སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ ཀྲུང་དབྱང་གི་ཁྲིམས་ལྟར་བོད་སྐྱོང་ཇུས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཞི་མཐུན་མཉམ་དུ་གཏོད་པ་བཅས་བྱས་ཏེ་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་བཞི་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ལ་འགན་ལེན་བྱེད་ཆེད། ཟླ་ ༡༠ ཚེས་ ༡༥ དང་ ༡༦ ཉིན་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་བཞིའི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི“ཁྲིམས་ལྟར་བོད་སྐྱོང་།ཞི་མཐུན་མཉམ་གཏོད”ཀྱི་མཉམ་ལས་ཚོགས་འདུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་དུ་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་།
ཚོགས་འདུའི་རིང་འཐུས་མི་ཚོས་ཕྱག་ཕྲེང་རྫོང་གི་ཁྲིམས་ལྟར་དགོན་སྐྱོང་དང་། ཁྲིམས་ལྟར་སློབ་སྐྱོང་། ཁྲིམས་ལྟར་གྲོང་སྐྱོང་། གསར་བརྗེའི་སློབ་གསོའི་རྟེན་གཞི། གཞི་རིམ་མངགས་གཏོང་ཁང་། དུག་ཚོང་རྒྱག་མཁན་འཛིན་བཟུང་འགག་སྒོའི་ས་ཚིགས་སོགས་ཀྱི་ལས་དོན་དང་། དེ་བཞིན་འདབ་པ་རྫོང་སེམས་ཀྱི་ཉི་ཟླ་གྲོང་རྡལ་དང་ཉི་བརྟེན་མཛེས་ལྗོངས་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་དོ་དམ་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་། ཞིང་ཆེན་དང་ལྗོངས་བཞིའི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འགན་འཁུར་བ་གཙོ་བོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་དང་། ཁྲིམས་ལྟར་བོད་སྐྱོང་དང་ཞི་མཐུན་མཉམ་གཏོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་རེས་གང་ལེགས་བྱས་པ་རེད། འཐུས་མི་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་བོད་རིགས་ས་ཁུལ་ཁག་གི་མིག་སྔའི་ཆབ་སྲིད་ལས་འགན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས། ཐེངས་འདིའི་ཚོགས་འདུ་ནི་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་བཞིའི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”དང“ངེས་པར་དུ་དྲུག”གི་བོད་སྐྱོང་ཇུས་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་བཞིའི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ངེས་ཡིན་ཟེར།
ཐེངས་འདིའི་ཚོགས་འདུ་ནི་ཞིང་ཆེན་དང་ལྗོངས་བཞིའི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་འཚོགས་ཤིང་། རྗེས་སུ་ཡང་ཞིང་ཆེན་དང་ལྗོངས་བཞི་སོ་སོས་རེས་མོས་ངང་གཉེར་རྒྱུ་ཡིན་པ་རེད། དཀར་མཛེས་ཁུལ་དང་། ལྷ་ས། བདེ་ཆེན་སོགས་གྲོང་ཁྱེར་དང་ཁུལ་བདུན་གྱིས 《ཁྲིམས་ལྟར་བོད་སྐྱོང་། ཞི་མཐུན་མཉམ་གཏོད་ཀྱི་མཉམ་ལས་གྲོས་མཐུན》 བཞག་པ་དང་། གྲོས་མཐུན་དེ་དག་ནང་ཕྱོགས་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་མི་འདྲ་བ་དང་ཟུང་འབྲེལ་བྱས་ཐོག་ཞིབ་ཕྲའི་བྱེད་ཐབས་དང་ལས་ཀའི་ལམ་སྲོལ་མཉམ་དུ་བཟོས་པར། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པ་མ་ཟད། ད་དུང་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་བཞིའི་འབྲེལ་མཚམས་ས་ཁུལ་དང་ཐ་ན་བོད་རིགས་ས་ཁུལ་ཡོངས་ཀྱི་ཞི་མཐུན་མཐའ་མཚམས་འཛུགས་སྐྱོང་དང་བདེ་འཇགས་འཛུགས་སྐྱོང་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༨ ཉིན༽
༢༽ ཟླ་ ༡༠ ཚེས་ ༡༥ ཉིན་བོད་ལྗོངས་ཀྱི་ཚ་ཚའི་འགྲེམས་སྟོན་ཁང་ཐོག་མ་དེ་ལྷ་ས་གྲོང་ཁྱེར་དུ་དངོས་སུ་སྒོ་ཕྱེ་བ་དང་། འགྲེམས་སྟོན་ཁང་དུ་ལོ་རབས་མི་གཅིག་པ་དང་། རྣམ་པ་མི་འདྲ་བའི་ཚ་ཚ་ཆིག་ཁྲི་ལྷག་འགྲེམས་སྟོན་བྱས་པ་རེད། དེའི་ནང་ཆེས་སྔ་བའི་འགྲེམས་རྫས་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པས། སྒྱུ་རྩལ་དང་རིག་གནས། ཆོས་ལུགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༩ ཉིན༽
༣༽ བོད་རང་སྐྱོང་ལྗོངས་ཏང་ཨུ་ཡིས་ཆོག་མཆན་གནང་བ་བརྒྱུད་ཉེ་སྔོན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དངོས་དཀར་གྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་དངོས་དཀར་གྱིས་ནག་ཆུ་ས་ཁུལ་དུ་ལས་འགན་ཁུར་བའི་རིང་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་ལྐོག་རྔན་བླངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ལས་འགལ་ནས་མི་གཞན་དང་ལོག་གཡེམ་བྱས་པ། འཕྲིན་ཐོག་གི་འདྲི་རྩད་དང་ལེན་བྱེད་སྐབས་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་ཇི་མ་ཇི་བཞིན་ངོས་ལེན་ཞུས་མེད་པ་བཅས་ཀྱི་གནད་དོན་ཡོད་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། དངོས་དཀར་གྱི་གོང་གསལ་བྱ་སྤྱོད་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་གནད་དོན་ཉེས་གསོག་གི་དོགས་པ་ཡོད་པ་རེད། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག》 སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱས་པ་མ་ཟད་བོད་རང་སྐྱོང་ལྗོངས་ཏང་ཨུར་ཕུལ་ནས་ཆོག་མཆན་ཐོབ་པ་བརྒྱུད་དངོས་དཀར་ལ་ཏང་གི་རྩ་འཛུགས་ནས་ཕྱིར་འབུད་པ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་དང་། ཁོའི་ཁྲིམས་འགལ་ཐོབ་ཆ་རྩིས་ལེན་བྱས་པ་དང་། ཁོའི་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་དང་འབྲེལ་ཡོད་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུར་བདག་སྤྲོད་བྱེད་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་དྲ་བ་ནས། ཟླ་ ༡༠ ཚེས་ ༡༩ ཉིན༽
༤༽ ཟླ་ ༡༠ ཚེས་ ༢༣ ཉིན་ན་གཞོན་ལས་བྱེད་པ་དང་། བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་གདམ་གསེས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ལས་བྱེད་པའི་ཚད་གཞི་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་ནན་ཏན་ངང་དོན་འཁྱོལ་ཡག་པོ་བྱེད་པ། “ཕྱོགས་ཡོངས་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དང་འཚམ་པར་བྱེད་པའི་ཐོག བརྒྱུད་རིམ་ལྡན་པའི་སྒོ་ནས་གསོ་སྐྱོང་བྱ་རྒྱུ་ཡུན་རིང་མཐའ་འཁྱོངས་དང་། ལེགས་འདེམས་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་ཡུན་རིང་མཐའ་འཁྱོངས། དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུ་ཡུན་རིང་མཐའ་འཁྱོངས་བཅས་བྱས་ནས་གྲུབ་ཆ་ལུགས་མཐུན་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཆགས་པ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༢༥ ཉིན༽
༥༽ ཟླ་ ༡༠ ཚེས་ ༢༡ ཉིན། སྐབས་གསུམ་པའི“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་རྒྱལ་ཡོངས་གཟུགས་བརྙན་འགྲན་བསྡུར་ཆེན་པོའི་བརྩམས་ཆོས་ཕུལ་བྱུང་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱེད་འགོ་བརྩམས་པ་དང་། འགྲེམས་སྟོན་ལ་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྒྱུ་རྩལ། བོད་ལྗོངས་ཀྱི་འཚོ་བ་ལ་སོགས་པའི་བརྗོད་བྱ་གཙོ་བོ་བརྒྱད་ཡོད་ལ་གཟུགས་བརྙན་བརྩམས་ཆོས་ ༩༠ ལྷག་བཀྲམས། ་་་་་་་་་
“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་རྒྱལ་ཡོངས་གཟུགས་བརྙན་འགྲན་བསྡུར་ཆེན་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་གནང་སྟེ་ ༢༠༡༠ ལོ་ནས་འགོ་བརྩམས་པ་དང་། སྐབས་གསུམ་པའི་འགྲན་བསྡུར་ཆེན་པོ ༢༠༡༤ ལོའི་ལོ་མཇུག་དུ་སྤེལ་འགོ་བརྩམས་ཤིང་། འདྲ་པར་དང་། ལག་ཁྱེར་ཁ་པར་གྱིས་བླངས་པའི་འདྲ་པར། གློག་བརྙན་བརྙན་འཕྲིན། སྤྱི་ཚོགས་ཀྱི་སྤྱི་ཕན་སོགས་བྱ་དགའ་རིགས་བཞི་བཙུགས་ཡོད་པ་དང་བསྡོམས་པས་བརྩམས་ཆོས་ ༣༠༠༠ ལྷག་བསྡུས་འདུག
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ལྷ་ས་ས་ཚིགས་སུ་འགྲེམས་སྟོན་ཟླ་ ༡༠ ཚེས་ ༢༨ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། འགྲན་བསྡུར་ཆེན་པོའི་འཆར་གཞི་ལྟར་ན། ཟླ་ ༡༢ པར་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱེད་རྒྱུ་རེད། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༢ ཉིན༽
༦༽ ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་ཚུགས་ཀྱི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་བོད་ཀྱི་ཆུ་བེད་ལ་ཀྲུང་དབྱང་གི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཆུ་བེད་ཁ་གཏད་བོད་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་བར་འདི་ལོའི་ལོ་མཇུག་བར་མ་དངུལ་བཏང་བ་ཁྱོན་སྒོར་དུང་ཕྱུར་ ༢༢༨ ཟིན་བཟོ་ཡོད་པ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་ ༣.༢༦ ཡིན་པ་དེས་བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་མ་དངུལ་བཏང་བ་མང་ཤོས་དང་། འཛུགས་སྐྲུན་ཕན་འབྲས་ཆེ་ཤོས། ལས་རིགས་ཀྱི་ནུས་པ་ཐོན་མགྱོགས་ཤོས། ཞིང་འབྲོག་པར་ཕན་པ་ཐོབ་པ་མང་ཤོས་ཀྱི་ལོ་ ༥ རུ་གྱུར་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གཙོ་གནད་ཆུ་བེད་འཛུགས་སྐྲུན་བྱ་ཤུགས་མངོན་གསལ་གྱིས་མགྱོགས་སུ་སོང་ནས་གཙོ་རྐང་འདུ་འགོད་མ་ལག་རིམ་བཞིན་གྲུབ་ཅིང་། ཕུད་མདོ་ཆུ་བེད་འགག་གནད་འདུ་འགོད་སྤྱིར་ན་བསྐྲུན་ཟིན་ནས་ཕན་ནུས་ཐོན་བཞིན་ཡོད་པ་དང་། ཆུ་བྱང་ཞིང་ཆུ་འདྲེན་ཁུལ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ། “གཙང་པོ་གཅིག་དང་ཆུ་བོ་གཉིས”རྒྱུད་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་འདུ་འགོད་ལག་ལེན་མགྱོགས་མྱུར་བསྟར་བཞིན་པ་དང་། ལ་ལྷོ་ཆུ་བེད་འགག་གནད་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་འདུ་འགོད། ཡར་ཀླུང་ཆུ་མཛོད། བྲག་ཡང་ཆུ་མཛོད། ཉང་ཆུའི་ཕྱོགས་བསྡུས་བཅོས་སྒྲིག་དང་སྲུང་སྐྱོང་འདུ་འགོད་གསར་སྤེལ་འཛུགས་སྐྲུན་བྱེད་བཞིན་ཡོད་པས་བོད་ཀྱི་གཙོ་རྐང་ཆུ་བེད་སྒྲིག་བཀོད་འགན་ལེན་གྱི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བེད་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་ ༣ དང་མི་གྲངས་༢༡ སྔ་རྗེས་སུ་བཏང་བ་དང་། བོད་སྐྱོར་ལས་བྱེད་པ་ ༥༠ དང་རིགས་གཅིག་མཁས་པ་དང་ལག་རྩལ་པ་ ༦༠༠ ལྷག་ཙམ་མངགས་པ། བོད་ཀྱི་ཆུ་བེད་ལས་བྱེད་པ་ནང་སར་མི་ཐེངས་༩༥ ལས་དོན་སྤེལ་རེས་དང་། མི་ཐེངས་ ༩༠༠ རྟོག་ཞིབ་སློབ་སྦྱོང་། བོད་ཀྱི་ཆུ་བེད་ལས་བཟོ་མི་ཐེངས་ ༤༥༢༠ གསོ་སྦྱོང་བྱས་པར་བརྟེན་ཆུ་བེད་པུའི་དུས་ཐེངས་བཅུ་གཉིས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༥ ཉིན༽
༧༽ ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་སོགས་པུའུ་ཨུད་དྲུག་གིས་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ་སྐབས་ལྔ་པ་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བོད་ལྗོངས་ཀྱི་མི་གཅིག་ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་སྐབས་ལྔ་པའི་གཟི་བརྗིད་མཚན་སྙན་དང་མི་དགུར་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་སྐབས་ལྔ་པའི་མིང་འདོན་བྱ་དགའི་གཟི་བརྗིད་མཚན་སྙན་ཐོབ། ༢༠༠༧ ལོ་ཚུན་གྱི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་སྐབས་ལྔའི་དཔྱད་འདེམས་ཁྲོད་བོད་ལྗོངས་ཀྱི་མི་ ༧ བདམས་ཐོན་བྱུང་ཡོད་པ་དང་། གཞན་མི་ ༤༤ ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་ཡོད་པ་རེད། “རྒྱལ་ཡོངས་གཞན་ཕན་སྒྲུབ་པར་དགའ་བའི་ཀུན་སྤྱོད་དཔེ་བཟང་སྐབས་ལྔ་པའི”གཟི་བརྗིད་མཚན་སྙན་ཐོབ་མཁན་དགའ་བློ་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་གི་སློབ་སྤྱི་རེད་ལ། སློབ་གསོའི་ལས་དོན་བསྒྲུབས་ནས་ལོ་ ༢༠ སོང་རིང་སློབ་མ་ ༣༠ ལྷག་ཙམ་ལ་སྔ་རྗེས་སུ་སྒོར་ཁྲི་ ༡༠ ལྷག་ཙམ་གྱིས་རོགས་སྐྱོར་བྱས་པ་རེད། ལས་ཀའི་ཞོར་དུ་རི་བོ་མང་པོ་བརྒལ་ནས་ཀེ་ལོ་སྨི་ཊ་དུ་མའི་སར་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་པར་ཕྱིན་ནས“སློབ་མ་དབུལ་པོའི་ཡིག་ཚགས”བཟོས། དེས་མ་ཚད། ད་དུང་རྟག་ཏུ་རང་གི་ཤེས་ཚད་འཇོན་ཚད་ཐོག་ནས་ལས་བཟོ་དང་མཐའ་འཁོར་གྱི་ཞིང་འབྲོག་པར་རོགས་རམ་བྱས་པས་ཚང་མས་བསྔགས་བརྗོད་བྱེད་སའི“གཅེས་སེམས་དགེ་རྒན”དུ་གྱུར་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༢༦ ཉིན༽
༨༽ ཟླ་ ༡༠ ཚེས་ ༢༥ ཉིན་ནས་བཟུང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ལན་ཀྲོའུ་དང་ཧྲེ་ཅ་ཀྲོང་བར་དང་། ཆབ་མདོ་ནས་ཁྲུང་ཆིང་དང་ཐེན་ཅིན་བར། ཆབ་མདོ་ནས་ཁྲུང་ཆིང་དང་ཅི་ནན་བར་བཅས་ཀྱི་མཁའ་ལམ་གསུམ་གསར་དུ་གཏོད་ཉེར་ཡོད་པ་དང་འབྲེལ་ཁྲེང་ཏུའུ་ནས་སན་ཡ་དང་། ལྷ་ས་ནས་མན་དབྱང་དང་ཐེན་ཅིན་བར་གྱི་མཁའ་ལམ་སླར་གསོ་བྱས་ནས་ཡུལ་སྐོར་བ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བོད་ལྗོངས་མཁའ་འགྲུལ་ཀུང་སིས་གསར་དུ་གཏོད་ཉེར་ཡོད་པའི་ལྷ་ས་ནས་ལན་ཀྲོའུ་དང་ཧྲེ་ཅ་ཀྲོང་བར་གྱི་མཁའ་ལམ་དེ་མིག་སྔར་ཁྲོམ་རའི་ཐོག་འབའ་ཞིག་འཕུར་སྐྱོད་ཀྱི་མཁའ་ལམ་ཞིག་ཡིན་པས་སྔར་ལས་ལྷག་པའི་ངང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་དྲ་རྒྱ་འཐུས་ཚང་དུ་འགྲོ་རྒྱུ་དང་དུས་མཚུངས་ཧོ་པེ་ཞིང་ཆེན་ནས་བོད་དུ་སྐྱོད་སའི་དུས་གཏན་གནམ་གྲུ་མེད་པའི་ཁྲོམ་རའི་སྟོང་ཆ་གསབ་རྒྱུ་ཡིན་པ་རེད།
དེའི་ནང་ནས་ལྷ་ས་ནས་ལན་ཀྲོའུ་དང་ཧྲེ་ཅ་ཀྲོང་བར་གྱི་མཁའ་ལམ་གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་འཕུར་རྒྱུ་དང་མཁའ་ལམ་གཞན་དག་བཞི་པོ་གཟའ་འཁོར་རེའི་རེས་གཟའ་ཉི་མར་འཕུར་རྒྱུ་ཡིན་པ་དང་སྐབས་དེ་དུས་བོད་ལྗོངས་མཁའ་འགྲུལ་ཀུང་སིར་མཁའ་ལམ་ ༣༡ ཟིན་རྒྱུ་ཡིན་པ་རེད།
རང་རྒྱལ་གྱི“ས་མཐོའི”མཁའ་འགྲུལ་ཀུང་སི་ཐོག་མ་དེ་ཡིན་པའི་ངོས་ནས་བོད་ལྗོངས་མཁའ་འགྲུལ་ཀུང་སིར་ ༢༠༡༡ ལོ་ནས་བཟུང་གནམ་གྲུ་ཐེངས་དང་པོ་ཤར་གཏོང་ཐུབ་ཚུན་ལྗོངས་ནང་ཁུལ་གྱི་གནམ་ཐང་ཆེ་གྲས་ཁག་ལྔ་ལ་ཁྱོན་ཡོངས་ནས་ཁྱབ་པ་དང་འབྲེལ་མཁའ་ལམ་དྲ་རྒྱ་རིམ་གྱིས་པེ་ཅིང་དང་། ཁྲེང་ཏུའུ། ཧྲང་ཧའེ། ཧྲེན་ཀྲེན་སོགས་རྒྱལ་ནང་གི་གྲོང་ཁྱེར་གཙོ་གྲས་སུ་སྣུར་སྲིང་ཐུབ་པ་དང་རིམ་རྩིས་ལྟར་ན། དུས་གཏན་གནམ་གྲུ་ཐེངས་ཁྲི་ ༥ ལྷག་ཙམ་འཕུར་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་ ༤༤༡ སྐྱེལ་འདྲེན་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ཐད་འདེགས་སྐྱོར་བྱེད་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༢༧ ཉིན༽
༩༽ ཟླ་ ༡༠ ཚེས་ ༢༣ ཉིན་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མཚེའུ་ཡིན་པའི་བོད་ཀྱི་བྱང་གནམ་མཚོའི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་ཚོར་ཁ་ཕྱོགས་ནས་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་གི་ཐོན་རྫས་རིགས་ ༥ མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ལྷ་སའི་གྲོང་ཁུལ་ནས་འདམ་གཞུང་རྫོང་བྱང་གནམ་མཚོའི་ལྗོངས་ཁུལ་བར་གྱི་ཐད་གཏོང་ཆེད་སྤྱོད་རླངས་འཁོར་ཤར་གཏོང་བྱས་ཡོད།
ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་གི་ཐོན་རྫས་རིགས་ ༥ ཁག་སོ་སོ་ནི་ཉིན་གཅིག་མཚོ་སྐོར་དང་ཉིན་གཉིས་མཚོ་སྐོར། གནམ་མཚོར་ཉི་མ་ཤར་སྐབས་དང་ནུབ་མཚམས་སུ་པར་ལེན་པའི་ཉིན་གཉིས་ཡུལ་སྐོར། བྱང་གནམ་མཚོ་དང་ལྷ་ས་སྐྱིད་ཆུ་ཉིན་གཅིག་སྐོར་བ།《འུན་ཤིང་ཀོང་ཇོ》ཉིན་གཅིག་སྐོར་བ་བཅས་ཡིན།
དེའི་ཁྲོད་ཟླ་ ༡༡ ཚེས་ ༡ ཉིན་ནས་ལོ་རྗེས་མའི་ཟླ་ ༤ ཚེས་ ༣༠ ཉིན་བར་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཐོན་རྫས་ཀྱི་རིགས་གོང་མ་བཞི་ལས་མེད། ལྷ་སའི་གྲོང་མིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་རིང་གོང་གཟིགས་སྐྱོང་ཐུབ་པ་དང་། འགྲུལ་པའི་རིན་གོང་དེ་ཡུལ་སྐོར་དུས་ཚིགས་མི་འདྲ་བར་འཕར་ཆག་ཡོང་གི་ཡོད། མིག་སྔར་ལྷ་སའི་པེ་ཅིང་ཤར་ལམ་ཐོག་གནས་པའི་ལྷ་ས་གངས་ལྗོངས་མུ་ཏིག་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོ་གཉེར་ས་དང་ལྷ་ས་མཚོ་འགྲམ་སྤྱི་གླིང་གི་གྲུ་ཁ་གཉིས་སུ་སྤ་སེ་ཉོ་ས་ཡོད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༡༠ ཚེས་ ༢༧ ཉིན༽
༡༠༽ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༤ དང་ཚེས་ ༢༥ ཉིན་གཉིས་ལ་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཉེན་དོན་དངོས་འཐབ་ཅན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་ནས་དཔུང་སྡེའི་དངོས་འཐབ་ཅན་སྦྱོང་བརྡར་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད། དེའི་ནང་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་རིམ་པའི་ཚན་པ་བཅུ་ལྷག་ཙམ་གྱི་དཔོན་དམག་བརྒྱ་ལྷག་ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་དུས་བབ་གསར་པའི་འོག་གི་ས་མཐོའི་མཐའ་སྲུང་སྲུང་སྐྱོབ་ལས་དོན་གྱི་དམག་ཇུས་གསར་པ་དང་སྦྱོང་བརྡར་བྱེད་སྟངས་གསར་པ་ཁྱོན་ཡོངས་ནས་འཚོལ་ཞིབ་བྱས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༧ ཉིན༽
༡༡༽ ཉེ་ཆར་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་བོད་རིགས་ས་ཁུལ་ནས་ཡོང་བའི(ཧྲེ)ཀྲོའུ་ཡི་འཐུས་མི་ཚོགས་པ་དྲུག་གིས་སི་ཁྲོན་དཀར་མཛེས་ཀྲོའུ་དར་རྩེ་མདོ་གྲོང་ཁྱེར་དུ་ཐོག་མར་འཚོགས་པའི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་བོད་རིགས་ས་ཁུལ་གྱི་ཧྲེ(ཀྲོའུ)ཀྲང་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཟོ་རྒྱུའི་འཆར་གཞི་བཟོས་ནས་ས་ཁོངས་མཉམ་ལས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཚོགས་ཞུགས་ས་ཁུལ་ནང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང(ཁུལ)ཀྲོའུ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཚུད་ཡོད་པར་རི་ཆུ་འབྲེལ་ལ་རིག་གནས་སྣང་ཚུལ་སྣ་ཚོགས་མཐུན་པའི་རྒྱ་ཁྱོན་ཀེ་ལོ་སྨི་ཊ་ངོས་གྲུ་ཁྲི་ ༧༡ ཡོད་པའི་ས་ཆ་དེ་ནི་བོད་དང་ནང་ས་སྦྲེལ་མཐུད་བྱེད་པའི་སྒྲོག་ཐག་ལྟ་བུ་གཅིག་རེད།
ད་ཐེངས་ཀྱི་མཉམ་འབྲེལ་གྲོས་ཚོགས་སུ་གྲོས་བསྡུར་བྱེད་པའི་ནང་དོན་ནང་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་དང་། ཁམས་པའི་སྒྱུ་རྩལ་དུས་ཆེན། དེ་བཞིན་འགྲིམ་འགྲུལ་དང་། ཡུལ་སྐོར། རིག་གནས། སྣོད་བཅུད་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ཚུད་ཡོད་ཅིང་། མཐར་ས་ཁུལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་གྲུབ་རྒྱུ་ཡིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༧ ཉིན༽
༡༢༽ ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ཚེས་ ༢༩ ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་གནང་བའི་ལས་དོན་སྐོར་གྱི་སྙན་ཞུ་གསན་པ་དང་གྲོས་བསྡུར་གནང་བ་དང་། <<རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ>> ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད། ཞིས་ཅིན་ཕིང་གིས <<གྲོས་འགོ་(གྲོས་བསྡུར་མ་ཟིན)>>སྐོར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་བརྩོན་བྱས་ནས་ཐུན་མོང་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་རིམ་གྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༠ ཚེས་ ༢༧ ཉིན༽
༡༣༽ ཟླ་ ༡༠ ཚེས་ ༢༧ ཉིན་གྱི་སྔ་དྲོར་ནན་ཅིང་ཉིའུ་ཧྲོའུ་རི་བོར་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་ཐོད་ཀྱི་རིང་བསྲེལ་མཆོད་འབུལ་མཛད་སྒོ་གཉེར་ཞིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན། ནན་ཅིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་བཅས་ཀྱིས་གདན་འདྲེན་ཞུས་པའི་རྒྱལ་ཁབ་ཕྱི་ནང་གི་བླ་མ་སྐྱེས་ཆེན་མཆོད་འབུལ་མཛད་སྒོར་ཞུགས་ཡོད་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་། དད་ལྡན་མང་ཚོགས་སོགས་མི་སྟོང་ཕྲག་ལྷག་ཙམ་འཛོམས་ཡོད་པ་རེད།
《ནན་ཅིང་གྲོང་ཁྱེར་གྱི་སངས་རྒྱས་དབུ་ཐོད་ཀྱི་རིང་བསྲེལ་སྲུང་སྐྱོབ་དང་དོ་དམ་གྱི་བྱེད་ཐབས》 གཞིར་བཟུང་སངས་རྒྱས་དབུ་ཐོད་ཀྱི་རིང་བསྲེལ་དེ་ལོ་ལྟར་གྱི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། རྒྱལ་སྟོན་དུས་ཆེན། སངས་རྒྱས་ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བ (ལུགས་རྙིང་གི་ཟླ་གཉིས་པའི་ཚེས་བརྒྱད)དང་། མྱ་ངན་ལས་འདས་པ།(ལུགས་རྙིང་གི་ཟླ་གཉིས་པའི་ཚེས་བཅོ་ལྔ) སངས་རྒྱས་སྐུ་བལྟམས་པ།(ལུགས་རྙིང་གི་ཟླ་བཞི་པའི་ཚེས་བརྒྱད) མངོན་པར་རྫོགས་པར་སངས་རྒྱས་པ(ལུགས་རྙིང་གི་རྒྱལ་ཟླའི་ཚེས་བརྒྱད)བཅས་ཀྱི་ཉིན་མོར་ཕྱི་ལ་སྒོ་མོ་ཕྱེ་ནས་མཆོད་འབུལ་དང་ཕྱག་འཚལ་དུ་འཇུག་གི་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༨ ཉིན༽
༡༤༽ འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱིས་མང་ཚོགས་ཉེ་འགྲམ་དུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་གནད་དོན་ ༣༨ཞིབ་བཤེར་ཐག་གཅོད་བྱས་ནས་མི་ ༥༢ ལ་ཏང་སྒྲིག་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་དང་སྒྲིག་འགལ་མ་དངུལ་སྒོར་ཁྲི་ ༦༠༠ ལྷག་ཙམ་གཞུང་བཞེས་བཏང་། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༠ ཚེས་ ༢༨ ཉིན༽
༡༥༽ འདི་ལོའི་ཟླ་ ༡༠ ཚེས་ ༡༢ ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པར་གཞིགས་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ཚེས་ ༢༩ ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དོ་སྣང་བྱེད་དགོས་དོན་དྲུག་གཤམ་གསལ།
དང་པོ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དུས་ཚོད་ཇི་ལྟར་གཏན་འཁེལ་བྱེད་པ།
གཉིས་པ། ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་གང་དང་གང་ཡོད་པ།
གསུམ་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འདི་སུས་གཙོ་སྐྱོང་གནང་བ་དང་མི་སུ་དང་སུ་ཚོགས་འདུར་ཞུགས་རྒྱུ་ཡིན་པ།
བཞི་པ། ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་གཉིས”ལ་གདེང་འཇོག་ཇི་ལྟར་བྱེད་པ།
ལྔ་པ། ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”སྒྲུབ་ཕྱོགས་གཏན་འབེབས་ཇི་ལྟར་བྱེད་པ།
དྲུག་པ། འཆར་འགོད་གྱི་གྲོས་གཞི་དང་འཆར་འགོད་ཀྱི་རྩ་གནད་གཉིས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་པ།
དེ་སྔོན་གྱི 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ཡི་འཆར་ཟིན་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནས་བསམ་འཆར་བསྡུ་ལེན་བྱས་པ་རེད། ས་ཁུལ་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་ཕྱོགས་སོ་སོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོ་བཅས་ཀྱིས་གྲོས་འགོ་མ་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་དག་ཡིག་ཆའི་མ་ཟིན་ནང་བསྡུ་ལེན་དང་མཚོན་ཐབས་གང་ལེགས་བྱས། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༩ ཉིན༽
༡༦༽ ཉིན་ཤས་གོང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ ༡༡ ནས་སླེབས་པའི་ཡུལ་སྐོར་ཁེ་ལས་ ༥༠༠ ལྷག་ཙམ་གྱི་འབྲེལ་ཡོད་མི་སྣ་ས་མཐོའི་གནའ་གྲོང་ཟི་ལིང་དུ་འཛོམས་ཏེ“༢༠༡༦ ལོའི་མཛེས་པའི་མཚོ་སྔོན་ཡུལ་སྐོར་ཁེ་ལས་ཀྱི་ཉོ་ཚོང་འདུ་ཚོགས”སུ་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་བྱས་ནས་ཡུལ་དེ་གའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་འཚོལ་བར་གཞོལ་བ་རེད།
ཉིན་ ༣ རིང་གི་ཉོ་ཚོང་འདུ་ཚོགས་སུ་ཡུལ་སྐོར་ཁེ་ལས་ཀྱི་མཉམ་ལས་སྤེལ་རེས་གཙོ་བོར་བྱས་ཡོད། དེའི་རིང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་སྡེ་ཚན་དང་ཁེ་ལས་ཁག་གིས་མཚོ་སྔོན་གྱི“ཟ་སྡོད་འགྲོ་སྐོར་ཉོ་རྩེད”དང་དེ་བཞིན་ལམ་ཐིག་གཙོ་བོར་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་མ་ཟད། “ཡུལ་སྐོར་དང་དངུལ་རྩ་ཟུང་འབྲེལ”གྱི་མཐོ་རིམ་གླེང་སྟེགས་དང་། “ཡུལ་སྐོར་དང་དྲ་སྦྲེལ་ཟུང་འབྲེལ”གྱི་བགྲོ་གླེང་ཚོགས་འདུ། ཡུལ་སྐོར་ལས་དོན་ཁང་གི་ཁེ་ལས་བཞུགས་མོལ་ཚོགས་འདུ་སོགས་འཚོགས། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༠ ཚེས་ ༢༩ ཉིན༽
༡༧༽ རྒྱལ་ཡོངས་ཀྱི་བོད་རིག་པའི་རིགས་གཅིག་མཁས་པས་དཀའ་སྤྱད་འགག་སྒྲོལ་ལོ་བཅུ་ཕྲག་བྱས་པ་བརྒྱུད་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་ཞིབ་རྣམ་གྲངས་གལ་ཆེན《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཞེས་པ་རྩོམ་འབྲི་ཟིན་ནས་ཁྱོན་པོད་བརྒྱད་དང་། དེབ་༡༣ ཡིག་འབྲུ་ཁྲི་ ༩༠༠ ལྷག་ཙམ་བཅས་ཡོད་པ་དེ་ཚེས་ ༣༠ ཉིན་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་འཚོགས་པའི་སྐབས་གཉིས་པའི་བོད་རིག་པའི་ཇོ་རིའི་གླེང་སྟེགས་ཐོག་པར་ཕུད་འགྲེམས་སྤེལ་ཐོག་མར་བྱས་ཤིང་། རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་རིགས་ཁྲོད་ཀྱི་རིགས་གཅིག་མཁས་པ་ ༩༠ ལྷག་ཙམ་གྱིས་མཉམ་དུ་ཞིབ་འཇུག་གིས་བྲིས་པའི《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཞེས་པ་ནི་རྒྱལ་ནང་དུ་ཆ་ཚང་ཞིང་སྣེ་འཛོམས་ལ་ཞིབ་ཚགས་ཀྱིས་ངོ་སྤྲོད་བྱས་པའི་བོད་ཀྱི་ས་གནས་ལོ་རྒྱུས་དེབ་གཅིག་ཡིན་ཞིང་། དེའི་ནང་རྒྱལ་ཁབ་ཕྱི་ནང་གིས་བོད་རིག་པར་ཞིབ་འཇུག་བྱས་འབྲས་ཀྱང་བསྡུས་སྟབས“སྙིང་བཅུད་ཀུན་འདུས”ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྔ་མོའི་དུས་དང་། སུང་མིང་རྒྱལ་རབས། དེང་དུས་ཀྱི་ཞིབ་འཇུག་བྱེད་ཁོངས་ཅུང་ཞན་སར་ཁ་སྐོང་གང་ཐུབ་བྱས་ཡོད་པ་དང་ཞིབ་འཇུག་བྱ་ཡུལ་ཅུང་སྨིན་པའི་དུས་ཀྱི་འབྱེད་མཚམས་ཐད་མུ་མཐུད་རྒྱས་སུ་བཏང་ནས་ཀྲུང་གོའི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་པར་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་སྒྲིག་གཞི་དང་མཐུན་སྦྱོར་མཉམ་ལས་བྱས་སྟབས་བོད་རིག་པའི་ཚན་ཞིབ་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཡིའུ་ལོ་ཕིང་གིས་《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཞེས་པ་རྩོམ་འབྲི་བྱེད་རིང་། འབྲེལ་ཡོད་ཞིབ་འཇུག་བྱས་འབྲས་འབོར་ཆེན་ཞིག་བསྡུས་པ་མ་ཟད། 《ཀྲུང་གོའི་བོད་ཀྱི་སྨན་གཞུང་ཚིག་མཛོད་ཆེན་མོ》རྩོམ་འབྲི་བྱས་ནས་མགྱོགས་མྱུར་འདོན་རྩིས་ཡོད་པ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་འགྲེམས་སྟོན་ཁང་གཉིས་པ་དང་མཉམ་ལས་བྱས་ནས་ཡིག་འབྲུ་ཁྲི་ ༤༠༠༠ ཙམ་ཟིན་པའི་《ཀྲུང་གོའི་ཡིག་ཚགས་ཁང་གཉིས་པར་ཉར་ཚགས་བྱས་པའི་བོད་དང་བོད་དོན་སྐོར་གྱི་ཡིག་ཚགས་ཕྱོགས་སྒྲིག》པོད་༥༠ ལེགས་སྒྲིག་བྱས་ནས་བཏོན་པ། ཚད་ལྡན་ཡིག་ཆ་གལ་ཆེན་གྱི་རྣམ་གྲངས《བོད་དང་འབྲེལ་བའི་ལྕགས་ཐོག་དང་རྡོ་རིང་ལ་འཁོད་པའི་ཡི་གེ》རྣམ་གྲངས་འཛུགས་རྒྱུ་ཆོག་མཆན་ཐོབ་པ། 《བོད་ཀྱི་ལོ་རྒྱུས་གནད་དོན་འགའི་ཞིབ་འཇུག》 《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་དེའི་དགོངས་འགྲེལ》སོགས་རྨང་གཞིའི་ཞིབ་འཇུག་ལས་དོན་ལའང་གྲུབ་འབྲས་འབོར་ཆེན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།
མིག་སྔར་པེ་ཅིང་བོད་རིག་པའི་ཇོ་རིའི་གླེང་སྟེགས་དེ་རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་སྤེལ་རེས་དང་ཞིབ་འཇུག་བྱས་འབྲས་འདོན་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༡ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢ ལ།