སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་རྒྱང་ཚོར་དང་སྣོད་བཅུད་དཔྱད་དཔོག་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ལིའུ་པའོ་ཁང་ཞེས་པས་སྲུང་སྐར་ལྟ་ཞིབ་ཚད་ལེན་གྲངས་གཞིའི་ཐོག་མིག་སྔའི་མཚོ་སྔོན་པོའི་སྤྱིའི་རྒྱ་ཁྱོན་ཀེ་ལི་སྨི་ཊ་ངོས་གྲུ་ ༤༤༣༢±༣༢ ཟིན་པ་མངོན་ཡོད་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཀེ་ལོ་སྨི་ཊ་ངོས་གྲུ་ ༤༩±༨༤ ཆེ་རུ་ཕྱིན་འདུག་ཅེས་ངོ་སྤྲོད་བྱས་པ་རེད།“ལོ་རེའི་དུས་མཚུངས་སྐབས་ཀྱི་རྒྱ་ཁྱོན་འཕར་ཚད་དང་བསྡུར་ན་འདི་ལོའི་མཚོ་སྔོན་པོའི་རྒྱ་ཁྱོན་ནི་ ༢༠༠༡ ལོར་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆེ་ཤོས་ཡིན”ཞེས་ལིའུ་པའོ་ཁང་གིས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་ནི་ ༢༠༡༡ ལོ་ཚུན་དུ་མཚོ་སྔོན་པོའི་ཆུ་གནས་མུ་མཐུད་མཐོ་རུ་ཕྱིན་པའི་རིམ་གསོག་ནུས་པ་ཡིན་ལ། ལོ་སྔོན་མ་དག་གི་དུས་མཚུངས་དང་བསྡུར་ན་འདི་ལོར་མཚོ་སྔོན་པོའི་མཐའ་འཁོར་གྱི་ཐེམ་ཆེན་དང་། རྐང་ཚ། གསེར་ཆེན་བཅས་རྫོང་གསུམ་དུ་ཟླ་ ༥ ནས་ ༧ བར་ཆར་ཆུ་མང་བའི་ཁར་དྲོད་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་རྐྱེན་གངས་འཁྱག་མང་པོ་བཞུར་ནས་མཚོ་སྔོན་པོར་བཞུར་པས་མཚོ་ཁྱོན་ཆེ་རུ་ཕྱིན་པ་རེད་ཅེས་དང་།
གཞན་ཡང་ལོ་ ༡༠ ཙམ་རིང་རྒྱལ་ཁབ་ཀྱིས་མཚོ་སྔོན་པོའི་རྒྱུད་དུ་རྨོ་བསྐྱུར་ནགས་གསོ་དང་ཕྱུགས་བཀག་རྩྭ་གསོ་སོགས་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱས་རྐྱེན་མཚོ་སྔོན་པོའི་མཐའ་འཁོར་གྱི་སྔོ་ཁེབས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ས་ངོས་བཞུར་རྒྱུག་ཚད་ཉུང་དུ་ནུས་ལྡན་ཕྱིན་པ་ཡང་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༥ ཉིན༽
༢༽ ཟླ་ ༩ ཚེས་ ༦ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ནས། དེང་རབས་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་པ་དང་། མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་ནུས་ལྡན་ཐུབ་ཡོད་ཅེས་འཁོད་འདུག
ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ ༡༩༦༥ ལོའི་སྒོར་དུང་ཕྱུར་ ༣±༢༧ ནས་ ༢༠༡༤ ལོའི་སྒོར་དུང་ཕྱུར་ ༩༢༠±༨ བར་འཕར་ནས་ལྡབ་ ༢༨༡ འཕར་ཡོད། ༡༩༩༤ ལོ་ཚུན་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ ༢༠ བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ལོ་རེར་ཆ་སྙོམས་འཕར་ཚད་ ༡༢±༤% ཟིན་ཡོད། ༡༩༦༥ ལོའི་བོད་ཀྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་ཁྲི་ ༢༢༣༩ ལས་མ་ཟིན་པ་དང་། ༢༠༡༤ ལོར་སྒོར་དུང་ཕྱུར་ ༡༦༤±༧༥ ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་ ༡༤±༤% ཟིན་ཏེ་རང་ངོས་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་ཡོད། ལྗོངས་ཡོངས་ཀྱི་བཟོ་ལས་གནས་འཕར་རིན་ཐང་ ༡༩༦༥ ལོའི་སྒོར་དུང་ཕྱུར་ ༠±༠༩ ནས་ ༢༠༡༤ ལོའི་སྒོར་དུང་ཕྱུར་ ༦༦±༡༦ བར་འཕར་ནས་ལྡབ་ ༧༣༥ འཕར་ཡོད་ཚུལ་སོགས་འཁོད། རྒྱབ་ཤ་དཀར་པོའི་དེབ་ནང་། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གཙོ་བོ་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྩ་བའི་ཆ་ནས་ཆགས་ཏེ་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ལྷ་སས་ལྟེ་བ་བྱེད་པ་དང་། ཤར་སི་ཁྲོན་དང་ཡུན་ནན་སྦྲེལ་བ། ནུབ་ཤིན་ཅང་དང་སྦྲེལ་བ། བྱང་མཚོ་སྔོན་དང་སྦྲེལ་བ། ལྷོ་རྒྱ་གར་དང་ནེ་པ་ལ་དང་སྦྲེལ་བ་བཅས་དང་། ས་ཁུལ་དང་གྲོང་ཁྱེར་ཕན་ཚུལ་སྦྲེལ་བ། རྫོང་དང་ཤང་སྦྲེལ་བའི་གཞུང་ལམ་གྱི་འགྲིམ་འགྲུལ་དྲ་རྒྱ་ཞིག་རྩ་བའི་ཆ་ནས་བསྐྲུན་ཡོད། ༢༠༡༤ ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་ ༧±༥ ཟིན་པ་དང་རིམ་མཐོ་ཕལ་པ་ཡན་གྱི་གཞུང་ལམ་ཀེ་ལོ་སྨི་ཊ་ ༨༨༩༡ ཟིན་པ་དེས་ ༡༢±༦% བཟུང་ཡོད། ལྗོངས་ཡོངས་ཀྱི་རྫོང་ ༧༤ (ཆུས)ནང་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་ ༦༥ ཡོད་པ་དེས་ ༨༨% བཟུང་ཡོད། ཤང་གྲོང་ ༦༩༠ རུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ལམ་ཤར་གཏོང་ཐུབ་ཚད་ ༩༧±༧% ཟིན་ཡོད། སྲིད་འཛིན་གྲོང་ཚོ་ ༥༤༠༨ ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་གཞུང་ལམ་ཤར་གཏོང་ཐུབ་ཚད་ ༩༩±༢% ཟིན་ཡོད། གོར་མོ་ནས་ལྷ་ས་བར་དང་ལྷ་ས་ནས་གཞིས་རྩེ་བར་མེ་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་ཡོད། བོད་ལྗོངས་མཁའ་འགྲུལ་ཀུང་སི་བཙུགས་པ་དང་ལྗོངས་ནང་ཁུལ་དུ་གནམ་ཐང་ ༥ ཡོད་པས། མཁའ་འགྲུལ་ཀུང་སི་ ༨ ཀྱིས་བོད་དུ་སྐྱེལ་འདྲེན་ལས་གཉེར་བྱེད་པ། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་ ༤༨ བཏོད་པ། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་ ༣༣ ཟིན་པ་བཅས་ལྷ་ས་གོང་དཀར་གནམ་ཐང་གིས་ལྟེ་བ་དང་ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་ཞི་བདེའི་གནམ་ཐང་བཅས་ཀྱི་དམངས་སྤྱོད་གནམ་ཐང་གི་དྲ་བ་ཆེན་པོ་ ༥ ཆགས་ཡོད་ཅེས་འཁོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་ཆེད་བོད་ཀྱིས་ ༢༠༠༦ ལོ་ནས་བཟུང་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་འབྲོག་པའི་བདེ་སྡོད་ལས་གཞི་ལག་བསྟར་བྱ་རྒྱུ་བཏོན་ནས། ༢༠༡༣ ལོར་སླེབས་སྐབས་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་ ༢༧༨ བཏང་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་ ༤༦±༠༣ གྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས། ཞིང་འབྲོག་པ་མང་ཚོགས་ཁྲི་ ༢༣༠ བདེ་འཇགས་དང་སྤྱོད་སྒོ་ཆེ་བའི་ཁང་པའི་ནང་སྡོད་རྒྱུ་བྱུང་སྟེ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་གི་རྒྱ་ཁྱོན་སྨི་ཊ་ངོས་གྲུ་ ༣༠±༤ ཟིན་ནས་འཚོ་བའི་ཆ་རྐྱེན་ལོ་རྒྱུས་རང་བཞིན་གྱི་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཆུ་དང་། གློག ལམ། རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས“བརྒྱད་འཛོམས་ཞིང་དུད”ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། བདེ་འཇགས་ངང་ཆུ་འཐུང་བའི་ཞིང་འབྲོག་མང་ཚོགས་ཀྱི་གནད་དོན་སྤྱིར་ན་ཐག་གཅོད་བྱས་ཡོད། གྲོང་ཚོ་ཚང་མར་ཁ་པར་དང་། གྲོང་ཚོ་ཚང་མར་རླུང་འཕྲིན་དང་བརྙན་འཕྲིན། ཤང་ཚང་མར་དྲ་ཆེན་བཅས་མངོན་འགྱུར་བྱུང་བ་དང་། སྲིད་འཛིན་གྲོང་ཚོ་ ༤༥༠༠ ཡི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་ ༢༤ ཙམ་ལ་རྫབ་རླངས་དྭངས་མའི་ནུས་རྒྱུ་སྤྱོད་ཐུབ་པ་བྱུང་བ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་ཁྱབ་ཚད་ ༩༥% ཡན་ཟིན་པ་བཅས་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༧ ཉིན༽
༣༽ ཟླ་ ༩ ཚེས་ ༦ ཉིན་གྱི་ཉིན་གུང་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་སྤྱོད་གནམ་གྲུར་བསྡད་ནས་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འབྱོར་ཞིང་། བོད་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་གནམ་གྲུ་ཐང་དུ་དགའ་བསུ་ཞུ་བར་ཕེབས་པ་དང་། གནམ་གྲུ་ཐང་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་བྲོ་འཁྲབ་ཀྱིས་དགའ་བསུ་ཞུས་འདུག ཐེངས་འདིའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཕྱག་རྟགས་ ༩ བསྣམས་ཡོད་ཟེར། དེའི་ཁྲོད་ཕྱག་རྟགས་གཅིག་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན་ཚུལ་བརྗོད། དེ་ཡང་ཕྱག་རྟགས་དང་པོ། རྟེན་འབྲེལ་ཞུ་བྱང་། རྟེན་འབྲེལ་ཞུ་བྱང་གི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱག་བྲིས་“མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ་དཔར་བཏབ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས་ལ་གནང་རྒྱུ། ཕྱག་རྟགས་གཉིས་པ། བཀྲ་ཤིས་གོས་དར། བཀྲ་ཤིས་གོས་དར་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱག་བྲིས་གནང་བའི“མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ་དཔར་བཏབ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ལས་ཁུངས་ལ་གནང་རྒྱུ། ཕྱག་རྟགས་གསུམ་པ། གཙོ་འཛིན་གྱི་སྐུ་པར། མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིན། ཅང་ཙེ་རྨིན། ཧུའུ་ཅིན་ཐའོ། ཞིས་ཅིན་ཕིང་བཅས་གཙོ་འཛིན་ལྔའི་ལྷན་བཞུགས་སྐུ་པར་བྲིས་མ། བོད་ལྗོངས་ཀྱི་ལས་ཁུངས་ཁག་དང་དགོན་པ་ཁག་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གནང་རྒྱུ། ཕྱག་རྟགས་བཞི་པ། འཁྱེར་བདེ་བའི་ཉི་ནུས་བརྙན་འཕྲིན། གློག་མེད་པའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་གནང་རྒྱུ། ཕྱག་རྟགས་ལྔ་པ། གློག་སྒུལ་ཇ་སྲུབ་འཕྲུལ་ཆས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གནང་རྒྱུ། ཕྱག་རྟགས་དྲུག་པ། གསོལ་ཇའི་ཞལ་དཀར། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གནང་རྒྱུ། ཕྱག་རྟགས་བདུན་པ། དྲན་རྟེན་བཏུང་སྣོད། ལས་བྱེད་པ་དང་ལས་བཟོ་པ་དང་། ལས་ཁྱུར་ངལ་གསོའི་མི་སྣ། བོད་སྡོད་དཔོན་དམག་བཅས་ལ་གནང་རྒྱུ། ཕྱག་རྟགས་བརྒྱད་པ། ཚོན་ལྡན་གཡུ་རྩིའི་བདེ་འཁོད་བུམ་པ། ཞི་མཐུན་དཔེ་བཟང་དགོན་པར་གནང་རྒྱུ། ཕྱག་རྟགས་དགུ་པ། རིན་ཐང་བྲལ་བའི་ནོར་བུ། འདི་ནི་ཕྱག་རྟགས་ཡོངས་ནང་གལ་ཆེ་ཤོས་དང་རྩ་ཆེ་ཤོས་ཀྱི་ཕྱག་རྟགས་ཤིག་ཡིན་པ་སྟེ། ཏང་ཀྲུང་དབྱང་གི་བྱམས་བརྩེ་ལྡན་པའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་ཡིན་ཞིང་། འདི་ནི་བོད་ལྗོངས་ཀྱི་ལས་ཁུངས་དང་། དགོན་སྡེ། གྲོང་ཚོ། འབྲོག་ར། ཚོང་ཁང་། བོད་ལྗོངས་མི་དམངས་བཅས་ཡོངས་རྫོགས་ལ་གནང་རྒྱུ་རེད།
ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ནི་ཀྲུང་དབྱང་རྒྱལ་ཁབ་ཀྱི་ལས་ཁུངས་ ༣༨ དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ ༡༧ ལས་གྲུབ་པ་ཡིན་ཞིང་། ཁྱོན་བསྡོམས་ཁོངས་མི་ ༦༥ ཡོད་པ་དང་། དེའི་ཁྲོད་ཚོགས་གཙོ་གཞོན་པའི་གྲས་སུ་ལིའུ་ཡན་ཏུང་དང་། སུན་ཁྲོན་ལན། ཏུའུ་ཆིན་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། ཀྲང་དབྱང་བཅས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ་ནས། ཟླ་ ༩ ཚེས་ ༧ ཉིན༽
༤༽ ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ“ཀྲུང་གོའི་ཕུགས་འདུན་འགྲུབ། བོད་ཀྱི་ངོ་མཚར་བཏོད་པའི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན”དེ་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཏུའུ་ཆིང་ལིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་ཡང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་བཅས་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་སྐོར་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༨ ཉིན༽
༥༽ ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གཙུག་ལག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་བཀྲ་ཤིས་གོས་དར་དང་གཡུ་རྩིའི་དུས་བདེའི་བུམ་པ་གནང་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་གནང་། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༨ ཉིན༽
༦༽ ཟླ་ ༩ ཚེས་ ༨ ཉིན། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་ ༢ ལྷག་ཙམ་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ཏེ་སྤྲོ་སེམས་འཁོལ་བའི་ངང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བར་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་ཐོག“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་ཕྱག་བྲིས་བསྟར་མ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། ཡུས་ཀྲེང་ཧྲེང་གིས་ མི་ལོ་ ༥༠ ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་སྒྱུར་བཀོད་གོང་འཕེལ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ལྷོད་མེད་བྱེད་པའི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་མཛད་རྗེས་ཆེན་པོ་བཞག་ཡོད། ་་་་་་་་་ དེ་ཡང་ཁོང་གིས་དོན་ཚན་བཞིའི་སྟེང་ཤུགས་བརྒྱག་དགོས་ཚུལ་བརྗོད་དེ་དང་པོ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གཉིས་པ། ཁྲིམས་ལྟར་བོད་སྐྱོང་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། གསུམ་པ། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བཞི་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༩ ཉིན༽
༧༽ ཟླ་ ༩ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་དེང་སྐབས་ཀྱི་ལས་འགན་ཨང་དང་པོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་གཞིར་བཟུང་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་རེད་ཅེས་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༡༠ ཉིན༽
༨༽ ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཟླ་འདིའི་ཚེས་ ༩ ཉིན་གྱི་སྔ་དྲོ་སྟག་རྩེ་རྫོང་དུ་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁ་ཤས་ཀྱི་སྣེ་འཁྲིད་དེ་མཛད་སྒོར་ཞུགས་པ་མ་ཟད་གཞུང་ལམ་ཤར་གཏོང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་ནི་བོད་ཤར་ནས་བོད་དབུས་སུ་ཤར་གཏོང་ཐུབ་པའི་ལམ་གལ་ཆེན་ཞིག་ཡིན་ལ་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་འདི་ ༢༠༡༣ ལོར་འགོ་ཚུགས་པ་དང་། ལམ་སྤྱིའི་རིང་ཚད་ལ་ཀེ་ལོ་སྨི་ཊ་ ༤༠༠ ཡོད་པ། ཚོད་རྩིས་བྱས་ན་འགྱུར་མེད་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་ ༣༨༠ ཟིན། དེ་རིང་ཤར་གཏོང་ཐུབ་པ་ནི་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་ཀོང་པོ་རྒྱ་མདའ་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ལམ་དུམ་གཉིས་རེད། སྔོན་དཔག་ལྟར་ན། ལམ་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲོ་སྐྱོད་དུས་ཚོད་ཐུང་དུ་ཆེས་ཆེར་གཏོང་ཐུབ་པ་དང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་མགྱོགས་མྱུར་འགྲོ་བ། གཞུང་ལམ་རྒྱུད་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། མཐའ་མཚམས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༡༠ ཉིན༽
༩༽ གཞི་གྲངས་ཆེ་གྲས་བཅུ་ཡི་ཐོག་ནས་བོད་ཀྱི་ལོ་ ༥༠ ཡི་འགྱུར་ལྡོག་ཆེན་པོ་མཚོན་པ། དེ་ཡང་གཞི་གྲངས་དང་པོ། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལྡབ་ ༦༨±༥ འཕར་བ། གཞི་གྲངས་གསུམ་པ། ས་གནས་ནོར་སྲིད་ཡོང་འབབ་ཀྱིས་GDP ༡༣±༥%བཟུང་བ། གཞི་གྲངས་བཞི་པ། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ ༡༥༠ ཟིན་པ། གཞི་གྲངས་ལྔ་པ། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་ཀེ་ལོ་སྨི་ཊ་ཁྲི་ ༧±༥ ཟིན་པ། གཞི་གྲངས་དྲུག་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ ༡༠༧༣༠ ཟིན་པ། གཞི་གྲངས་བདུན་པ། ཞིང་འབྲོག་མང་ཚོགས་འབུམ་ ༢༣ ཡི་ཁང་པ་གསར་པར་སྡོད་པའི་ཕུགས་འདུན་གྲུབ་པ། གཞི་གྲངས་བརྒྱད་པ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་ ༦༨±༢ བར་རིང་དུ་ཕྱིན་པ། གཞི་གྲངས་དགུ་པ། སྲུང་སྐྱོང་ཁུལ་གྱིས་བོད་ཀྱི་གཞུང་ཁོངས་ས་ཆའི་རྒྱ་ཁྱོན་གྱི་ ༣༤±༥% བཟུང་བ། གཞི་གྲངས་བཅུ་པ། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་འབུམ་ ༡༥༠ ལས་བརྒལ་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༡༡ ཉིན༽
༡༠༽ ཟླ་ ༩ ཚེས་ ༡༠ ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་མི་འགའ་ཤས་ཀྱི་སྣེ་ཁྲིད་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཕེབས་ནས་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་གཟིགས་གནང་།
ཡུས་ཀྲེང་ཧྲེང་སོགས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་། བོད་སྐྱོར་ལས་བྱེད་པ། ལས་བྱེད་པ་རྒན་གྲས། མང་ཚོགས་ཀྱི་འཐུས་ཚབ་བཅས་ལ་མཇལ་འཕྲད་གནང་བ་དང་དྲན་རྟེན་གྱི་མཉམ་པར་བསྐྱོན་པ་མ་ཟད། གཞིས་ཀ་རྩེ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་གནང་བའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་མཛའ་བརྩེ་ལྡན་པའི་འཚམས་འདྲི་གནང་བ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༡༡ ཉིན༽
༡༡༽ ཟླ་ ༩ ཚེས་ ༡༢ ཉིན་ལྷ་སར་འཚོགས་པའི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་དམངས་སྤྱོད་མཁའ་འགྲུལ་བོད་ལ་ཤར་གཏོང་ཐུབ་ནས་ལོ་ ༥༠ འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གྲོས་མོལ་སྐོར་གྱི་ཟིན་བྲིས་གནད་བསྡུས》བཞག་པ་དང་། ཕྱོགས་གཉིས་པོས་མཁའ་ལམ་གསར་གཏོད་དང་། མ་དངུལ་རོགས་སྐྱོར། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
གྲོས་མོལ་གྱི་ཟིན་བྲིས་གནད་བསྡུས་ཀྱི་སྙིང་དོན་གཞིར་བཟུང་འབྲེལ་ཡོད་ཕྱོགས་ཀྱིས་སྔར་བས་གཟིགས་སྐྱོང་གི་རོགས་སྐྱོར་སྲིད་ཇུས་ལག་ལེན་བསྟར་ནས་ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་མཁའ་ལམ་ཤར་གཏོང་བྱེད་པ་དང་། བོད་ལྗོངས་ཁུལ་ནང་གི་གནམ་ཐང་ནས་ཞིང་ཆེན་ཁག་གི་ལྟེ་བའི་གྲོང་ཁྱེར་ཁག་དབར་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། པེ་ཅིང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་དབར་གྱི་མཁའ་ལམ་དང་དུས་གཏན་གནམ་གྲུ་ཤར་གཏོང་བྱེད་པར་ལྕག་སྐུལ་བྱེད་པ། མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་བར་གྱི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་དང་མཁའ་ལམ་གསར་གཏོད་ལ་ལྕག་སྐུལ་བཅས་བྱས་ནས་བོད་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བར་སྔར་བས་སྐུལ་མ་གཏོང་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༡༤ ཉིན༽
༡༢༽ མིག་སྔར་མཚོ་སྔོན་ཞིང་ཆེན་ལ་A5 རིམ་པའི་མཛེས་ལྗོངས་ཁུལ་གཉིས་ཡོད་པ་སྟེ། མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་གཉིས་རེད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་ངོ་སྤྲོད་བྱས་པར། མཚོ་སྔོན་གྱིས་ ༢༠༡༥ ལོའི་ལོ་མཇུག་ཏུ་གསེར་དངུལ་ཐང་རྡུལ་ཕྲན་གྲོང་དུ་A5 རིམ་པའི་མཛེས་ལྗོངས་ཁུལ་སྐྲུན་པའི་ཇུས་གཞི་ལེགས་སྒྲུབ་བྱ་རྒྱུ་དང་། ཟི་ལིང་གི་རྟེན་རྫས་བཤམས་མཛོད་ཁང་དང་ཆི་ལན་མཛེས་ལྗོངས་སོགས་A5 རིམ་པའི་མཛེས་ལྗོངས་ཁུལ་སྐྲུན་རྒྱུ་ཡིན་ཞིང་། ༢༠༡༦ ལོའི་ལོ་མཇུག་གོང་དགོན་ལུང་ཧོར་རིགས་ཕ་ཡུལ་གླིང་དུ་A5 རིམ་པའི་མཛེས་ལྗོངས་ཁུལ་སྐྲུན་རྒྱུ་ལེགས་གྲུབ་བྱ་རྒྱུ་དང་འབྲེལ་ཚ་ཁ་མཚོར་A5 མཛེས་ལྗོངས་ཁུལ་སྐྲུན་རྒྱུ་ཡིན་པ་རེད།
༢༠༢༠ ལོར་གསེར་དངུལ་ཐང་ནས་རྡུལ་ཕྲན་གྲོང་དང་། ཟི་ལིང་གི་རྟེན་རྫས་བཤམས་མཛོད་ཁང་ཚོགས། ཆི་ལིན་མཛེས་ལྗོངས། དགོན་ལུང་ཧོར་རིགས་ཀྱི་ཕ་ཡུལ་གླིང་། ཚ་ཁ་མཚོ་བཅས་A5 རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་ཡིན་པ་དང་། མཚོ་སྔོན་གྱིས་སྒོར་དུང་ཕྱུར་ ༡༤༠༠ ལྷག་ཙམ་བཏང་ནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༡༤ ཉིན༽
༡༣༽ ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢ ཙམ་ལ་སྐྱེ་ཁུངས་མཚོ་སྔོན་ནས་ཡིན་པའི་དྲག་ཆས་ཉེན་རྟོག་མཐའ་སྲུང་གི་དམག་གསར་ ༡༠༠ ཡིས་མེ་འཁོར་གཏོང་ཐེངས་ Z6801 ལ་བསྡད་དེ་ལྷ་ས་མེ་འཁོར་བབས་ཚུགས་སུ་འབྱོར་བ་ལས། འདི་ལོའི་བོད་ཀྱི་དམག་གསར་ཁག་དང་པོ་བདེ་བླག་ངང་བོད་དུ་འབྱོར་བ་མཚོན་གྱི་ཡོད་ཟེར། ཤེས་རྟོགས་བྱས་པར་གཞིགས་ན། རྗེས་མའི་གཟའ་འཁོར་གཅིག་ནང་མཚོ་སྔོན་དང་། ཡུན་ནན། ཧྲའན་ཤིས། བོད་རང་སྐྱོང་ལྗོངས་ས་ཆ་འདི་ག་བཅས་ཀྱི་མཐའ་སྲུང་དམག་གསར་༥༠༠ ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་འབྱོར་ནས་དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྦྱོང་བརྡར་རྟེན་གཞིར་དུས་ཡུན་ཟླ་ ༣ རིང་གི་སྦྱོང་བརྡར་བྱས་རྗེས། ཀེ་ལོ་སྨི་ཊ་ ༨༠༠༠ གི་མཐའ་མཚམས་སུ་མཐའ་མཚམས་དང་རྒྱལ་ཁབ་སྲུང་བར་བསྐྱོད་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༩ ཚེས་ ༡༥ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༩ ཚེས་ ༡༥ ཉིན།