སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ ༦༦ འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནང་སོག་དང་ཀོང་ཞི། བོད་ལྗོངས། ཉིང་ཞ། ཞིན་ཅང་བཅས་རང་སྐྱོང་ལྗོངས་ ༥ ཡི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོ་པེ་ཅིང་དུ་ཕེབས་ནས་རྒྱལ་སྟོན་དུས་ཆེན་གྱི་བྱེད་སྒོ་ལ་ཞུགས་པར་དམིགས་བསལ་གདན་ཞུ་གནང་། ཟླ་ ༩ ཚེས་ ༣༠ ཉིན་གྱི་ཕྱི་དྲོར། ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོ་ནས་རང་སྐྱོང་ལྗོངས་ ༥ ནས་ཕེབས་པའི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོར་མཛའ་བརྩེ་ལྡན་པའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོ་དང་ལྷན་དུ་མཉམ་པར་ཡང་བསྐྱོན་ཟེར།
ཞིས་ཅིན་ཕིང་གིས་བསྟན་དོན། གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚང་མ་ནི་རང་རྒྱལ་གྱི་རང་སྐྱོང་ལྗོངས་ ༥ ནས་ཕེབས་པས། ཚང་མ་མི་རིགས་མི་གཅིག་ལ་ལས་གནས་ཀྱང་མི་འདྲ་བ་རེད། ཁྱོད་ཚོས་རང་ཉིད་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་རྗེས། ང་རང་ཡང་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད། ཁྱོད་ཚོར་ཐུན་མོང་དུ་ཡོད་པ་ཞིག་ནི་ཁྱོད་ཚོ་ཚང་མ་ཧུར་བརྩོན་གྱིས་ངང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱ་གཞག་ནང་ཞུགས་ཤིང་། མཛད་རྗེས་ཀྱིས་མི་སེམས་འགུལ་ཐུབ་པ་དང་། བྱས་རྗེས་འབུར་དུ་ཐོན་པ་དག་བཞག་ཡོད་པ་རེད། གོ་སྐབས་འདི་དང་བསྟུན་ནས། ངས་ཁྱོད་ཚོ་དང་། ཡང་ན་ཁྱོད་ཚོ་བརྒྱུད་ནས་ཁྱེད་ཚོའི་ཡུལ་མི་ཚོ་དང་། རྒྱལ་ཡོངས་ཀྱི་མི་རིགས་ ༥༦ གི་སྤུན་ཟླ་ཚོར། དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཕུལ་བ་ཡིན་ཞེས་དང་།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན། མི་རིགས་ཁག་ནི་སྣ་མང་གཞི་གཅིག་ཅན་ཡིན་པ་ནི་ཕ་མེས་ཡང་མེས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་ལ། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་བླ་ན་མེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་བཙུགས་པ་དང་། ཚང་མས་ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་ལ་བླ་མེད་ཀྱི་བྱས་རྗེས་བཞག་ཡོད། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྗེས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐུབ་ཇུས་འོས་འགན་གསལ་བར་བྱས་ནས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་བཏོན་ཡོད། ངས་ཐེངས་མང་པོ་ཞིག་ལ“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་ལ། མི་རིགས་གཅིག་ཀྱང་ལྷག་ཏུ་འཇུག་མི་རུང”ཞེས་ནན་བཤད་བྱས་ཡོད། ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་འདི་འདྲ་བྱེད་པ་དང་། དབུལ་སྒྲོལ་ལས་དོན་ལ་མཐོང་ཆེན་འདི་འདྲ་བྱེད་ཀྱི་ཡོད་པ་དེ་ནི་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དེ་ལས་བརྟན་པོ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་ལས་མགྱོགས་པོ། མི་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ལས་གཅིག་སྒྲིལ་ཐུབ་པ་བྱུང་སྟེ་མི་རིགས་ཁག་ཚང་མས་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན།
མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ ༡༣ རེ་རེ་བཞིན་ནི་ནང་སོག་ནས་ཡོང་བའི་སོག་རིགས་ཀྱི་འཐུས་མི་ཝུའུ་ཡུན་སུའུ་དབྱི་ལ་དང་། ཀོང་ཞི་ནས་ཡོང་བའི་ཀྲོང་རིགས་ཀྱི་འཐུས་མི་ཏུའུ་ལི་ཆུན། བོད་ལྗོངས་ནས་ཡོང་བའི་བོད་རིགས་ཀྱི་འཐུས་མི་སྐལ་བཟང་དབང་ཕྱུག་དང་སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། རྒྱ་རིགས་ཀྱི་འཐུས་མི་སུང་ཡུས་ཀོང་། ཉིང་ཞ་ནས་ཡོང་བའི་ཧུའེ་རིགས་ཀྱི་འཐུས་མི་ཐའེ་བེན་པའོ། ཞིན་ཅང་ནས་ཡོང་བའི་ཡུ་གུར་རིགས་ཀྱི་འཐུས་མི་ཧ་ན་ཡུས་ཞན་ཨེ་ནེ་ཝར་དང་མུ་རའེ་ཀུ་ལི་ཨེ་ནེ་ཝར། མའེ་མའེ་ཐི་ཐུའུ་རུའུ་ཕུའུ་མུའུ་ས་ཁེ། ཧ་སག་རིགས་ཀྱི་འཐུས་མི་ཅུ་མ་ཐའེ་ཨུ་པའེ་ཁེ། རྒྱ་རིགས་ཀྱི་འཐུས་མི་ཡུག་ལེང་དབྱིན་བཅས་ཡིན་པ་རེད། ཁོང་ཚོས་ལག་ལེན་དངོས་ཀྱིས་མི་རིགས་མཐུན་སྒྲིལ་སྐུལ་འདེད་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་ལ་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད་དེ། མི་ལ་ལས་ཡུལ་མི་ཚོར་སྣེ་ཁྲིད་དང་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དང་། ལ་ལས་དུས་ཚོད་ཡུན་རིང་ནང་དཀའ་ཚེགས་ཆེ་བའི་ས་ཁུལ་ནས་རང་འཁྲིའི་ལས་གནས་བརྟན་སྲུང་བྱས་པ། ལ་ལས་ཡོམ་འགོག་གེགས་སེལ་གྱི་ནང་ལས་དོན་འབུར་དུ་ཐོན་པ་བསྒྲུབ་ཡོད་ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡ ཉིན༽
༢༽ ཟླ་ ༩ ཚེས་ ༢༨ ཉིན་གསེར་མདོག་གི་བོད་ལྗོངས། བོད་ཀྱི་གསེར་དངུལ་སྣོད་ཆས་འགྲེམས་སྟོན་ཞེས་པ་ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་ཞིང་། བོད་ཀྱི་གསེར་དངུལ་སྣོད་ཆས་ཀྱི་འགྲེམས་སྟོན་ནང་བརྗིད་ཉམས་ཅན་གྱི་ཆོས་སྤྱོད་སྣོད་ཆས་དང་། རྣམ་པར་བཀྲ་བའི་ཟས་སྤྱོད་སྣོད་ཆས། གཡང་ཊི་རྒྱན་ཆ་སོགས་རིགས་གསུམ་དུ་དགར་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱི་གསེར་དངུལ་གྱི་རིག་དངོས་རྩ་ཆེན་བརྒྱ་ཕྲག་ལྷག་བཀྲམ་ཡོད། ཐེངས་འདིའི་འགྲེམས་སྟོན་གྱིས་ཕྱོགས་བསྡུས་ངང་བོད་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་། རིན་ཐང་གི་ལྟ་བ། ཆོས་ལུགས་ཀྱི་སྙིང་བཅུད་སོགས་མངོན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡ ཉིན༽
༣༽ ༢༠༡༥ ལོའི་ཟླ་ ༩ ཚེས་ ༢༨ ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྒྱང་སྒྲོག་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་ཁུལ་བོད་སྐད་རྒྱང་སྒྲོག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་བཞི་བའི་མཛད་སྒོའི་ཚོགས་འདུ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།
ཐེངས་འདིའི་རྩོམ་རིག་བྱ་དགའི་བྱ་འགུལ་ཁྲོད་སྔར་མུས་བཞིན་གཟབ་ནན་དང་དྲང་བདེན། དྲང་བཞག་བཅས་ཀྱི་གཞི་རྩའི་སྟེང་ནས་བསྡོམས་པས་བརྩམས་ཆོས་ལྔར་ཐེངས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ། དེ་དག་ནི་རྩོམ་པ་པོ་རྡོ་རྗེ་རིན་ཆེན་ནམ་པིར་མིང་ལ་ཨ་རྡོར་འབོད་པའི་དཔྱད་རྩོམ《བོད་ཀྱི་སྙན་ངག་གསར་བའི་བསམ་བློའི་ཐད་ཀྱི་བསམ་གཞིག་ཁ་ཤས》དང་སྙན་ངག་པ་དགའ་བདེ་ཚེ་རིང་ངམ་པིར་མིང་ལ་ནག་པོར་འབོད་པའི་སྙན་ངག་རིང་མོ《ཝུ་བ་སོབ་སོབ》 སྙན་ངག་པ་ཤ་བོ་ཚེ་བརྟན་ནམ་པིར་མིང་ལ་ན་རོ་འབོད་པའི་རང་མོས་སྙན་ངག《དྲན་པ་ཉེར་བཞག》 སྙན་ངག་པ་ལྷ་ཆེན་རྒྱལ་ལམ་པིར་མིང་ལ་འབྲོང་ཕྲུག་ཏུ་འབོད་པའི་རང་མོས་སྙན་ངག《མང་རྫོང་གི་རབ་བྱེད》 བུད་མེད་སྙན་ངག་པ་མེ་ཏོག་སྐྱིད་དམ་པིར་མིང་ལ་ཁ་བ་ལྷ་མོར་འབོད་པའི་རང་མོས་སྙན་ངག《ཆར་བ་ཤག་ཤག་འབབ་དོན》བཅས་ཡིན།
གཞན་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་བཞི་བར་རོགས་སྐྱོར་གནང་མཁན་དང་རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྟགས་མའི་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་སྡུར་ལ་ཞུགས་པའི་འགྲན་ཞུགས་པ། དཔྱད་འདེམས་པ། རྩོམ་རིག་ཆེད་མཁས་པ། རྩོམ་པ་པོ། སྙན་ངག་པ། རྩོམ་སྒྲིག་པ་བཅས་བྱ་དགའ་གནང་བའི་མཛད་སྒོར་ཞུགས་འདུག ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བ་ནས། ཟླ་ ༡༠ ཚེས་ ༡ ཉིན ༽
༤༽ ཟླ་ ༡༠ ཚེས་ ༣ ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྐལ་བཟང་དབང་ཕྱུག་དང་། སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། སུང་ཡུས་ཀང་སོགས་རང་ལྗོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ ༥ ལ་མཇལ་འཕྲད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་གནང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཁོང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༥ ཉིན༽
༥༽ ཉིན་ཤས་གོང་འཚོགས་པའི་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་གླེང་སྟེགས་སྐབས་གཉིས་པའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ས་ཁོངས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྗོངས་ནང་ཁུལ་གྱི་ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་བཀོད་སྒྲིག་ནང་ཧུར་ཐག་ཞུགས་ནས་ཡུལ་སྐོར་ལས་རིགས་ཀྱི་རིམ་སྤོར་པར་གཞི་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་བོད་ནི་ཨེ་ཤེ་ཡ་ཤར་ལྷོར་སྒོ་མོ་འབྱེད་པའི་འགྲོ་ལམ་གལ་ཆེན་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་ཡང་ཡིན། བོད་ཀྱིས“དམངས་ཕྱུག་བོད་དར”གཅིག་འདོམས་སུ་བྱས་ནས་བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཆེན་པོ་གཏོད་རྒྱུ་དང་ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ། གངས་ཏི་སེའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བཅས་ཧུར་ཐག་གཏོད་རྒྱུ་ཡིན་ལ“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་རིག་གནས་ཡུལ་སྐོར་སྤེལ་རེས་ཀྱི་སྒོ་མོ་འབྱེད་ནས་ཡུལ་སྐོར་རིམ་སྤོར་པར་གཞི་གཏོད་རྒྱུའང་ཡིན་ཞེས་བཤད།
གཞན་ཡང་བོད་ཀྱིས་ཡུལ་སྐོར་སྐོར་ལམ་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྣུམ་ནག་ཅན་དུ་འཛུགས་སྐྲུན་དང་ཀུན་སྤྱོད་གནམ་ཐང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། བོད་ཀྱི་ཡུལ་སྐོར་རྨང་གཞིའི་འགྲིམ་འགྲུལ་དྲ་བ་འཐུས་ཚང་དུ་གཏོང་བ། བོད་ནས་ནང་སའི་ཞིང་ཆེན་ཁག་གི་གྲོང་ཁྱེར་དུ་སྐྱོད་པའི་མཁའ་ལམ་ལམ་ཐིག་དང་གནམ་གྲུ་ཤར་གཏོང་དང་ཁ་སྣོན་རྒྱག་པ་བཅས་བྱས་ཏེ་ལྷ་ས་ནས་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་མཁའ་ལམ་ལམ་ཐིག་རིམ་བཞིན་གཏོད་པ་དང་མཁའ་ལམ་དང་སྐམ་སའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་དང་དྲ་བ་གཏོད་ནས་ཡུལ་སྐོར་བར“ཤར་བགྲོད་སྟབས་བདེ”ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་མྱུར་སྐྱོབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་སྤུས་ཚད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་སྤྱིར་བཏང་གི་དཔལ་འབྱོར་ཐོན་ལས་རྣམ་པ་ནས་ཀ་རྟེན་ཐོན་ལས་རྣམ་པའི་བར་མཆོང་སྐྱོད་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པ་བར། ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ ༡༤༢༩ ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་ ༡༩༠ བཏོད་ཡོད་པ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༨ ཉིན༽
༦༽ ཟླ་ ༡༠ ཚེས་ ༩ ཉིན་གྱི་ཕྱི་དྲོར་རྫོགས་པ་ཆེན་མོའི་སློབ་སྟོན་མཁན་ནམ་དབྱི་ཐ་ལའི་ན་པའེ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ནམ་མཁའ་ནོར་བུ་ལགས་ཀྱིས་པེ་ཅིང་སློབ་ཆེན་དུ་ཨ་ཏི་ཡོ་གའི་ལུས་ངག་ཡིད་གསུམ་ལྷོད་དུ་གཏོང་ཐབས་སྐོར(阿底瑜伽–身语意放松之道)གྱི་འཆད་འཁྲིད་གནང་། འཆད་འཁྲིད་སྟེང་མཁས་དབང་ཁོང་གིས་ཨ་ཏི་ཡོ་གའི་སྐོར་གསུངས་གནང་རྗེས་ཚོགས་ཞུགས་ཀྱི་དགེ་སློབ་ཚོ་དང་མཉམ་དུ་དྲི་བ་དྲིས་ལན་འདེབས་པའི་ངང་སྤེལ་རེས་བྱས་པ་རེད། ཚོགས་འདུ་ཐོག་པེ་ཅིང་སློབ་ཆེན་གྱི་དགེ་སློབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ། གཞན་པེ་ཅིང་དུ་ལས་གཉེར་བྱེད་པའི་བོད་རིགས་དང་རྒྱ་རིགས་སོགས་མི་ ༢༠༠ ལྷག་ཙམ་འཛོམས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༠ ཉིན༽
༧༽ འདི་ལོའི་རྒྱལ་སྟོན་དུས་ཆེན་ཞེས་པའི་རིང་དུས་བཞིའི་མཛེས་སྡུག་གི་རྣམ་པ་མི་གཅིག་པའི་མཚོ་སྔོན་པོས་ཡུལ་སྐོར་བ་མང་པོ་བཀུག་པ་རེད། གཞུང་ཕྱོགས་ཀྱི་གཞི་གྲངས་ལྟར་ན། ཟླ་ ༡༠ ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱི་དྲོའི་ཆུ་ཚོད་ ༡༨ བར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཕེབས་པའི་ཡུལ་སྐོར་བ་མི་ཐེངས་ ༥༣༤༣ ཟིན་པ་དང་། ན་ནིང་གི་དུས་མཚུངས་ལས་ ༢༠% འཕར། དེས་ཀྱང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་དང་ཆུ་འགྲམ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གང་སར་གད་སྙིགས་མང་པོ་སྤུངས་ཡོད་པས། སྔར་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁུལ་གྱི་རྣམ་པར་འགྱུར་བ་བཏང་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༡༠ ཉིན༽
༨༽ ཟླ་ ༡༠ ཚེས་ ༩ ཉིན་གྱི་སྔ་དྲོ་ཁྲེང་ཏུའུ་བརྒྱུད་ཡུལ་ཤུལ་གྱི་དུས་གཏན་གནམ་གྲུ་དེ་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་གི་གྲས་ཤིག་ཡིན་པའི་ལྷ་ས་གོང་དཀར་གནམ་ཐང་དུ་བརྟན་པོའི་ངང་བབས་ཤིང་། ཁྲེང་ཏུའུ་ནས་ཡུལ་ཤུལ་དང་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཡུལ་ཤུལ་ནས་ལྷ་ས་བར་གྱི་ཐད་གཏོང་མཁའ་ལམ་དང་པོ་དེ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད་ཟེར།
ངོ་སྤྲོད་བྱས་པར་གཞིགས་ན། མཁའ་ལམ་དེ་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་ཐེངས་རེ་འཕུར་བ་དང་ཆུ་ཚོད་ ༠༦:༣༥ ལ་ཁྲེང་ཏུའུ་ནས་འཕུར་བ་དང་ཆུ་ཚོད ༠༨:༡༠ཡི་ཐོག་ཡུལ་ཤུལ་དུ་འབྱོར་བ། ཆུ་ཚོད་ ༠༩:༠༠ ལ་ཡུལ་ཤུལ་ནས་འཕུར་ཏེ་ཆུ་ཚོད་ ༠༩:༥༥ ཡི་ཐོག་ལྷ་སར་འབྱོར་བ། ལྷ་ས་ནས་འཕུར་བའི་དུས་ཚོད་ཆུ་ཚོད་ ༡༡:༠༥ དང་ཡུལ་ཤུལ་དུ་ཆུ་ཚོད་ ༡༢:༣༠ ཡི་ཐོག་འབྱོར་བ། ཆུ་ཚོད་༡༣:༡༥ ལ་ཡུལ་ཤུལ་ནས་འཕུར་བ་དང་ཆུ་ཚོད་ ༡༤:༣༠ ཡི་ཐོག་ཁྲེང་ཏུའུ་རུ་འབྱོར་གྱི་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༡༠ ཚེས་ ༡༡ ཉིན༽
༩༽ བོད་ཀྱི་གནའ་མིའི་གནའ་ཤུལ་སྤྱི་གླིང་དང་པོ་སྟེ་ཁ་རུབ་གནའ་ཤུལ་སྤྱི་གླིང་མིག་སྔར་བོད་ཀྱི་ཆབ་མདོ་གྲོང་ཁྱེར་དུ་སྐྲུན་འགོ་ཚུགས་ཤིང་། ལས་གཞི་དེས་བོད་ཀྱི་གནའ་མིའི་ཐོན་སྐྱེད་དང་འཚོ་བའི་མ་དཔེ་བསྐྱར་གསོ་བྱས་ཏེ་དམངས་བྱིངས་ལ་མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་དཔལ་ཤེས་རྟོགས་དང་བོད་མི་རིགས་འབྱུང་ཁུངས་ཀྱི་གསང་བ་འཚོལ་བའི་ཐད་སྒེའུ་ཁུང་ཡག་པོ་ཞིག་ཕྱེ་བ་རེད། ཁ་རུབ་གནའ་ཤུལ་ནི་གྲོང་ཁྱེར་དེའི་ཁ་རུབ་ཆུས་ཀྱི་ལྷོ་ཕྱོགས་སུ་ཡོད་པ་དང་། ད་ལྟའི་བར་ལ་ཧ་ལམ་ལོ་ ༤༠༠༠ ནས་ ༥༠༠༠ འདས་ཡོད་ཅིང་། དེ་ནི་ད་ཕན་མཚོ་བོད་ས་མཐོར་ཉར་ཚགས་འཐུས་སྒོ་ཚང་ཤོས་དང་བརྒྱུད་རིམ་ལྡན་ཤོས་ཡིན་ལ། ཤུལ་དངོས་དང་ཤུལ་རྗེས་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་རེད། ༡༩༩༦ ལོར་ཁ་རུབ་གནའ་ཤུལ་དེ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདམས།
དཔྱད་ཡིག་ལས་མངོན་པ་ལྟར་ན། ༡༩༧༧ ལོར་གནའ་དཔྱད་ལས་དོན་པར་ཁ་རུབ་གནའ་ཤུལ་ཐོག་མར་རྙེད་པ་དང་། དེ་རྗེས་གནའ་ཤུལ་ལ་སྔོག་འདོན་ཐེངས་གསུམ་བྱས་པ་མ་ཟད། སྔོག་འདོན་རྒྱ་ཁྱོན་སྨི་ཊ་ངོས་གྲུ་ ༣༠༤༠ ཟིན་པ་དང་། དེང་རབས་ཀྱི་ས་དོང་ ༡ དང་དེང་རབས་ཀྱི་ལུང་ཤུར་ ༡ ཁ་རུབ་གྲོང་མིའི་སྡོད་ཁང་ ༡ བཅས་གཙང་སེལ་བྱས་ཤིང་། ཁྱོན་རྡོ་ཆས་དང་། རྫ་ཆས། རུས་ཆས་སོགས་རིག་དངོས་བརྒྱ་ཕྲག་ཐོན་པ་རེད།
རིགས་གཅིག་མཁས་ཅན་གྱིས་ཁ་རུབ་རིག་གནས་ནི་བོད་དུ་རང་རྐྱ་འཕེར་བའི་ངང་གོང་འཕེལ་བྱུང་བའི་གདོད་མའི་རིག་གནས་མིན་པར་དེ་ཉིད་རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་གདོད་མའི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་བྱས་ཡོད། “གནའ་ཤུལ་སྤྱི་གླིང་བསྐྲུན་རྗེས། ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་གནའ་མི་གནས་སྤོ་དང་དེ་དག་དང་རྨ་ཆུ་རྒྱུག་ཡུལ་གྱི་ཤེས་དཔལ་དབར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པ་དང་། བོད་མི་རིགས་འབྱུང་ཁུངས་ཀྱི་གསང་བ་འཚོལ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད”ཅེས་གཡུང་དྲུང་ཟླ་བས་བརྗོད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༢ ཉིན༽
༡༠༽ སྐྱིད་གྲོང་འགག་སྒོ་ཟླ་འདིའི་ཚེས་ ༡༣ ཉིན་སླར་ཡང་སྒོ་མོ་འབྱེད་རྒྱུ་ཡིན་ཞིང་། འོན་ཀྱང་ཡུལ་སྐོར་བ་གནས་སྐབས་སྐྱིད་གྲོང་འགག་སྒོ་བརྒྱུད་ནས་ནེ་པ་ལར་སྐྱོད་ཆོག་གི་མེད་པ་རེད།
“ཕུན་སུམ་ཚོགས་པའི་ནགས་ཚལ་དང་བདག་མེད་རྩི་ཤིང་དང་སྲོག་ཆགས་སོགས་ཀྱི་རང་བྱུང་ཐོན་ཁུངས”ཡོད་པའི“ཇོ་མོ་གླང་མའི་རྒྱབ་ཕྱོགས་དགའ་ཚལ”ཞེས་འབོད་པའི་སྐྱིད་གྲོང་དེ་ཉིད་གནའ་སྔ་མོ་ནས་བཟུང་། བོད་དང་ནེ་པ་ལ་དབར་འབྲེལ་གཏུག་དང་ཚོང་འགྲུལ་གྱི་འགག་གནད་ཅིག་ཡིན་ཞིང་། ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ཀྲུང་གོའི་སྐྱིད་གྲོང་དང་ནེ་པ་ལའི་རི་ཟུར་བའི་ཕྱོགས་གཉིས་པོའི་འགག་སྒོ་དངོས་སུ་སྒོ་ཕྱེ་ནས་འགྲུལ་པ་ཤར་གཏོང་ཐུབ་པ་དང་དེ་ཐོག་ནས་ཀྲུང་ནེའི་སྐམ་ལམ་འགག་སྒོ་ཆེ་ཤོས་ཡིན་པའི་སྐྱིད་གྲོང་འགག་སྒོར་དེ་སྔའི་དར་རྒྱས་ཀྱི་རྣམ་པ་སླར་ཡང་མངོན་ཡོད་ལ་དེ་ཁུལ་གྱི་མི་རྣམས་ལ་གོ་སྐབས་གསར་པའང་ཐོབ་ཡོད་པ་རེད།
ཀྲུང་ནེའི་དེ་སྔོན་སྐམ་ལམ་ཆེ་ཤོས་ཡིན་པའི་ངོས་ནས་སྐྱིད་གྲོང་འགག་སྒོར་དེ་སྔའི་དར་རྒྱས་ཀྱི་རྣམ་པ་ཞིག་སླར་ཡང་མངོན་ཞིང་། ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ཀྲུང་གོའི་སྐྱིད་གྲོང་དང་ནེ་པ་ལའི་རི་ཟུར་བའི་ཕྱོགས་གཉིས་པོའི་རང་བཞིན་གྱི་འགག་སྒོར་འགྲུལ་པ་ཤར་གཏོང་དང་སྒོ་མོ་འབྱེད་པའི་མཛད་སྒོ་སྤེལ་རྗེས། སྐྱིད་གྲོང་རི་ཟུར་གྲོང་ཚོའི་གྲོང་མི་ཚོས་གཏམ་བཟང་དེ་ཕན་ཚུན་བརྒྱུད་སྤྲོད་བྱས་ཡོད་པ་རེད། སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་མོ་ཕྱེ་རྗེས་ཉོ་ཚོང་ཐབས་ལམ་དང་ཚོང་དོན་ཐབས་ལམ་རྐྱང་པ་དང་སྣ་གཅིག་ནས་སྣ་མང་དང་ཕུན་སུམ་ཚོགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་དང་། དེ་སྔ་མཐའ་མཚམས་ཡུལ་མིའི་ཚོང་ཟོག་བརྗེ་རེས་གཙོ་བོ་བྱེད་པ་ནས་སྤྱིར་བཏང་གི་ཚོང་དོན་དང་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་བར་རྒྱ་ཆེར་ཕྱིན་ཡོད་པ་རེད།
༢༠༡༥ ལོའི་ཟླ་ ༤ ཚེས་ ༢༥ ཉིན་ནེ་པ་ལར་ས་ཡོམ་རིམ་པ་ ༨.༡ བརྒྱབ་ནས་སྐྱིད་གྲོང་རྫོང་ཁུལ་དུ་གནོད་འཚེ་ཚབས་ཆེན་ཕོག་པས། སྐྱིད་གྲོང་འགག་སྒོ་སྒོ་རྒྱག་དགོས་བྱུང་ཡོད། དེས་ནས“སྐྱིད་གྲོང་འགག་སྒོ་ནམ་ཞིག་སྒོ་མོ་འབྱེད་མིན”ཐད་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཅིང་། གཞིས་རྩེ་འགག་སྒོའི་ཀོན་ཀྲང་གཞོན་པ་ཕུར་བུ་དོན་གྲུབ་དང་འབྲེལ་བ་བྱེད་སྐབས་ཁོང་གིས“སྐྱིད་གྲོང་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་སྡེ་ཚན་ཁག་གི་ལས་མི་ཡོངས་རྫོགས་ལས་གནས་ཐོག་འབྱོར་བ་དང་། ཟླ་ ༡༠ ཚེས་ ༡༣ ཉིན་གྱི་གོང་དུ་རི་ཟུར་གཞུང་ལམ་ཁྱོན་ཡོངས་ནས་མྱུར་བཟོ་ཐུབ་རྒྱུ་དང་ཟླ་ ༡༠ ཚེས་ ༡༣ ཉིན་སྐྱིད་གྲོང་འགག་སྒོ་སླར་ཡང་སྒོ་དབྱེ་རྒྱུ་རེད”ཅེས་བཤད།
སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་ཆེན་བར་བར་ཐག་ཀེ་ལོ་སྨི་ཊ་ ༢༤ ལས་མེད་ཅིང་། སྐྱིད་གྲོང་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས་བརྗོད་པར་གཞིགས་ན། སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་མ་དབྱེ་གོང་། ཕྱིར་གཏོང་ཚོང་ཟོག་གཙོ་བོ་འཁྱག་གཏོང་ཞིང་ཞོར་ཟོན་རྫས་སོས་པ(ཀུ་ཤུ་གཙོ་བོ)དང་སྣ་མང་ཚོང་ཟོག(གྱོན་གོས་དང་། ལྷམ། རས་སོགས་གཙོ་བོ)སོགས་དང་། སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་ཕྱེ་རྗེས་ཕྱིར་གཏོང་ཚོང་ཟོག་གཙོ་བོ་གྱོན་གོས་དང་། རྒྱུན་སྤྱོད་དངོས་རྫས། ལུག་ཤ་སོགས་ཡིན་པ་དང་། ནང་འདྲེན་བྱེད་རིགས་སུ་འབྲས་དང་། གྲོ་ཞིབ། ཟངས་ཆས་སོགས་ཡིན་པ་རེད།
“སྐྱིད་གྲོང་འགག་སྒོར་རང་བྱུང་གི་ལེགས་ཆ་ལྡན་པས། ཀྲུང་གོ་ཕྱོགས་ཀྱི་དངོས་ཟོག་དེ་ནས་དབོར་འདྲེན་བྱས་རྗེས་ལམ་གཉིས་སུ་དབྱེ་ནས་ནེ་པ་ལའི་ཀ་ཏ་མན་ཊོ་དང་། པོ་ཁེ་ལཱ་བར་སྐྱེལ་འདྲེན་བྱེད་ཆོག་པ་དང་དེ་རྗེས་པོ་ཁེ་ལཱ་ནས་རྒྱ་གར་བར་དབོར་རྒྱུར་ཡང་ཧ་ཅང་སྟབས་བདེ་པོ་ཡོད་པས་སྐྱིད་གྲོང་འགག་སྒོ་ནི་བོད་ཀྱི་འབྱུང་འགྱུར་གཏིང་ཤུགས་ཆེན་པོ་ལྡན་པའི་འགག་སྒོའི་གྲས་ཤིག་ཏུ་འགྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ཕུར་བུ་དོན་གྲུབ་ཀྱིས་བཤད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༡༣ ཉིན༽
༡༡༽ ཀྲུང་གོའི་ཀེ་ཀྲའུ་པ་ཚོགས་པ་ཀུང་སིས་ཟླ་ ༡༠ ཚེས་ ༡༣ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཀུང་སི་དེས་ཐེ་ཞུགས་བྱས་ནས་བསྐྲུན་པའི་བོད་ལྗོངས་ཀྱི་ཆུ་གློག་ཁང་ཆེ་ཤོས་སྟེ་རྫམ་ཆུ་གློག་ཁང་གི་འཕྲུལ་འཁོར་སྡེ་པ་དྲུག་པས་ཉིན་དེར་དངོས་སུ་དྲ་སྦྲེལ་གློག་འདོན་བྱེད་འགོ་ཚུགས་པ་དང་། དེའི་ཐོག་ནས་ཡར་ཀླུང་གཙང་པོའི་ཆུ་གཞུང་ཨ་མའི་ཐོག་ཇུས་འགོད་བྱས་ནས་བསྐྲུན་པའི་ཆུ་གློག་ཁང་དང་པོ་དེ་ཁྱོན་ཡོངས་ནས་བསྐྲུན་གྲུབ་པ་མ་ཟད་ཚོང་ལས་འཁོར་སྐྱོད་བྱེད་འགོ་ཚུགས་པ་མཚོན་ཡོད།
རྫམ་ཆུ་གློག་ཁང་དེ་བོད་ལྗོངས་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་དུ་གནས་པ་དང་། ལྷ་ས་དང་བར་ཐག་ཀེ་ལོ་སྨི་ཊ་ ༡༤༠ ཙམ་ཡོད་པ། ས་བབ་མཐོ་ཚད་སྨི་ཊ ༣༣༠༠ ཟིན་ཡོད། གློག་ཁང་དེར་སྟོང་ཝ་ཁྲི་ ༨.༥ ཟིན་པའི་ཆུ་འཁོར་འཕྲུལ་ཆས་སྡེ་པ་ ༦ སྒྲིག་སྦྱོར་བྱས་པ་དང་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི་ ༥༡ ཟིན་པ། ལོ་རེར་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་ ༢༥ ཟིན་པ་བཅས་བོད་ལྗོངས་གློག་ཤུགས་ལོ་རྒྱུས་ཐོག་གི་སྟོང་ཝ་ཁྲི་ ༡༠ ཡི་རིམ་པ་ལས་བརྒལ་ཏེ་སྟོང་ཝ་ཁྲི་ ༥༠ ཡི་རིམ་པ་ཟིན་པའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཡིན། དེས་བོད་ལྗོངས་དབུས་རྒྱུད་ས་ཁུལ་དུ་གློག་དཀོན་པའི་རྣམ་པ་ཞི་ལྷོད་དུ་གཏོང་རྒྱུར་ཕན་ཐོགས་རྒྱུ་དང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དུ་སྐས་རིམ་གློག་ཁང་གསར་སྤེལ་བྱ་རྒྱུར་སྐུལ་འདེད། བོད་ལྗོངས་དཀྱིལ་རྒྱུད་ས་ཁུལ་དུ་ནུས་ཁུངས་རྟེན་གཞི་བསྐྲུན་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
དུས་ཡུན་ལོ་ ༨ བསྐྲུན་པ་དང་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་ ༩༦ ཟིན་པའི་རྫམ་ཆུ་གློག་ཁང་ནི་ཀྲུང་གོའི་ཧྭ་ནེང་ཚོགས་པ་ཀུང་སིས་མ་འཇོག་འཁོར་སྐྱོད་བྱ་རྒྱུ་དང་སྤྱི་ཁྱབ་པུའུ་ཧུའུ་པེ་ཝུ་ཧན་དུ་ཀྲུང་གོའི་ཀེ་ཀྲའུ་པ་ཚོགས་པ་ཀུང་སི་སོགས་ཚན་པས་འགན་གཉེར་འཛུགས་སྐྲུན་བྱས་པ་ཞིག་ཡིན།
གློག་ཁང་གི་འཕྲུལ་འཁོར་སྡེ་པ་ ༡ དང་ ༢ པས་ཁག་སོ་སོར་ན་ནིང་ཟླ་ ༡༡ དང་ ༡༢ པར་གློག་འདོན་འགོ་ཚུགས་པ་དང་འཕྲུལ་འཁོར་སྡེ་པ་ ༢ དང་ ༥ པས་འདི་ལོ་སྔ་རྗེས་སུ་གློག་འདོན་འགོ་ཚུགས་ཡོད། འཕྲུལ་འཁོར་སྡེ་པ་ ༦ པ་ཟླ་འདིའི་ཚེས་ ༡༣ ཉིན་ཀེ་ཀྲའུ་པ་ཚོགས་པའི་འཕྲུལ་གློག་ཀུང་སིས་ཧྭ་ནེང་བོད་ལྗོངས་གློག་འདོན་ཚད་ཡོད་ཀུང་སིའི་རྫམ་ཆུ་གློག་ཁང་ལ་དངོས་སུ་རྩིས་སྤྲོད་བྱས་ཤིང་གན་རྒྱའི་ལས་ཡུན་ལས་ལོ་ཕྱེད་ཙམ་སྔོན་ལ་ལས་མཇུག་སྒྲིལ་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༡༣ ཉིན༽
༡༢༽ ཟླ་ ༡༠ ཚེས་ ༡༢ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྤྱོད་གཙང་རང་འཇུན་ཚད་གཞི》དང་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྲོལ་ཡིག》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ཚེས་ ༢༩ ཉིན་བར་པེ་ཅིན་དུ་འཚོག་རྒྱུའི་གྲོས་ཐག་བཅད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ཡི་འཆར་ཟིན་དེ་ཉིད་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལ་གཞིགས་ཏེ་བཟོ་བཅོས་བརྒྱབ་རྗེས་གྲོས་འགོའི་འཆར་ཟིན་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་གནང་རྒྱུར་འབུལ་བའི་གྲོས་ཐག་བཅད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ་ནས། ཟླ་ ༡༠ ཚེས་ ༡༣ ཉིན༽
༡༣༽ ༢༠༡༥ ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་བོད་ལྗོངས་ཀྱི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་བསྟུད་མར་ཐོབ་ཡོད། བུད་མེད་ཀྱི་སྨི་ཊ ༡༠༠༠༠ ཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག་ལོ་ ༡༩ སླེབས་པའི་བོད་ལྗོངས་མངའ་རིས་ནས་ཡིན་པའི་ནོར་འཛིན་དབང་མོར་ཨང་དྲུག་པ་ཐོབ་པ་དང་བོད་ལྗོངས་ཀྱི་ལུས་རྩལ་པས་རྣམ་གྲངས་དེའི་འགྲན་བསྡུར་གྱི་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་ཐེངས་དང་པོ་ཡིན། སྐྱེས་པའི་སྨི་ཊ ༥༠༠༠ གི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག་སྟོབས་རྒྱལ་གྱིས་སྐར་མ་ ༡༣ དང་སྐར་ཆ་ ༥༥ དང་སྐར་གྲངས་ ༥༣ གྱི་གྲུབ་འབྲས་ཐོག་ནས་ཟངས་ཀྱི་རྟགས་མ་ཐོབ་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་ཡག་ཤོས་བཏོད་ཡོད། སྐྱེས་པའི་སྨི་ཊ ༡༠༠༠༠ ཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་རྟ་མགྲིན་ཚེ་དབང་གིས་འགྲན་བསྡུར་ནང་ཐེངས་དང་པོ་ཞུགས་པ་དེར་ཨང་བརྒྱད་པ་ཡི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
གསར་འགོད་པས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་རུ་མིས་ཉིང་ཁྲི་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། འདི་ཟླའི་ཚེས་ ༡༥ ཉིན་ལུས་རྩལ་པས་སླར་ཡང་ཧྥུ་ཀྲའུ་རུ་བསྐྱོད་དེ་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༡༤ ཉིན༽
༡༤༽ ཟླ་ ༡༠ ཚེས་ ༡༣ ཉིན་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་མཐོ་ཤོས་དང་ཀྲུང་གོའི་གཞི་རྒྱ་ཆེ་ཤོས་ཡིན་པའི་འཛམ་གླིང་གི་ས་གཤིས་སྤྱི་གླིང་སྟེ་ཁུ་ནུ་རི་བོའི་འཛམ་གླིང་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་མཛད་སྒོ་འཚོགས་པ་རེད། སྒོ་འབྱེད་མཛད་སྒོའི་ཐོག་འཛམ་གླིང་ས་གཤིས་སྤྱི་གླིང་དྲ་རྒྱའི་ལག་བསྟར་ཅུས་ཀྱི་ཁོངས་མི་འབུམ་རམས་པ་ལུང་ཁྲང་ཤིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་རིགས་འཛམ་གླིང་ས་གཤིས་སྤྱི་གླིང་དྲ་རྒྱའི་ལག་བསྟར་ཅུས(GGN)ཀྱི་ཆོག་མཆན་ཡིག་ཆ་སྒྲོག་སྦྱང་བྱས་པ་མ་ཟད། ཁུ་ནུ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་སྒོ་བྱང་ཡང་བསྩལ་བ་རེད།
ཁུ་ནུ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་ནི་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་ཀྱི་ཀེ་ལོ་སྨི་ཊ ༣༠ ཁུལ་དུ་ཡོད་པ་དང་། མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་གྱི་རྒྱུད་དུ་ཁྱབ་ཡོད་ལ། ཡའོ་ཁྲི་ལྷ་མཚོ་དང་། ནུབ་ཐང་ཆེན། ཤར་ཐང་ཆེན། ལྷོ་རི་ཁ་བཅས་བཞི་ལས་གྲུབ་ཡོད་ཅིང་། རྒྱ་ཁྱོན་ལ་ཀེ་ལོ་སྨི་ཊ་གྲུ་བཞི་མ་ ༧༠༠༣༣ ཡོད་པས། རང་རྒྱལ་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་ ༣༣ ཁྲོད་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་མཐོ་ཤོས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་རེད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༡༠ ཚེས་ ༡༤ ཉིན༽
༡༥༽ ཟླ་ ༡༠ ཚེས་ ༡༣ ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་མཐུན་ཚོགས་ཀྱིས་བཏོན་པའི་བོད་ཀྱི་གླུ་གར་འཁྲབ་གཞུང《ཕུགས་འདུན་འགྲུབ་པ》ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ་རེད། གླུ་གར་འཁྲབ་གཞུང《ཕུགས་འདུན་འགྲུབ་པ》ཞེས་པ་འདིའི་ནང་བོད་ཀྱི་ལྟེ་བའི་ཁུལ་དུ་བཅར་འདྲི་བྱེད་པར་སྐྱོད་པའི་རྒྱ་རིགས་པར་ལེན་གསར་འགོད་པ་ཁ་བ་བུ་ཡུག་ཁྲོད་དཀའ་ངལ་དུ་མ་འཕྲད་ཡོད་དུས། སྐྲན་ནད་ཕོག་ཡོད་པའི་བོད་རིགས་བུ་མོ་ཞིག་གིས་སྲོག་སྐྱོབ་བྱས་པ་དང་། རྗེས་མར་རྒྱ་རིགས་གསར་འགོད་པ་དེས་བོད་རིགས་བུ་མོ་དེའི་ནད་ལ་སྨན་བཅོས་བྱེད་རོགས་བྱས་པ། མཐར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་རྒྱ་རིགས་གསར་འགོད་པ་དེས་བོད་རིགས་བུ་མོ་དེ་ནང་སར་འཁྲིད་དེ་སྨན་བཅོས་བྱས་པའི་སྐོར་བརྗོད་ཡོད་ཅིང་། འཁྲབ་གཞུང་དེས་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པའི་གོ་རིམ་ནང་བོད་སྐྲུན་བོད་སྐྱོར་གྱི་ལས་བྱེད་པ་ཚོའི་སེམས་ཀྱི་ལམ་བུའི་བརྒྱུད་རིམ་དེ་ཡང་ཇི་མ་ཇི་བཞིན་དུ་མཚོན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༥ ཉིན༽
༡༦༽ ཟླ་ ༡༠ ཚེས་ ༡༤ ཉིན་དངོས་བྲིས་གློག་བརྙན<<ཧི་མ་ལ་ཡའི་གནམ་སྐོས>>ཞེས་པ་པེ་ཅིང་ངོ་མཚར་དུས་རབས་གློག་བརྙན་ཁང་དུ་ཐོག་མར་སྟོན་པའི་བྱེད་སྒོ་སྤེལ་བ་རེད། <<ཧི་མ་ལ་ཡའི་གནམ་སྐོས>>ཞེས་པའི་དངོས་བྲིས་གློག་བརྙན་འདི་ལོ་བཞིའི་རིང་ལ་ཕབ་སྐྲུན་སྒྲིག་བཟོ་བྱས་པ་དང་། བོད་རིགས་ན་གཞོན་རི་འཛེག་སྣེ་ཤན་པ་བསོད་རྡོ་ཁུངས་སྣེར་བཟུང་སྟེ་རི་འཛེག་པ་ཚོས་ཇོ་རིའི་བྱང་རྒྱུད་ཀྱི་རྩེ་ལ་ཇི་ལྟར་འཛེགས་ཐུབ་པའི་གོ་རིམ་ཡོངས་དངོས་སུ་བྲིས་ནས་མཚོན་ཡོད། གློག་བརྙན་འདི་ཟླ་ ༡༠ ཚེས་ ༡༦ ཉིན་ནས་བཟུང་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༡༦ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༦ ཉིན།