༄༅། །མི་རིགས་ཤིག་གསོན་གནས་ཐུབ་མིན་ནི། མི་རིགས་དེས་རང་གི་སྐད་ཡིག་དང་རིག་གཞུང་གོམས་གཤིས་རྣམས་རྒྱུན་དུ་འཚོ་བའི་ནང་བཀོལ་སྤྱོད་དང་རྒྱུན་འཛིན་བྱེད་ཐུབ་མིན་ལ་རག་ལུས་ཤིང་། འཛམ་གླིང་སྤྱི་ལ་ཁྱབ་པའི་ཆོས་ཉིད་ལྟར་བོད་མི་རིགས་ཀྱི་ངོ་བོ་དང་ཚེ་སྲོག་གི་གསོན་ཤུགས་ཀྱང་མི་རིགས་རང་གི་སྐད་ཡིག་དང་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་གཤིས་ཀྱི་ཐོག་ནས་འཇོག་དགོས་པ་ལས། ཕྱིའི་ཆ་ལུགས་དང་བཟའ་བཏུང་སྤྱོད་ལུགས་ཙམ་གྱི་ཐོག་ནས་འཇོག་མི་ཐུབ། གལ་གནད་འདིའི་ཐོག་ནས་བལྟས་ན། རང་ཉིད་བོད་མི་རྣལ་མ་ཞིག་ཏུ་གནས་ཐུབ་ཡོད་མེད་དང། རང་གི་བུ་རབས་ཚ་རྒྱུད་རྣམས་བོད་མི་གཙང་མ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་མེད་ལས་སླ་པོས་རྟོགས་ཐུབ་པ་ཞིག་ཡིན། བོད་ཀྱི་མི་རིགས་དང་རིག་གཞུང་འཇིག་རྟེན་འདིའི་ཐོག་མུ་མཐུད་གནས་དགོས་པའི་བསམ་བློ་བཅོས་མ་མ་ཡིན་པ་ཡོད་པའི་བོད་མི་ཞིག་ཡིན་ན། བོད་མི་རིགས་གསོན་གནས་ཐུབ་པའི་ལས་འགུལ་རང་ཉིད་ནས་འགོ་རྩོམ་དགོས་པ་མ་གཏོགས། རང་གི་སྒོ་གསུམ་ལ་མི་རིགས་དེའི་སྐད་ཡིག་དང་། བསམ་བློ། ཀུན་སྤྱོད། གོམས་གཤིས་ཀྱིས་མཚོན་པའི་ཁྱད་ཆོས་གང་ཡང་མེད་པར་གྱུར་ན། དོན་ངོ་མའི་ཐོག་ནས་རང་ཉིད་ཀྱང་མི་རིགས་འདིའི་གསོན་གནས་ཀྱི་ཚེ་སྲོག་ལ་ཉེན་ཁ་བཟོ་མཁན་ཞིག་ཏུ་གྱུར་ཡོད་པ་མཁྱེན་དགོས།[Pdf]