སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ཚེས་ ༡༦ ཉིན་ནས་ཚེས་ ༣༠ ཉིན་བར།
༡༽ ཟླ་ ༩ ཚེས་ ༡༣ ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་མོང་གོར་རྒྱལ་ཁབ་ལ་ཉིན་གསུམ་གྱི་འཚམས་འདྲི་མཇུག་སྒྲིལ་བ་དང་། སྤེལ་རེས་ཚོགས་པ་དང་མོང་གོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་འབྲེལ་ཡོད་ཆེད་མཁས་པ་དང་ས་གནས་དེ་གའི་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་མི་སྣ་བར་སྤེལ་རེས་གཏིང་ཟབ་བྱས་ནས། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་དང་། དམངས་འཚོ་ལེགས་བཅོས། རིག་གནས་རྒྱུད་འཛིན་སོགས་ཕྱོགས་ཁག་གི་གནས་ཚུལ་ངོ་སྤྲོད་བྱས་ཡོད། དེའི་གོང་། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སྤྱི་ཟླ་ ༩ ཚེས་ ༦ ཉིན་ནས་ཚེས་ ༡༠ ཉིན་བར་ཨུ་རུ་སུ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་། ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣ་བར་སྤེལ་རེས་གཏིང་ཟབ་བྱས་ནས། ཁོང་ཚོར་ཀྲུང་གོའི་བོད་ལྗོངས་དང་བོད་ཁུལ་གྱི་དཔལ་འབྱོར། དེ་བཞིན་སྤྱི་ཚོགས་རིག་གནས་གོང་འཕེལ་དང་ཆོས་ལུགས་དད་མོས་གནས་ཚུལ་སོགས་ངོ་སྤྲོད་བྱས་ཡོད་པས། ཕན་འབྲས་ཡང་བཟང་པོ་ཐོན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ནས། ཟླ་ ༩ ཚེས་ ༡༥ ཉིན༽
༢༽ ཟླ་ ༩ ཚེས་ ༡༣ ཉིན་གྱི་སྔ་དྲོ། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བདུན་པ་ལྷ་སར་སྐོང་ཚོགས་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པ”ཚུན་གྱི་ཆུ་བེད་བོད་སྐྱོར་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་བོད་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༡༦ ཉིན༽
༣༽ ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོར“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱིས་སི་ཁྲོན་རྔ་བ་ནས་ཡིན་པའི་ཁག་དང་པོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་ ༨༧ དང་ཁོང་ཚོའི་ཁྱིམ་མི་ ༢༠༠ ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཁྲེང་ཏུའུ་ནས་མེ་འཁོར་བསྡད་དེ་པེ་ཅིང་དུ་རིན་མི་དགོས་པའི་སྨན་བཅོས་བྱེད་པར་བསྐྱོད་པ་རེད།
ཟླ་ ༧ པར“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱིས་རྒྱལ་ཡོངས་ཀྱི་སྨན་དོན་དང་བླངས་པ་ ༨༠༠ ཙམ་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་རྔ་བ་ཁུལ་དུ་འོས་འགན་སྨན་བཅོས་དང་ལྷན་སྐྱེས་སྙིང་ནད་ཞིབ་བཤེར་བྱེད་སྒོ་ཆེ་གྲས་སྤེལ་བར་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་ ༡༠༠ ལྷག་ཙམ་གཏན་འཁེལ་རགས་ཙམ་བྱས་ཞིང་། དེའི་ནང་མང་ཆེ་བ་ནི་ན་སོ་དར་ལ་མ་བབས་པའི་མི་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཚེས་ ༡༢ ཉིན་པེ་ཅིང་དུ་འབྱོར་རྗེས། ནད་པ་ ༨༧ ལ་ཚེས་ ༢༥ ཉིན་གྱི་གོང་དུ་པེ་ཅིང་གི་སྨན་ཁང་ཆེ་གྲས་ཁག་ཏུ་བརྟག་དཔྱད་བྱས་ནས་གཤགས་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་ནད་པ་ཚོར་མགྱོགས་མྱུར་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།
ཤེས་གསལ་ལྟར་ན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་དེ་ནི་གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་མི་ཚོགས་དབུལ་པོར་སེམས་ཁུར་དང་རོགས་སྐྱོར་བྱ་རྒྱུ་ལྟེ་བར་བྱས་པའི་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་ཞིང་། ༢༠༡༥ ལོའི་བར་བྱེད་སྒོ་དེ་སི་ཁྲོན་དང་། ནང་སོག མཚོ་སྔོན། བོད་ལྗོངས་སོགས་ས་ཆར་ཁྱབ་པ་དང་། རིམ་རྩིས་བྱས་ན་དང་བླངས་པ་ཁྲི་ ༣ ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གཅེས་སེམས་ལེགས་སྐྱེས་ཕུལ་བར་མང་ཚོགས་ཁྲི་ ༣༠ ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་རྒྱུ་ཡིན་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༡༦ ཉིན༽
༤༽ ཉེ་དུས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁ་བཏགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་ཨང་དང་པོ་དེ། མཚོ་ལྷོ་ཁུལ་འབའ་རྫོང་དུ་བསྐྲུན་ཟིན་པ་དེ་ཐོག་ནས། མཚོ་སྔོན་བོད་རིགས་ས་ཁུལ་དུ་རང་ཡུལ་གྱི་ཁ་བཏགས་དང་དར་ལྕོག་ཐོན་སྐྱེད་བྱེད་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཞིང་། ས་ཁོངས་དེའི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ཆེད་ཐོན་ལས་རྣམ་གྲངས་གསར་པ་བཏོད་པ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་དུ་ཁ་བཏགས་དང་དར་ལྕོག་པར་སྐྲུན་བཟོ་གྲྭ་མེད་པའི་སྟོང་ཆ་གསབ་རྒྱུ་རེད།
བཟོ་གྲྭ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཞིང་ཆེན་རིམ་པའི་དབུལ་སྒྲོལ་ཐོན་ལས་གླིང་དུ་གནས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་ ༥༦༡ བཏང་ཡོད། འཁོར་ཁང་དང་ལས་སྒྲུབ་ཁང་སྨི་ཊ་ངོས་གྲུ་ ༡༥༠༠ ལྷག་ཙམ་བསྐྲུན་པ་དང་། མཛོད་འཇུག་སྒྲིག་བཀོད་སྨི་ཊ་ངོས་གྲུ་ ༥༠༠ ཡོད་པར། ངོས་སྙོམ་པོ་བཟོ་ཆས་དང་། ཁ་ཞེང་ཆེ་བའི་འཁེལ་འཐག་འཕྲུལ་འཁོར་གསར་པ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས། གཙོ་བོར་ཁ་བཏགས་སྣ་ཚོགས་དང་དར་ལྕོག་སོགས་མི་རིགས་ཀྱི་འཁེལ་འཐག་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༢༠ ཉིན༽
༥༽ སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྲོས་ཚོགས་ཟླ་ ༩ ཚེས་ ༡༩ ཉིན་ནས་ཚེས་ ༢༢ ཉིན་བར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་གི་ཧྲུའེ་མའོ་གྲོང་རྡལ་དུ་འཚོག་རྒྱུ་རེད། གྲོས་ཚོགས་འདི་ནི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་ཏེ་རྔ་བའི་ཉིན་རེའི་གསར་འགྱུར་ཁང་གིས་གཉེར་འགན་འཁུར་རྒྱུ་ཐག་བཅད་པ་རེད། གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ། བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ། རྔ་བ་ཁུལ་ཨུའི་དྲིལ་བསྒྲགས་པུའུ། རྒྱལ་ཡོངས་བོད་ཁུལ་གྱི་བོད་ཡིག་ཚགས་པར་ཁང་ཁག བོད་སྐད་རྒྱང་བསྒྲགས་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས། བོད་ཡིག་དུས་དེབ་ཁང་། བོད་ཡིག་དྲ་ཚིགས་བཅས་ཀྱི་འགན་ཁུར་བ་དང་འབྲེལ་ཡོད་ལས་སྒྲུབ་མི་སྣ་ཚོ་ཞུགས་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཚོགས་འཚོགས་རིང་བོད་ཡིག་སྨྱན་སྦྱོར་གྱི་གསར་འགྱུར་བཟང་པོ་དཔྱད་འདེམས་དང་། ཕུལ་བྱུང་དཔྱད་རྩོམ་དཔྱད་འདེམས། བོད་ཡིག་སྨྱན་སྦྱོར་གྱི་ཐ་སྙད་གསར་པ་གཅིག་གྱུར་ཚད་ལྡན་བཟོ་བ། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ལས་གཞི“རང་རྒྱལ་གྱི་བོད་སྐད་གསར་འགྱུར་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་གནད་དོན་ཞིབ་འཇུག”ཅེས་པའི་ཞིབ་འཇུག་བྱ་གཞིར་ཞིབ་གྲོས་སོགས་ཀྱི་ཚོགས་འདུ་འཚོག་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༩ ཚེས་ ༡༧ ཉིན༽
༦༽ ༢༠༡༥ ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་ ༩ པའི་ཚེས་ ༢༦ ཉིན་ནས་ ༣༠ ཉིན་བར་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་རེད། བྱེད་སྒོའི་རིང་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་ཉིན་ལྟར་ཡོད་པ་དང་། ཀོང་པོ། མོན་པ། ལྷོ་པ། སྟེང་པ་སོགས་རྫོང་ཁོངས་མི་འདྲ་བས་ཁྱད་ལྡན་དམངས་སྲོལ་རིག་གནས་འགྲེམས་སྟོན་རེས་མོས་བྱ་རྒྱུ་ཡིན་པ་རེད། དེའི་རིང་ད་དུང་ལྷོ་པའི་རྒྱན་གོས་དང་ཡིད་འོང་གི་བོད་གྲི་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ ༢༠ འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༢༡ ཉིན༽
༧༽ ཟླ་ ༩ ཚེས་ ༡༥ ནས་ཚེས་ ༡༩ ཉིན་བར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཚའོ་ཅན་མིང་གིས་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་བཞིན་པའི་ཞིབ་དཔྱོད་པ་རྣམས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱས་ནས་ཞིབ་དཔྱོད་ཀྱི་འགན་ནུས་ལེགས་པར་འདོན་སྤེལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ཞབས་འདེགས་ཞུ་ཚུལ་དང་འགན་ལེན་ཡོང་བར་བྱ་ཚུལ་ལ་བརྟག་ཞིབ་གནང་།
ཚའོ་ཅན་མིང་གིས་བོད་ཀྱི་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབ་པར་ཏང་གི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཟོལ་མེད་ངང་སློབ་གསོ་གཏོང་ཤུགས་དམིགས་བཀར་དུ་ཆེ་རུ་བཏང་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་སྟེ་མི་རིགས་མི་འདྲ་བའི་ཞིབ་དཔྱོད་ལས་དོན་པས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། བྱང་ཚད་ནུས་པ་འཛུགས་སྐྱོང་སྔར་བས་ཆེ་རུ་བཏང་ནས་སྐད་གཉིས་ཤེས་པའི་ཞིབ་དཔྱོད་ཤེས་ལྡན་པ་གསོ་སྐྱོང་བྱ་ཤུགས་ཆེ་རུ་བཏང་སྟེ་བོད་རྒྱ་གཉིས་སྐད་ཀྱི་ཆུ་ཚད་མཐོ་བའི་ཞིབ་དཔྱོད་སློབ་གསོའི་ཁྱད་ཆོས་ལྡན་པའི་གསོ་སྦྱོང་མ་ལག་ཧུར་ཐག་གཏོད་དགོས། ཞིབ་དཔྱོད་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱས་ནས་གཞི་རིམ་ཞིབ་དཔྱོད་ཁང་ཉིད་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མང་ཚོགས་ལ་ཞབས་ཞུ། དཔལ་འབྱོར་འགན་ལེན། འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༢༢ ཉིན༽
༨༽ ཟླ་ ༩ ཚེས་ ༡༩ ཉིན་བོད་ལྗོངས་ཀྱི་གནའ་མིའི་ཤེས་དཔལ་དང་ཇ་འདྲེན་རྟ་ལམ་གྱི་རིག་གནས་ཕྱོགས་བསྡུས་འགྲེམས་སྟོན་བྱེད་པའི་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་སྟེ་ཆབ་མདོའི་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་ཕྱེ་སྟེ་མགྲོན་པོ་བསུས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས་གཙང་གསུམ་འབབ་རྒྱུད་ཀྱི་ཤེས་དཔལ་ལོ་རྒྱུས་འཚོལ་བ་དང་ཇ་འདྲེན་རྟ་ལམ་གྱི་ཡུལ་སྲོལ་གོམས་འདྲིས་རོལ་མྱོང་བྱེད་པའི་ཐད་མཐོང་གི་དཀར་ཁུང་ཞིག་ཕྱེ་ཡོད་ཚུལ་བརྗོད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༢༢ ཉིན༽
༩༽ ཟླ་ ༩ ཚེས་ ༡༨ ཉིན་བོད་རང་སྐྱོང་ལྗོངས་མཐའ་མཚམས་ཚོང་དོན་ཚོང་ཚོགས་ལྷ་སར་དངོས་སུ་བཙུགས་པ་རེད། ཚོང་ཚོགས་ཀྱིས་བོད་དང་བལ་ཡུལ་སོགས་རྒྱལ་ཁབ་དབར་མཐའ་མཚམས་ཚོང་དོན་གཉེར་རྒྱུར་སྐུལ་མ་དང་ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་ཚོང་དོན་གྱི་བགྲོད་ལམ་ཆེ་མོ་འཛུགས་རྒྱུར་སྐུལ་མ་ཐེབས་ནས་བོད་འདི་ཉིད“ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་གླིང”དང་འབྲེལ་མཐུད་མྱུར་པོ་ཐུབ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་སྤེན་པས་མིག་སྔར་བོད་ལྗོངས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་པས། མཐའ་རྒྱུད་སྒོ་མོ་དབྱེ་ཤུགས་ཆེ་རུ་བཏང་བ་དང་། སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཡུལ་ཞིག་བསྐྲུན་དགོས་ངེས་རེད། ད་རེས་བོད་ལྗོངས་མཐའ་མཚམས་ཚོང་དོན་ཚོང་ཚོགས་བཙུགས་པ་དེས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས། ཀྲུང་བལ་མཛའ་གྲོགས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་བྱེད་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བཤད།
བོད་ལྗོངས་ཀྱི་ས་འབྲེལ་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་། མི་འབོར་ཅུང་མང་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རའི་དབར་སྲོལ་རྒྱུན་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཆགས་ཡོད་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་ཀྱི་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཆེ་བའི་དུས་སུ་སླེབས་ནས་ཉོ་ཚོང་དངུལ་འབོར་ ༡༩༧༨ ལོའི་ཨ་སྒོར་ཁྲི་ ༣༤༩ ནས་ ༢༠༡༤ ལོའི་ཨ་སྒོར་དུང་ཕྱུར་ ༡༩.༨༣ བར་འཕར་ནས་ལོར་ཆ་སྙོམས་ ༡༩% འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ནི་མེས་རྒྱལ་ནང་སར་ཐོན་སྐྱེད་བྱས་པའི་གྱོན་ཆས་དང་། ལྷམ། རྒྱུན་སྤྱོད་དངོས་ཟོག་སྣ་ཚོགས་དང་། བོད་ནས་ཐོན་པའི་ཀུ་ཤུ་དང་། ལྒ་མུག ཐང་ཚི་སོགས་ཞིང་ཞོར་ཐོན་ཟོག་ཡིན་པ་དང་། ནང་འདྲེན་གྱི་ཚོང་ཟོག་གཙོ་བོ་ནི་བལ་ཡུལ་ནས་ཐོན་པའི་ཟངས་སྐུ་དང་། ས་གདན། བསླས་འཐག་འཕྲུལ་འཁོར་སོགས་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༢༢ ཉིན༽
༡༠༽ ཟླ་ ༩ ཚེས་ ༢༢ ཉིན“གངས་ལྗོངས་ཀྱི་རྩ་ཆེའི་རིག་དངོས། བོད་ལྗོངས་ནོར་བུ་གླིང་གའི་རིག་དངོས་སྤུས་ལེགས་འགྲེམས་སྟོན” པེ་ཅིན་དབྱི་ཧོ་ཡོན་དུ་གཉེར་འགོ་ཚུགས་པ་དང་བོད་ལྗོངས་ནོར་བུ་གླིང་གའི་རྩ་ཆེའི་རིག་དངོས་ ༧༣ དབྱི་ཧོ་ཡོན་དུ་མང་ཚོགས་ཀྱི་སྤྱན་ལམ་དུ་དྲངས་ཡོད།
དབྱི་ཧོ་ཡོན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས། ད་ཐེངས་ཀྱི་འགྲེམས་སྟོན་ནི་དབྱི་ཧོ་ཡོན་གྱིས་བོད་ལྗོངས་ས་ཁུལ་གྱི་རིག་དངོས་རྟེན་རྫས་ཚན་པ་དང་མཉམ་ལས་བྱས་ཏེ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན། སླད་ཕྱིན་ཡུལ་སྐོར་བར་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་འགྲེམས་སྟོན་བྱེད་སྒོ་སྔར་བས་མང་བ་གཉེར་རྒྱུ་ཡིན་ཞེས་བརྗོད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༢༣ ཉིན༽
༡༡༽ རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་ ༩ ཚེས་ ༢༢ ཉིན《ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ཀྲུང་གོས་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཐད་ཐོབ་པའི་ཡར་ཐོན་གྲུབ་འབྲས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས།
ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཁའེ་ཧུང་གིས《ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ནི་གླེང་གཞི་དང་། གཞུང་དངོས། མཇུག་བསྡུ་གཏམ་བཅས་ཁག་གསུམ་ལས་གྲུབ་ཅིང་ཁྱོན་ཡིག་འབྲུ་ཁྲི་གཅིག་ལྷག་ཡོད་པ་དང་། དེའི་ནང་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཀྱི་ལམ་སྲོལ་འགན་སྲུང་དང་། བུད་མེད་དང་དཔལ་འབྱོར། བུད་མེད་དང་སློབ་གསོ། བུད་མེད་དང་བདེ་ཐང་། བུད་མེད་དང་ཐབས་ཇུས་དོ་དམ། བུད་མེད་དང་ཁོར་ཡུག ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་། ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་སོགས་ཀྱི་ཐད་ནས་དོན་དངོས་དང་གཞི་གྲངས་འབོར་ཆེན་སྤྱད་དེ་ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་དེའི་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཁག་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་ཅེས་བཤད་པ་རེད།
ཧུའུ་ཁའེ་ཧུང་གིས་འདི་ནི་ཀྲུང་གོ་སྲིད་གཞུང་གིས་བུད་མེད་འཕེལ་རྒྱས་ཐད་ནས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་གསུམ་པ་ཡིན། རྒྱབ་ཤ་དཀར་པོའི་དེབ་དེ་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སེའི་ཡི་གེ ཨུ་རུ་སུའི་ཡི་གེ འཇར་མན་གྱི་ཡི་གེ སི་ཕེན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ རི་པིན་གྱི་ཡི་གེ་སོགས་ཀྱི་ཐོག་ནས་བཏོན་པ་མ་ཟད། རྒྱ་ཡིག་པར་གཞི་དང་དབྱིན་ཡིག་པར་གཞི་གཉིས་ནི་མི་དམངས་དཔེ་སྐྲུན་ཁང་དང་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་མི་རིང་བར་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཁང་ཁག་ཏུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་རེད།
“འདི་ལྟ་བུའི་དུས་སྐབས་གལ་ཆེན་ཞིག་ཏུ་ཀྲུང་གོ་སྲིད་གཞུང་གིས《ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ལོ་ ༢༠ རིང་གི་ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཐད་ཀྱི་ཡར་རྒྱས་གྲུབ་འབྲས་ཁྱོན་ཡོངས་ནས་ངོ་སྤྲོད་དང་། འབྲེལ་ཡོད་སྲིད་ཇུས་དགོངས་གཞིར་འགྲེལ་བཤད་བརྒྱབ་པ་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ཤེས་རྟོགས་དང་ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་རྒྱུ། ཀྲུང་གོ་དང་འཛམ་གླིང་དབར་སྐད་ཆ་ཤོས་རེས་དང་། སྤེལ་རེས། མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཐད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཧུའུ་ཁའེ་ཧུང་གིས་བཤད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༢༤ ཉིན༽
༡༢༽ ཟླ་ ༩ ཚེས་ ༢༢ ཉིན་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཐོབ་པ་བཞིན《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》གི་ནང་དོན་ཆ་ཚང་ཁྱབ་བསྒྲགས་བྱས་ཤིང་། སྲོལ་ཡིག་དེ་ ༢༠༡༥ ལོའི་ཟླ་ ༥ ཚེས་ ༡༨ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
སྲོལ་ཡིག་དེ་སྤྱིའི་རྩ་འཛིན་དང་། རྩ་འཛུགས་འགོ་ཁྲིད་དང་འགན་འཁྲི། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ལས་དོན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན། མི་རིགས་ལས་དོན། ཆོས་ལུགས་ལས་དོན། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན། ཧོང་ཀོང་དང་། མཱ་ཁའོ། ཐའེ་ཝན་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན། ཏང་ཕྱིའི་འཐུས་མིའི་མི་སྣའི་དཔུང་ཁག་འཛུགས་སྐྲུན། ཞོར་གཏོགས་སོགས་ལེའུ་བཅུ་དང་དོན་ཚན་ ༤༦ ལ་ཕྱེ་ཡོད་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་གྱིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྩ་དོན་ཁ་གསལ་བཏོན་པའི་ཐོག་ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱང་གཏན་འབེབས་བྱས་ཡོད།
ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་གོང་བུ་འགྲིལ་ཤུགས་དང་། དཀའ་གནད་འགག་སྒྲོལ། རྒྱལ་ཁ་ལེན་པ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག་ཡིན། འདི་ལོའི་ཟླ་ ༤ ཚེས་ ༣༠ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་དང་པོ་དེ་ཡང་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༢༤ ཉིན༽
༡༣༽ ཟླ་ ༩ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་ཆབ་མདོ་གྲོང་ཁྱེར་གྱི་ཅིན་ཁྲེང་ལུས་རྩལ་ལྟེ་གནས་སུ་སྤེལ་འགོ་ཚུགས། ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཁུལ་ ༡༡ གི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་ ༩༡ འགྲན་བསྡུར་ནང་ཞུགས་ཏེ་སྨར་ཁམས་མདའ་མོ་རྫོང་བྱིས་གྲོངས་ཤང་གི་མདའ་རྩལ་དང་། ཁ་རོབ་ཆུས་ཀྱི་དཀར་ཞོ་འཐུང་བ། གླང་ཆེན་ས་བཤགས། བྱེ་ཕད་འགྱོགས་པ་སོགས་ཀྱི་འགྲན་བསྡུར་བྱས་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༢༤ ཉིན༽
༡༤༽ ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྱུར་བྱས་པའི་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་ཀློག་དེབ ༥༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། སྤྱིར་ན་རྒྱལ་ཡོངས་སུ་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་ཀློག་དེབ་ཆ་ཚང་ཞིག་མེད་པས། ༢༠༡༤ ལོའི་ཟླ་ ༩ བར་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནད་དོན་དེར་དམིགས་ཏེ་སྐད་གཉིས་ཀློག་དེབ་རྩོམ་སྒྱུར་བྱེད་པའི་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་འགོ་ཁྲིད་དེ། རྒྱལ་ཡོངས་བོད་ཁུལ་དུ་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་ཀློག་དེབ་རྩོམ་སྒྱུར་བྱེད་པའི་འགོ་བརྩམས།
རྩོམ་སྒྱུར་བྱེད་པའི་སྐབས་སུ་རྩོམ་སྒྲིག་ཚན་ཆུང་དང་ལོ་ཙཱ་ཚན་ཆུང་། དཔེ་རིས་ཚན་ཆུང་། སློབ་གྲྭ་ཆུང་འབྲིང་གི་ཚན་ཚུང་བཅས་ཚན་ཆུང་བཞི་རུ་བགོས་ཤིང་། རྩོམ་སྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་ད་དུང་སློབ་གསོ་པུའུ་ཡིས་གཏན་འཁེལ་བྱས་པའི“ལོ་གསུམ་ནས་དྲུག་བར་གྱི་བྱིས་པའི་སློབ་སྦྱོང་དང་ཡར་རྒྱས་ཐད་ཀྱི་མཛུབ་སྟོན”ཞེས་པར་གཞིར་བཟུང་ནས། གསོན་ཉམས་ལྡན་ཞིང་གོ་སླ་ལ། བྱིས་པའི་བློ་ཁམས་དང་འཚམ་པ། བོད་རིགས་རང་ཉིད་ཀྱི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་པར་མ་ཟད། ད་དུང་ཡུལ་སྲོལ་གོམས་གཤིས་དང་ཡང་མཐུན་པའི་ཀློག་དེབ་ ༥༦ རྩོམ་སྒྱུར་བྱས། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༩ ཚེས་ ༢༤ ཉིན༽
༡༥༽ གྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གཟའ་སྤེན་པའི (ཟླ་ ༩ ཚེས་ ༢༦ ཉིན)མཚན་མོར་སྤེལ་བའི་གནས་ཚུལ་ལྟར་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་ཞེས་པས་གཟའ་འཁོར་གོང་མར་སི་ཁྲོན་རྔ་བ་རྫོང་གི་ཨ་མཆོག་དགོན་པར་ཕེབ་ནས་ཨ་མཆོག་རིན་པོ་ཆེར་འཚམས་འདྲི་བྱས། ཨ་མཆོག་རིན་པོ་ཆེས། “ང་ཀྲུང་གོའི་སྤྱི་དམངས་ཞིག་ཏུ་གྱུར་ཡོད” ཅེས་སྤོབས་པ་དང་བཅས་བཤད།
གནས་ཚུལ་སྤེལ་བར་གཞིགས་ན། དགུང་ལོ་ ༧༠ ཚེ་མཇུག་ལ་སླེབས་པའི་ཨ་མཆོག་རིན་པོ་ཆེ་ནི་འདི་ལོའི་ཟླ་ ༥ པའི་ནང་རྒྱ་གར་ནས་ཀྲུང་གོར་འབྱོར་ཞིང་། སྐབས་དེར་བོད་མིའི་བསམ་བློའི་གཙོ་འཛིན་པ་ཏཱ་ལའི་བླ་མར་གྱ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཡང་མ་ཞུགས་པར་ཚིག་འཇམ་པོའི་སྒོ་ནས་ཁས་མ་བླངས་པ་རེད། ཅེས་བཤད། ་་་་་་་་
གནས་ཚུལ་སྤེལ་དོན་ལྟར་ན། ཟླ་ ༩ ཚེས་ ༢༢ ཉིན་ཚུའེ་པའོ་ཧྭ་ཡིས་ཨ་མཆོག་ལ་ཐུག་འཕྲད་སྐབས། ཨ་མཆོག་རིན་པོ་ཆེས། ང་ད་ཆ་ཀྲུང་གོའི་སྤྱི་དམངས་ངོ་མ་ཞིག་དུ་གྱུར་བ་རེད། མ་གཞི་སྔོན་མ་ནས་ཀྲུང་གོའི་སྤྱི་དམངས་ཤིན་ཡིན་མོད། འོན་ཀྱང་ལོ་བཅུ་ཕྲག་ཁ་ཤས་ལ་སྐྱབས་བཅོལ་པའི་པགས་པ་གྱོན་ནས་བསྡད་པ་རེད། དེ་རིང་ད་གཟོད་ཀྲུང་གོའི་སྤྱི་དམངས་ངོ་མ་ཞིག་ཆགས་པ་རེད། ཅེས་བཤད། ཨ་མཆོག་གིས་ད་དུང་། སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། སླད་ཕྱིན་ངའི་ལས་འགན་ཉག་ཅིག་དེ་ཀྲུང་གོའི་སྤྱི་དམངས་ངོ་མ་ཞིག་གི་འོས་འགན་བསྒྲུབ་རྒྱུ་དེ་ཡིན། ཞེས་བཤད།
ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་དོན། ཨ་མཆོག་སྤྲུལ་སྐུ་ ༡༩༨༢ ལོར་ཐེངས་དང་པོར་ཀྲུང་གོར་ཕྱིར་ལོག་རྒྱུའི་ཆོག་མཆན་ཐོབ་པ་རེད། ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ་བཅས་ལ་སེམས་འགུལ་ཆེན་པོ་ཐེབས། ཁོང་གིས་ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་། རིག་དངོས། མི་རིགས་ཀྱི་རིག་གནས་ཀྱང་སྲུང་སྐྱོང་ཡག་པོ་གནང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་ཞིང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་འདི་དག་ནི། རྡ་རམ་ས་ལ་དང་ཐ་ན་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ནང་དུའང་བསམས་ཀྱང་མི་ཕོད་པ་ཞིག་རེད། གང་ལྟར་མེས་རྒྱལ་ཡག་པོ་དང་། ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དྲོ་སྐྱིད་ལྡན་ཤོས་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་རྒྱལ་ཁབ་གང་ཡིན་ཡང་མཐོང་ཆུང་བྱེད་ཕོད་ཀྱི་མེད། དེ་བཞིན་མངའ་ཁོངས་ཕྱི་ལོགས་ཀྱི་བོད་རིགས་སྤུན་ཟླ་ཚོའི་རེ་བ་དང་མདུན་ལམ་ཡང་ཀྲུང་གོ་ཁོ་ནའི་ནང་ཡོད། ཅེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཝན་ཝེ་དྲ་བ་དང་BBC རྒྱ་ཡིག་དྲ་བ་བཅས་ནས། ཟླ་ ༩ ཚེས་ ༢༨ ཉིན༽
༡༦༽ ཟླ་ ༩ ཚེས་ ༢༧ ཉིན་བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་འཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྡེབ་ ༡༥༤ དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣ་ ༢༢༧ ལ་གཟེངས་བསྟོད་སྤྲད། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ ༤ མུ་མཐུད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ་སྤེལ་བ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༩ ཚེས་ ༢༨ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡ ཉིན།