མཚེས་དབར་རྩོད་གཞི་བྱུང་བ། རྐུ་འཕྲོག རྒྱག་རེས་རྒྱག་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་ཁ་པར་དེ་བརྒྱུད་སྐྱོབ་རོགས་རེ་ཞུ་བྱེད་ཆོག་པ་དང་ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་གཞིས་སྲུང་རྒན་རྒོན་དང་བུད་མེད་ལ་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་རེད། དུས་མཚུངས་གཞི་རིམ་གྱི་མཉམ་སྲུང་མཉམ་འགོག་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་མངོན་འགྱུར་ཐུབ་ནས་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་མི་ཤུགས་མི་འདང་བའི་གནོན་ཤུགས་དལ་ལྷོད་དུ་སོང་བ་མ་ཟད། ཁྱིམ་མཚེས་དབར་གྱི་འབྲེལ་བ་ཡག་ཏུ་ཕྱིན་ནས་གྲོང་གསེབ་ཀྱི་བདེ་འཇགས་ལེགས་སུ་གཏོང་བ་དང་མཉམ་ཟོན་མཉམ་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༢༡ ཉིན༽
༤༽ རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མདའ་རྒྱག་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་ཟླ་ ༧ ཚེས་ ༣ ཉིན་ནས་ཚེས་ ༧ ཉིན་གྱི་བར་དུ་ཀྲུང་གོ • མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་ཅན་གྱི་འགྲན་བསྡུར་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དུ་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་ཁབ་དང་ས་ཁུལ་ ༢༠ ལྷག་ནས་ཡོང་བའི་མདའ་འཕེན་ཕུལ་བྱུང་ཅན་སྟོང་ལྷག་གིས་རང་རང་སོ་སོའི་མདའ་རྩལ་ངོམས་པ་དང་མདའ་འཕེན་ལག་རྩལ་སྤེལ་རེས་བྱེད་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༢༡ ཉིན༽
༥༽ ལོ་ ༥༠ རིང་གི་སྤྱི་ཚོགས་རིང་ལུགས་བོད་གསར་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པ་དང་། བོད་འཕེལ་རྒྱས་དང་། བརྟན་ལྷིང་། ཞི་མཐུན་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་ལེགས་པར་གླེང་བ། བོད་ཀྱི་རླབས་ཆེན་གྲུབ་འབྲས་ནང་འདུས་པའི་ལམ་ལུགས་ཀྱི་ལེགས་ཆ་ལེགས་པར་གླེང་བ་བཅས་བྱ་ཆེད། ཟླ་ ༨ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་། སྒྲོག་འགྲེལ་ཚོགས་འདུ་ཐེངས་དང་པོ་དེ་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དུ་འཚོགས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༨ ཚེས་ ༢༤ ཉིན༽
༦༽ ཟླ་ ༨ ཚེས་ ༡༣ ནས་ཚེས་ ༡༥ ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་རང་ལྗོངས་ཀྱི་ལྷ་ས་དང་ནག་ཆུ་སོགས་སུ་ཕེབས་ནས་དབུལ་སྐྱོར་གསར་སྤེལ་དང་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གཏིང་ཟབ་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་སྤྲོད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ལས་འཕེལ་རྒྱས་གཏོང་སྟངས་མྱུར་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་བ་དང་བོད་ལྗོངས་འདི་ཉིད་ ༢༠༢༠ ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཅང་ཙེ་ལིན་དང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ། ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱི་ཅུས་ཀྲང་ཀྲེང་གོ་ཀོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་བཅས་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་སོགས་བརྟག་ཞིབ་བམ་ཡང་ན་བཞུགས་མོལ་ཚོགས་འདུར་ལྷན་དུ་ཕེབས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༢༥ ཉིན༽
༧༽ ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༢༤ ནས་ཚེས་ ༢༥ ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ཞིས་ཅིན་ཕིང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ་་་་་་་་་ ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་དང་ཡང་དག་པའི་ངང་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་པོ་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཞེས“ངེས་པར་དྲུག”བརྗོད་འདུག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁེ་ཆང་གིས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་མཇུག་སྒྲིལ་སྐབས་གསུང་བཤད་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲང་ཏེ་ཅང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་མ་ཟད། མདོར་ན་ཏང་སྲིད་དམག་གསུམ་གྱི་གནད་ཡོད་འགོ་ཁྲིད་ཡོངས་རྗོགས་དང་། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོ། བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་བཅས་མི་གྲངས་བཞི་བརྒྱ་ཡས་མས་ཚོགས་འདུར་ཞུགས། སྔ་ཕྱིར་ཐེངས་དྲུག་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཀུན་ལས་མི་སྣ་འཛོམས་ཤོས་དང་། ཚད་གཞི་མཐོ་ཤོས་ཀྱི་ཚོགས་འདུ་ཞིག་ཡིན་ཚུལ་བརྗོད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༢༦ ཉིན༽ ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༢༦ ཉིན༽
༨༽ ཉེ་ཆར་ཁྲི་བསོད་བསྟན་གྱིས་གཙོ་སྒྲིག་བྱས་པའི<<བོན་དཔྱད་སྤྱི་རྒྱ་རླབས་གཅོད–གནའ་བོའི་ཞང་ཞུང་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རིག་གཞུང་སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས>>ཞེས་པ་ ༢༠༡༥ ལོའི་ཟླ་ ༨ པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏེ་འགྲེམས་སྤེལ་བྱས། དེབ་འདི་ནི་བོན་གྱི་རིག་གནས་འཕེལ་རྒྱས་དང་སྲུང་སྐྱོབ་ཐད་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་སྒྲུབ་བཞིན་པའི་གཙོ་སྒྲིག་པ་ཁྲི་བསོད་བསྟན་ལགས་ཀྱིས་ལོ་ངོ་དུ་མའི་རིང་དཀའ་ངལ་གང་མང་ཞིག་ཁྱད་དུ་བསད་དེ (༢༠༠༨ – ༢༠༡༤)ལོའི་བར་དཔར་མུས་ཀྱི་མདོ་སྨད་བྱང་བརྒྱུད་དང་འབྲེལ་བའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ<<དཔྱོད་ལྡན་མཆོད་པའི་མེ་ཏོག>>ཅེས་པ་ལས་དཔྱད་རྩོམ་ལེགས་གྲས་དང་རིན་ཐང་ཅན་རྣམས་བདམས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་རེད།
དེབ་འདིའི་བརྗོད་གཞི་ནི་ཞང་བོད་དཔྱད་གླེང་དང༌། ལོ་རྒྱུས་དཔྱད་གླེང༌། རིག་གཞུང་དཔྱད་གླེང༌། ལྟ་གྲུབ་དཔྱད་གླེང༌། སྨན་རྩིས་དཔྱད་གླེང་ཞེས་ཁག་ལྔ་ཡིས་གྲུབ་པ་དང༌། དེར་བསྡོམས་པས་ཞིབ་འཇུག་གི་མཐོང་སྣེ་དང་ཁ་ཕྱོགས་མི་གཅིག་པའི་དཔྱད་རྩོམ་སུམ་ཅུ་སོ་ལྔ་འདུག
དེང་སྐབས་སྲིད་གཞུང་དང་མང་ཚོགས་གཉིས་ཀའི་ཐད་ནས་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་མཐོང་ཆེན་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་ཏེ་བོན་གྱི་དམངས་ཁྲོད་ཀྱི་དཔེ་ཆ་ལེགས་བསྒྲིགས་དང་པར་སྐྲུན་གྱི་བྱ་བཞག་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་བཞིན་མཆིས་པས་ན། བོན་ལ་ཞིབ་འཇུག་བྱེད་པའི་ལམ་ཁོད་སྔར་ལས་ཇེ་ཡངས་སུ་བཏང་སྟེ་རིག་གཞུང་ཞིབ་འཇུག་གི་འབྲས་བུ་མི་དམན་པ་ཐོན་བཞིན་པ་དང༌། སྔར་ཐག་གཅོད་ཐུབ་མེད་པ་དང་གསལ་ཁ་མེད་པའི་གནད་དོན་གྱི་ཞིབ་འཇུག་གི་གཏིང་ཇེ་ཟབ་ཏུ་སོང་།
དཔྱད་རྩོམ་བདམས་བསྒྲིགས་འདིས་སྔར་མི་རྣམས་ཀྱི་བོན་ཞེས་པ་ནི་ཐུའུ་ཐུམ་དད་མོས་དང་མེས་པོའི་དད་མོས་སོགས་གདོད་མའི་ཆོས་ལུགས་ཤིག་ཡིན་པར་བསམ་སྟེ་དོ་སྣང་ཆེན་པོ་མ་བྱུང་བ་དང༌། དཔྱད་ཡིག་དཀོན་པོ་སོགས་ཀྱིས་རྐྱེན་པས་ཞིབ་འཇུག་གི་ཆུ་ཚད་ཀྱང་ཧ་ཅང་དམའ་བའི་རིག་གནས་ཀྱི་སྣང་ཚུལ་ནས་བར་བརྒལ་བྱས་ཏེ། དེང་སྐབས་སྤྱི་ཚོགས་དང་རིག་གནས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་བོན་པོའི་དཔེ་ཆ་མང་པོ་དཔར་སྐྲུན་བྱས་པ་དང༌། བོན་བསྟན་རིག་གནས་ཀྱི་ཞིབ་འཇུག་གི་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། བོན་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁུངས་དེ་ཡིན་པར་བསམས་ཏེ། བོན་བསྟན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏེ་གྲུབ་མཐའི་ཕྱོགས་ཞེན་ཇེ་ཆུང་དང་བོད་སྤྱིའི་མཐོང་རྒྱ་ཇེ་ཆེར། བོད་ཀྱི་རིག་གནས་ཀྱི་རིན་ཐང་ངོས་འཛིན་གྱི་ཚད་ཇེ་བཟང་དུ་འགྲོ་བཞིན་པར་རྟིང་སྐུལ་དང་ཁ་སྣོན་བྱས་ཡོད་དོ།། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༢༧ ཉིན༽
༩༽ ཟླ་ ༨ ཚེས་ ༢༦ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི(རྒྱ་ཆེའི)ཚོགས་འདུ་སྐོང་ཚོགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱ་རྒྱུ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུཌ་ཁུར་དེ་སྒུལ་ཤུཌ་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་བཅས་སུ་བྱས་ནས་ཏང་གི་བོད་སྐྱོང་ཇུས་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༨ ཚེས་ ༢༨ ཉིན༽
༡༠༽ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། ཞེས་དཔྱད་གཏམ་སྤེལ། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་དང་པོ།
“བོད་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད”ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཁྱོན་ཡོངས་ནས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་སྒོ་ཀུན་ནས་རྒྱས་བཤད། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་རྒྱས་གླེང་གཏིང་ཟབ་བཅས་གནང་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁོང་དུ་ཆུད་རྒྱུར་བསམ་བློའི་ངོས་འཛིན་གཅིག་གྱུར་བྱུང་བ་དང་། བོད་ཀྱི་ལས་དོན་སྔར་བས་ལེགས་པར་སྒྲུབ་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་བསྟན་གནང་ཡོད།
ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། རྩ་དོན་གལ་ཆེན་འདི་ནི་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་དམིགས་པ་དང་བོད་ཀྱི་དོན་དངོས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ང་ཚོའི་ཏང་གིས་ལོ་ ༦༠ ལྷག་ཙམ་རིང་བོད་འདི་ཇུས་འགོད་བདག་གཉེར་གནང་བའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་པ་ཞིག་ཡིན་པས་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། བོད་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་བའི་རྩ་བའི་བསྲུང་བྱ་ཞིག་རེད། བོད་འབྲེལ་ལས་དོན་ལ་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ཆེ་བས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་རྩ་དོན་གལ་ཆེ་དེའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ནས་ཉེན་བསམ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ་བོད་ཀྱི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་དེ་བས་ལེགས་པོས་སྒྲུབ་དགོས། ་་་་་་་ ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར་ནས ཟླ་ ༨ ཚེས་ ༢༨ ཉིན༽
༡༡༽ ཟླ་ ༨ ཚེས་ ༢༩ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཉེས་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་འཆར་ཟིན(དགུ་པ)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བས། རང་རྒྱལ་གྱི་ད་ཡོད་ཉེས་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ། ད་ཆའི་ཁྲིམས་འཛིན་ལག་ལེན་ཁྲོད་ཐོན་པའི་གནས་ཚུལ་དང་གནད་དོན་གསར་པ་བསལ་ནས། ཉེས་གསོག་སྔོན་འགོག་དང་ཆད་གཅོད་སྔར་ལས་ཡག་པ་ཡོང་བའི་དགོས་མཁོ་དང་འཚམ་ཐུབ་པ་བྱ་རྒྱུ་ཡིན་ཞིང་། བཟོ་བཅོས་འཆར་ཟིན་དེར་ཁྱོན་དོན་ཚན་ལྔ་གཉིས་ཡོད་ཅིང། འདི་ལོའི་ཟླ་ ༡༡ ཚེས་ ༡ ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་བཟོ་བ་དང་ཞིབ་དཔྱད་བྱེད་པའི་ནང་། ཁྲིམས་བཟོ་ལས་ཁུངས་ཀྱིས་ཕྱོགས་མང་པོའི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་ནས། སྤྱི་ཚོགས་ཐོག་གི་དོ་གནད་ལ་བརྡ་ལན་ཞུས་ཏེ། འཇིགས་སྐུལ་བྱེད་སྤྱོད་དང་། སློབ་གྲྭའི་རླངས་འཁོར་རམ་ཡང་ན་འགྲུལ་སྐྱེལ་རླངས་འཁོར་ནང་མི་བླུགས་མང་བ་དང་མྱུར་ཚད་ཚད་ལས་བརྒལ་བ། ཉེན་རྟོག་པར་གཏུམ་སྤྱོད་ཀྱིས་རྒོལ་བ། རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་ནང་རྐུ་བཤུ་བྱེད་པ། དྲ་རྒྱའི་ཐོག་དཀྲོག་གཏམ་བཟོས་ནས་བཀྲམས་པ། ཁྲིམས་རའི་སྒྲིག་ལམ་ཟང་ཟིང་བཟོ་བ། ལྐོག་རྔན་ལེན་པ་སོགས་ཀྱི་ཉེས་གསོག་ལ་གཏན་འབེབས་གསར་པ་བྱས་པ་རེད།
བཟོ་བཅོས་འཆར་ཟིན་ལ་གཞིགས་ན། གོ་མཚོན་དང་མདེའུ་ནག་ཚོང་བརྒྱབ་པའི་ཉེས་པ་དང་། ཉིང་རྡུལ་རྒྱུ་ཆ་ནག་ཚོང་བརྒྱབ་པའི་ཉེས་པ། དངུལ་ལོར་རྫུས་མ་བཟོས་པའི་ཉེས་པ། མ་དངུལ་བསྡུས་ནས་ཁ་བསླུས་བརྒྱབ་པའི་ཉེས་པ། གཞང་འཚོང་བའི་ཉེས་པ། གཞན་ལ་གཞང་འཚོང་དུ་བཅུག་པའི་ཉེས་པ། དམག་དོན་ལས་ཀར་བཀག་འགོག་བྱེད་པའི་ལས་གནས་ཉེས་གསོག དམག་འཁྲུག་སྐབས་དཀྲོག་གཏམ་བཟོས་ནས་དམངས་ལ་མགོ་སྐོར་གཏོང་བའི་ཉེས་པ་བཅས་ལ་སྲོག་ཁྲིམས་གཅོད་པའི་ཉེས་པ་ ༩ མེད་པ་བཟོས་ཡོད།
བཟོ་བཅོས་འཆར་ཟིན་ནང་། ད་ཡོད་ཉེས་ཁྲིམས་ཀྱི་ལྐོག་ཟའི་ཉེས་པར་ཉེས་བབ་ཁྲིམས་གཅོད་ཀྱི་ཚད་གཞིར་བཟོ་བཅོས་བརྒྱབ་ནས། ལྐོག་ཟའི་དངུལ་འབོར་ཅུང་ཆེ་བ་དང་། ཆེ་བ། ཤིན་ཏུ་ཆེ་བ་བཅས་རིམ་པ་གསུམ་བཟོས་པ་མ་ཟད། གནས་ཚུལ་གཞན་གྱི་བབ་ལ་བསྟུན་ནས་ཁྲིམས་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཡོད་པ། ལྐོག་ཟའི་ཉེས་པ་བསགས་ནས་སྲོག་ཁྲིམས་གཅོད་རྒྱུ་དུས་འགྱངས་བྱས་རིགས་ལ། མི་དམངས་ཁྲིམས་ཁང་གིས་ཉེས་གསོག་གི་གནས་ཚུལ་སོགས་ལ་གཞིགས་ནས། སྲོག་ཁྲིམས་དུས་འགྱངས་ལོ་གཉིས་ཐིམས་ནས་ཁྲིམས་ལྟར་ཚེ་བཙོན་ལག་ལེན་བསྟར་རྒྱུའི་ཐག་བཅད་རྗེས། ཚེ་གང་བཙོན་དུ་བཅུག་ནས་ཉེས་པ་ཆག་ཡང་དང་བཙོན་འགྲོལ་མི་གཏོང་རྒྱུའི་བཟོ་བཅོས་བརྒྱབ་ཡོད།
བཟོ་བཅོས་འཆར་ཟིན་ནང་། ན་ཆུང་བུ་མོ་ཞག་ཉར་འཆལ་སྤྱོད་ཀྱི་ནག་ཉེས་མེད་པ་བཟོས་ནས། ཉེས་པ་དེ་རིགས་ཀྱི་བྱེད་སྤྱོད་ལ་ཉེས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ན་ཆུང་བུ་མོར་ལོག་གཡེམ་བྱས་པར་བཙན་གཡེམ་དུ་བརྩི་བ་དང་། ཉེས་ཆད་ལྕི་པོ་གཅོད་པའི་ཆད་པ་གཅོད་པ་ལས་ཆེད་དམིགས་ཀྱི་གཏན་འབེབས་བསྐྱར་མ་མི་བཟོ་རྒྱུ་འཁོད་ཡོད། ད་དུང་བཟོ་བཅོས་འཆར་ཟིན་ནང་མགོ་སྐོར་བཙན་ཁྲིད་བྱས་པའི་བུད་མེད་དང་བྱིས་པ་ཉར་བ་དང་ཉོས་པའི་བྱེད་སྤྱོད་སྐོར་གྱི་དོན་ཚན་ལ་བཟོ་བཅོས་བརྒྱབ་པ་དང་། མགོ་སྐོར་བཙན་ཁྲིད་བྱས་པའི་བུད་མེད་དང་བྱིས་པ་ཉར་བ་དང་ཉོས་པའི་བྱེད་སྤྱོད་རིགས་ཚང་མར་སླད་ཕྱིན་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༨ ཚེས་ ༣༡ ཉིན༽
༡༢༽ ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རིགས་ཀྱི་གྱོན་ཆས་མཛེས་ཤིང་བབ་ཆགས་པ་དང་དུས་མཚུངས་མི་རིགས་ཀྱི་ཉམས་འགྱུར་ལེགས་པར་ལྡན་པ་དེ་ཐོག་ནས་བོད་རིགས་ཀྱི་སྒྱུ་རྩལ་གྱི་ཤེས་རྒྱ་དང་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མཚོན་པ་མ་ཟད། རང་རྒྱལ་གྱི་མི་རིགས་གྱོན་ཆས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་ཀྱང་ལྡན་ཡོད་པ་རེད། འབྲེལ་ཡོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་ཚད་ལྡན་ཡོང་བ་བྱེད་པ་དང་། མི་རིགས་གྱོན་ཆས་ལ་ཐོན་སྐྱེད་རང་བཞིན་ངང་སྲུང་སྐྱོང་དང་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་ཕྱིར། བོད་རང་སྐྱོང་ལྗོངས་ཀྱིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༨ ཚེས་ ༣༡ ཉིན༽
༡༣༽ བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བ་དང་། འཕེལ་རྒྱས་ཀྱི་ཆུ་ཚད་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ད་ཆ་ལྷ་སའི་གནའ་གྲོང་དང་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ལམ་ཡང་ན་བོད་བྱང་ཐང་ས་མཐོ་དང་ཡར་ཀླུང་གྲོག་རོང་གང་དུ་ཡིན་རུང་ལོ་ངོ་ ༥༠ རིང་གི་འཛུགས་སྐྲུན་གྲུབ་འབྲས་ཆེན་པོ་གང་སར་མངོན་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱིས་སྒོ་དབྱེ་དང་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཆེན་པོ་ལོངས་སུ་སྤྱོད་བཞིན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༨ ཚེས་ ༣༡ ཉིན༽
༡༤༽ འདི་ལོར་ཀླུ་ཆུ་རྫོང་དེ་ཉིད་རྒྱལ་ཁབ་ཀྱི་རིགས་གསུམ་པའི་གྲོང་ཁྱེར་གྱི་སྐད་ཡིག་དཔྱད་དཔོག་ཚད་ལོན་ལས་དོན་རྫོང་ལ་གཏན་འཁེལ་བྱས་རྗེས་ཀླུ་ཆུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་དང་ཕྱོགས་ཁག་ཟུང་འབྲེལ་བྱེད་པ། སྐད་ཡིག་ཚད་ལྡན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། རྫོང་ཡོངས་ཀྱི་ལོ་ ༥༠ མན་གྱི་བོད་རྒྱ་ཧུའེ་བཅས་མི་རིགས་ཁག་གི་ལས་བྱེད་པ་ཚང་མས་སྤྱི་སྐད(རྒྱ་སྐད)སྦྱངས་པ་མ་ཟད། བོད་རིགས་ལས་བྱེད་པས་ ༦༠% བཟུང་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༨ ཚེས་ ༣༡ ཉིན༽
༡༥༽ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། བོད་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས། ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས་པའི་སྐོར་གླེང་། དེཡང་དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལྟར་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་སྟངས་འཛིན་ནན་པོ་བྱས་ཏེ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ནི་ཕན་ཚུན་ཆ་རྐྱེན་དུ་འགྱུར་བ་དང་རྩོད་སྒྲུབ་གཅིག་གྱུར་ཡིན་པས་དངོས་པོ་བསམ་པར་འགྱུར་བ་དང་བསམ་པ་དངོས་པོར་འགྱུར་བའི་འབྲེལ་བ་རེད། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས་ལ་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་ཡང་ཤུགས་ཆེ་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་སེམས་པ་ཕྱོགས་ཤུགས་ཆེ་རུ་བཏང་ནས་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཐོག་གཅིག་ཏུ་འགྲིལ་ཚེ་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་ཆེས་སྲ་ཞིང་བརྟན་པའི་རྨང་གཞི་དང་འགན་ལེན་ཡོང་ཐུབ། ་་་་་་་ ཚོགས་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར་ནས། ཟླ་ ༨ ཚེས་ ༣༡ ཉིན༽
༡༦༽ རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་སུ《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་བོད་ཡིག་པར་མ་མཚམས་སྦྱོར་ངོ་སྤྲོད་ཀྱི་ཚོགས་འདུ་དེ་ཟླ་ ༨ ཚེས་ ༢༧ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ(ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང)རུ་འཚོགས་འདུག
ན་ནིང་ཟླ་བ་དགུ་པར་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དེབ་དེའི་རྒྱ་ཡིག་དང་ཕྱིའི་སྐད་ཡིག་བརྒྱད་དུས་གཅིག་ཏུ་པར་དུ་བསྐྲུན་པས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་རྒྱ་ཁྱབ་ཏུ་དོ་ཁུར་ཐོབ་ཀྱི་ཡོད། འདི་ལོའི་ལོ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་མི་རིགས་དཔེ་སྐྲུན་ཁང་སོགས་ཚན་པ་སྒྲིག་འཛུགས་བྱས་ཏེ་བོད་ཡིག་པར་མ་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལྔའི་པར་མའི་ཡིག་སྒྱུར་ལས་དོན་སྤེལ་ཞིང་། ཉེ་ཆར《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་བོད་ཡིག་པར་མ་དེ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༡ ཉིན༽
༡༧༽ “ངའི་དེབ་གསར་པ་དེ་བྲིས་ཚར་སོང”ཞེས་ཉིན་འགའི་གོང་ཧྥ་རན་སེའི་རྩོམ་པ་པོ་མ་ཁེ་ཤིས་མུའུ་ཝུའེ་ཝ་སི་ཡིས་བོད་ཀྱི་སྐོར་འཁོད་པའི་དེབ་ཀྱི་མ་ཟིན་བྲིས་ཚར་ནས་ཀྲུང་གོའི་དཔེ་སྐྲུན་ཁང་ལ་བསྐྱལ་ཟིན་པས། དངོས་སུ་མིང་རྟགས་བཀོད་རྗེས་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སེ། དབྱིན་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ནས་འདོན་རྒྱུ་རེད་ཅེས་གསར་འགོད་པར་བཤད་བྱུང་།
༢༠༡༠ ལོར་ཝུའེ་ཝ་སི་ཡིས་གསར་འགོད་པའི་ཐོབ་ཐང་ཐོག་ནས་ཧྥ་རན་སེའི་གསར་འགོད་པ་གཞན་འགའ་དང་མཉམ་དུ་བོད་ལ་བསྐྱོད་ནས་རྟོག་ཞིབ་བྱས་པ་དེས་བོད་ལ་ངོས་འཛིན་བྱེད་སྟངས་ཐད་འགྱུར་ལྡོག་བྱུང་། དེ་གོང་ཁོང་གི་བོད་ཀྱི་སྐོར“རྒྱུས་མངའ”དེ་དག་ནི་ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་གྱི་འཁྱོག་བཤད་དྲིལ་བསྒྲགས་ལས་བྱུང་བ་སྟེ། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་རིག་གནས་རྨེག་མེད་དུ་གཏོང་བ་དང་བོད་ཀྱི་ཆོས་དད་རང་མོས་ལ་ཚོད་འཛིན་བྱས་སྐད་ཟེར་བ་དེ་ཚོ་རེད་། ལོ་དེར་གནམ་གྲུ་ནས་བབས་མ་ཐག་གང་སར་བོད་ཡིག་གི་བརྡ་ཆ་དང་། བྱང་བུ། ལམ་རྟགས་མཐོང་ནས་ཁོང་ཧང་སངས་པར་གྱུར་པ་མ་ཟད། བོད་ཀྱི་སློབ་གྲྭར་ལྟ་སྐོར་བྱེད་སྐབས་དགེ་རྒན་གྱིས་བོད་སྐད་ཐོག་ནས་སློབ་ཚན་འཁྲིད་པ་དང་དགེ་སློབ་ཀྱིས་སྤོབས་པ་ཆེན་པོས་བོད་ཡིག་གི་ཕབ་འཇུག་མཉེན་ཆས་སྟོན་པ་མཐོང་བར་བརྟེན་བོད་ཤེས་རྟོགས་བྱེད་པའི་འདུན་པ་ལྷག་པར་འཕེལ་ཞིང་། ཁོང་ཧྥ་རན་སེར་ལོག་རྗེས་ལྟ་སྟངས་གསར་པའི་ཐོག་ནས་བོད་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཞིབ་དཔྱད་བྱེད་འགོ་ཚུགས། བུ་ཆེ་བའི་རོགས་རམ་ལ་བརྟེན་ཏེ་བོད་ཀྱི་ཚད་ལྡན་ཡིག་ཆ་འབོར་ཆེན་བལྟས་ནས《ཏཱ་ལའི་བླ་མ། སྒོམ་སྒྲུབ་བྱེད་སྟངས་དེ་ལྟར་ཨེ་ཡིན》ཞེས་པའི་དེབ་ཅིག་བྲིས་ནས་བཏོན།
དེ་ནི་ཁོང་གིས་བྲིས་པའི་བོད་ཀྱི་བརྩམས་ཆོས་དང་པོ་ཡིན་ཞིང་། དེའི་ནང་ཝུའེ་ཝ་སི་ཡིས་བོད་དུ་མཐོང་ཐོས་མྱོང་གསུམ་བྱུང་བ་དག་ཇི་བཞིན་བཀོད་པ་མ་ཟད། ལོ་རྒྱུས་དང་དངོས་ཡོད་མང་པོའི་ཐོག་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་ཞི་བདེ་དང“བཟོད་སྒོམ”གྱི་ཕྱི་གོས་འོག་གི་གནས་ཚུལ་ཐེར་འདོན་བྱས་རྐྱེན་ཧྥ་རན་སེར་དེབ་འདི་བཏོན་མ་ཐག་གཞན་གྱི་སྐྱོན་བརྗོད་དང་མཐའ་ན་ཁ་རྡུང་དང་འཇིགས་སྐུལ་ཡང་ཕོག་མོད། འོན་ཀྱང་ཁོང་གིས་དེབ་གསར་པ་དེ་མ་བཏོན་གོང་ནས་དེ་ལྟར་ཡོང་ངེས་ཀྱི་བསམ་བློ་སྔོན་ལ་བཏང་ཟིན་ཞེས་བཤད།
འདི་ལོའི་ལོ་སྟོད་ཙམ་ལ། གསར་འགོད་པར་ཝུའེ་ཝ་སི་ཡིས་དེ་དུས་ཀྱི་དྲང་གཞག་མེད་པའི་སྐོར་གླེང་སྐབས། ལོ་ ༧༣ ལ་སླེབས་པའི་ཝུའེ་ཝ་སིས་ཁོང་ཁྲོ་ཆེན་པོ་བྱེད་ཅིང་། ཁོང་གིས་ངས་དེབ་ནང་བཀོད་པ་ཚང་མ་མིག་མཐོང་ལག་ཟིན་ཤ་སྟག་ཡིན་ལ་ངས་ཕྱིར་དྲན་བྱས་པ་དག་ཏཱ་ལ་རང་ཉིད་ཀྱི་གཏམ་སྤྱོད་ཡིན་པས་བྱ་བ་ཚང་མར་དོན་དངོས་དྲངས་ནས་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་ཡོད་ལ་སྐད་ཆ་ཚང་མར་གཞི་འཛིན་ས་ཡོད་པ།དེའི་དམིགས་ཡུལ་ནི་བོད་ཇི་མ་ཇི་བཞིན་སྟོན་རྒྱུ་དེ་ཡིན། གཞན་ཞིག་ནས་བཤད་ན། ངའི་དེབ་ནང་བཀོད་པ་བདེན་པ་བསྙོན་མེད་ཡིན་པས་སུ་ལའང་སྐྲག་གི་མི་འདུག་ཅེས་བཤད།
ཟླ་བ་འགའ་ལས་མ་ཕྱིན་པར་དེབ་གསར་པ་དེ་དོན་པ་དང་། དེའི་ནང་ཝུའེ་ཝ་སི་ཡིས《ཏཱ་ལའི་བླ་མས། སྒོམ་སྒྲུབ་བྱེད་སྟངས་དེ་ལྟར་ཨེ་ཡིན》དཔེ་སྐྲུན་བྱུང་རྗེས་ཀྱི་མྱོང་ཚུལ་དྲངས་ནས“སྔོན་གོམས་གཙོར་བཟུང”དང་མཐའ་ན་དགྲར་འཛིན་པའི་ཁོར་ཡུག་ཁྲོད་བདེན་པ་བརྗོད་རྒྱུ་དེ་ཤིན་ཏུ་དཀའ་བ་བཤད་ཡོད། གཞན་ཡང་ཆོས་སྲིད་ལོགས་སུ་དབྱེ་བའི་སྐོར་གླེང་ནས་ཆོས་ལུགས་ཅི་འདྲ་ཞིག་ཡིན་རུང་སྲིད་དོན་ལ་ཐེ་ཇུས་བྱེད་མི་རུང་བ་སོགས་ནན་བཤད་བྱས་ཡོད། དེབ་དེ་སྔོན་ལ་ཀྲུང་གོ་དཔེ་སྐྲུན་ཁང་ལ་སྤྲད་དེ་དཔེ་སྐྲུན་བྱས་པའི་ཐད། ཁོང་གིས་དེ་ནི་ཀྲུང་གོ་བས་ཧྥ་རན་སེར་གྲོགས་པོ་དངོས་གནས་ཡོད་པ་ཤེས་སུ་འཇུག་རྒྱུ་དང་ཆབས་ཅིག་ནུབ་ཕྱོགས་ལ་ཀྲུང་གོ་ནི་དགྲ་བོ་མིན་པ་གསལ་སྟོན་བྱ་ཆེད་ཡིན་ཞེས་བཤད།
ཝུའེ་ཝ་སི་སྔོན་མ་སྦྲག་བསྐུར་ཐུམ་སྒྲིལ་བགོ་མཁན་བྱེད་མྱོང་། ཁོང་གི་བརྩམས་སྒྲུང་དང་པོ་དེ་ ༡༩༩༧ ལོར་བཏོན་པ་དང་དེའི་ནང་སྦྲག་ཏར་ལས་མིའི་འཚོ་བ་བརྗོད་ཡོད། ད་ཆ་ཁོང་གིས་དེབ་ ༡༨ བཏོན་ནའང་ད་དུང་རྩོམ་འབྲིའི་ལས་ལ་གཞོལ་བཞིན་ཡོད། ཝུའེ་ཝ་སིས“རྩོམ་འབྲི་རྒྱུ་ནི་ངའི་དགའ་མོས་དང་སྤྲོ་སྣང་ཞིག་ཡིན། བརྟག་དཔྱད་ཀྱི་ངོ་བོ་ལྡན་པའི་རྩོམ་བྲིས་སྐབས་རྙོག་དྲ་ཆེན་པོ་འདུག་ཀྱང་བདེན་པ་བདེན་ཐུབ་བརྗོད་འདོད་པ་ཡིན”ཞེས་བཤད་ཅིང་། ཁོང་གིས་ཤེས་ཡོན་ཅན་གྱི་འགན་འཁྲི་ནི་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་ཐོག་ནས་ཕན་ཚུན་བསམ་ཤེས་དང་དགའ་གཅེས་ཡོང་བ་བྱེད་པ་དང་། དོན་དམ་པའི་དཔའ་ངར་ཅན་ནི་བདེན་དོན་བཙལ་ནས་ཤོད་རྒྱུ་དེ་ཡིན་པ་ལས་མི་ཤེས་རྨོངས་པའི་ངང་དཀྲོག་གཏམ་འགྲེམས་རྒྱུ་དེ་མིན། གང་ལགས་ཤེ་ན། དཀྲོག་གཏམ་གྱིས་འཁོན་འཛིན་བཟོ་བ་དང་ཞི་བདེར་གནོད་པས་ཡིན་ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༩ ཚེས་ ༡ ཉིན༽
༡༨༽ མཚོ་སྔོན་གྱི་ཡུལ་སྐོར་དང་གནམ་ཐང་སྡེ་ཚན་ནས་སྤེལ་བའི་གནས་ཚུལ། ས་མཐོའི་གནའ་གྲོང་ཟི་ལིང་གིས་ལོ་མཇུག་ཏུ་ཧོང་ཀོང་དུ་གནམ་གྲུང་ཐད་གཏོང་གི་མཁའ་ལམ་གཏོད་རྒྱུ་ཡིན་པ་དང་། འཕུར་སྐྱོད་དུས་ཚོད་ཆུ་ཚོད་ ༣ ཡིན་པ་རེད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཧོང་ཀོང་ནི་མཚོ་སྔོན་དུ་ཡུལ་སྐོར་དུ་ཡོང་མཁན་གལ་ཆེན་ཞིག་ཡིན་ཞིང་། འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་གྲང་འདམ་ར་དང་། རྩྭ་ཐང་། འཛམ་གླིང་ཐོག་གི་སྤྱི་གནོད་མེད་པའི་ས་གཙང་ཁུལ་བཅས་ནི་རང་རྒྱལ་གྱི་ལྷོ་རྒྱུད་ཁུལ་གྱི་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་པའི་གནས་ཤིག་རེད། དེ་སྔོན་ཧོང་ཀོང་གི་ཡུལ་སྐོར་བ་ཚོ་མཚོ་སྔོན་ཞིང་ཆེན་དུ་ཡོང་སྐབས་གནམ་གྲུ་བརྗེ་དགོས་ཀྱི་ཡོད་པ་དང་། རྟག་ཏུ་ཆུ་ཚོད་ ༡༠ ཙམ་འགོར་གྱི་ཡོད། ད་རེས་ཐད་འཕུར་མཁའ་ལམ་གཏོད་པ་དེས་ཡུལ་སྐོར་བ་ཚོའི་དུས་ཚོད་གྲོན་ཆུང་ཆེན་པོ་ཐུབ་ནས་ཡུལ་སྐོར་དང་རོལ་རྩེད་ཀྱི་དུས་ཚོད་དེ་བས་མང་བ་ཞིག་ཐོབ་རྒྱུ་ཡིན་པ་རེད།
མཚོ་སྔོན་གནམ་ཐང་ཀུང་སིའི་སྤྱི་ཁྱབ་འགན་འཛིན་ཝུའེ་པོ་ཕིང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་དུ་ཡོང་མཁན་གྱི་ཡུལ་སྐོར་བ་གློ་བུར་དུ་མང་དུ་ཕྱིན་པ་དང་ཆབས་ཅིག་ཟི་ལིང་གནམ་ཐང་དེ་རྒྱལ་ནང་གནམ་ཐང་གི་ཡུལ་སྐོར་ལྟེ་གནས་གལ་ཆེན་དུ་གྱུར་ཡོད། གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་མཁའ་ལམ་རྒྱ་བསྐྱེད་མྱུར་པོ་ཕྱིན་ཞིང་། ད་ཆ་རྒྱལ་ནང་གི་མཁའ་ལམ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་སུ་ཤར་གཏོང་ཐུབ་པ་མ་ཟད། ཕྱི་རྒྱལ་གྱི་མཁའ་ལམ་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་རྒྱུ་རེད་ཅེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིནརེའི་ཚགས་པར་ནས། ཟླ་ ༩ ཚེས་ ༡ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༩ ཚེས་ ༡ ཉིན།