ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་ནི་རྒྱ་ནག་གི་བོད་ཐོག་ལས་དོན་གྱི་གལ་གནད་ཡིན།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན། རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་དོན་ཚན་ཆེན་པོ་དྲུག་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད། དེ་ནི་ཕྱི་ལོ་ ༢༠༢༡ རྗེས་ཀྱི་བོད་ཐོག་རྒྱབ་ཤ་དཀར་པོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཆ་གསར་ཤོས་དེ་ཆགས་ཡོད། སྔོན་གྱི་ཡིག་ཆ་ཁག་དང་མི་འདྲ་བར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ཀླ་ཀློ་དང་རྗེས་ལུས་ཡིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་བཅིངས་འགྲོལ་དང་བདེ་སྐྱིད་བསྐྲུན་པ་སོགས་ནམ་རྒྱུན་བཤད་བསྡད་པའི་འཁྱོག་བརྗོད་ཀྱི་ནང་དོན་དེ་ཚོ་བཀོད་མེད། རྒྱ་ནག་གི་ཚོགས་ཆེན་ ༡༨ ནས་ཞི་ཅིན་ཕིང་གིས་བོད་ལ་འཛུགས་སྐྲུན་འཕེལ་རྒྱས་དང་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱི་ཡོད་ཚུལ་བཀོད་འདུག
རྒྱབ་ཤ་དཀར་པོའི་ནང་སྔོན་གྱི་ཁ་བྲལ་ལ་ངོ་རྒོལ་སྐོར་གྱི་བརྒྱ་བཤད་སྟོང་གླེང་སྐོར་ཡིག་ཕྲེང་གཅིག་ནང་བསྡུས་ཡོད། དོན་ཚན་གསུམ་པ་མི་རིགས་ཆོས་ལུགས་ལས་དོན་བརྟན་པོར་སྤེལ་བ་ཟེར་བའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གལ་གནད་དང་བོད་ཀྱི་ལས་དོན་གྱི་ཐབས་ཇུས་ཀྱི་ལས་འགན་ཡིན་ཞེས་བཀོད་འདུག དེས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཟས་གོས་འགྲོ་སྡོད་ཁྱོན་ཡོངས་ཚོད་འཛིན་བྱེད་ཐུབ་པ་དང་། ད་ནས་བཟུང་བོད་མིའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཐད་གལ་ཆེ་ཤོས་ཀྱི་ངོས་འཛིན་ནས་ཚོད་འཛིན་བྱེད་ཀྱི་ཡོད་པ་ཤེས་ཐུབ། དེ་ཡང་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཡིག་ཆའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་བོད་ཐོག་ལས་དོན་གྱི་ཐབས་ཇུས་ཀྱི་ལས་འགན་ཡིན་ཟེར་བའི་བརྗོད་པ་དང་པོ་ཆགས་འདུག དེས་ང་ཚོས་རྒྱ་གཞུང་གི་བོད་ནང་མི་རིགས་དང་ཆོས་ལུགས་ལས་དོན་ཐད་མི་རིགས་རིག་གཞུང་དང་ཆོས་དད་རང་དབང་དར་སྤེལ་གཏང་རྒྱུ་མིན་པར་ཀྲུང་ཧྭ་མི་རིགས་ཟེར་བའི་མིང་འོག་ནས་བོད་ནང་མི་རིགས་མཚུངས་བསྒྱུར་གཏོང་གི་ཡོད་པ་མཐོང་ཐུབ། ཁོ་ཚོའི་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་སྐད་ཡིག བོད་མིའི་ངོ་བོ་སོགས་རྩ་མེད་བཟོས་ནས་བོད་མི་ཚོས་རྒྱ་གཞུང་གིས་བཀའ་དང་ལེན་བྱ་རྒྱུ་དེ་ཡིན།
མིས་བཟོས་པའི་ཀྲུང་ཧྭ་མི་རིགས་དང་རྒྱ་ནག་གི་མི་རིགས་རིང་ལུགས།
ཀྲུང་ཧྭ་མི་རིགས་ཟེར་བ་ནི་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་བྱུང་བ་ཞིག་རེད། ཕྱི་ལོ་ ༡༩༠༥ ལང་ཆི་ཁྲོའོ་(梁启超)གྱིས་《ལོ་རྒྱུས་ཐོག་གི་ཀྲུང་གོ་མི་རིགས་ཀྱི་རྟོག་དཔྱོད》《历史上中国民族之观察》ཞེས་པའི་རྩོམ་ཡིག་ནང་དུ་ཀྲུང་ཧྭ་མི་རིགས་ཟེར་བ་ཐེངས་བདུན་བེད་སྤྱོད་བྱས་ཡོད། དེང་གི་ཀྲུང་ཧྭ་མི་རིགས་ནི་ཡོངས་ཁྱབ་ཏུ་འབོད་བཞིན་པའི་རྒྱ་མི་རིགས་རེད། དེ་ནི་རྒྱ་ནག་གི་གཙོ་གཞི་མི་རིགས་ཏེ་མེས་པོ་ཡན་ཧོང་གི་རྒྱུད་པ་ཡིན། (今之中华民族,即普遍俗称所谓汉族者,它是我中国主族,即所谓炎黄遗族。)འོན་ཀྱང་ལང་ཆི་ཁྲོའོ་ཡིས་ཀྲུང་ཧྭ་མི་རིགས་ཟེར་བ་དངོས་སུ་བེད་སྤྱོད་བྱེད་སྐབས་ཟང་ཟིང་དང་ཁ་གསལ་མི་འདུག མཚམས་རེར་རྒྱ་མི་རིགས་དང་མཚམས་རེར་རྒྱ་ནག་གི་མི་རིགས་ཚང་མར་(所有民族) བེད་སྤྱོད་བྱས་ཡོད།
ཀྲུང་ཧྭ་ནི་ཀྲུང་ཡོན་ཧྭ་ཤཱ་(中原华夏)
རྨ་ཆུའི་ཆུ་སྐེད་དང་ཆུ་སྨད་དུ་འཚོ་སྡོད་བྱེད་མཁན་རྒྱ་མི་རིགས་གཙོ་གཞི་བྱས་པའི་ས་ཆ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡང་ཀྲུང་ཧྭ་མི་རིགས་ནི་ཀྲུང་ཡོན་ཧྭ་ཤཱ་མི་རིགས་རྒྱ་མི་རིགས་ལ་གོ་ཡི་ཡོད།ལོ་ངོ་སྟོང་ཕྲག་སྔོན་ནས་རྒྱ་ནག་རུ་ལུགས་ཀྱི་མཁས་པ་ཚོས་རྒྱ་ནག་ནི་མི་དང་མི་རིགས་དང་རྒྱལ་ཁབ་གཞན་ཚོ་བྱོལ་སོང་(中国为人,而夷狄为禽兽) དུ་ངོས་འཛིན་གྱི་ཡོད། བྱས་ཙང་མཐའ་བཞི་ཀླ་ཀློར་འབོད་པའི་བོད་མི་གཙོས་པའི་མི་རིགས་ཚོ་གང་འདྲ་བྱས་ནས་དཔལ་ཡོན་ཅན་ཡིན་ཟེར་མཁན་གྱི་ཀྲུང་ཧྭ་མི་རིགས་ཆགས་པ་རེད། དེ་ནི་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཆབ་སྲིད་དགོས་མཁོའི་ཆེད་དུ་ཐ་སྙད་རོལ་རྩེད་བྱས་པ་གསལ་པོ་རེད།
རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དུས་འགོར་རྒྱ་ནག་གི་གཞུང་ལུགས་སྨྲ་བ་ཚོས་མན་ཇུ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཟེར་བ་ཆ་ཚང་ཞིག་ཁྲིམས་མཐུན་ཤུལ་འཛིན་ཡོང་ཐབས་ཆེད། དུས་མཚུངས་མི་རིགས་རིང་ལུགས་ལག་ལེན་ཡོང་ཆེད་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རྒྱལ་རིགས། རིགས་རྒྱུད་། ཀྲེ་ཙུའུ། (支族)པུའུ་ཙུའུ། (部族)ཙུང་ཙུའུ།(宗族)སོགས་ཀྱི་མིང་ཚིག་བེད་སྤྱད་ནས་གྲངས་ཉུང་མི་རིགས་ཟེར་བ་སྐད་ཡིག རིག་གཞུང། ཆོས་ལུགས། གང་ཅིའི་ཐད་རྒྱ་མི་རིགས་དང་མི་འདྲ་བའི་ཁྱད་ཆོས་མེད་པ་བཟོ་ཐབས་བྱས་ཡོད། མཐའ་མར་ཕྱི་ལོ་ ༡༩༤༧ རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་བྱས་ཏེ། དེའི་ནང་མི་རིགས་ཁག་(各民族)ཟེར་བ་བེད་སྤྱོད་བྱས་ནས་འདྲ་མཉམ་ཡིན་ཁུལ་བྱས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དུས་འགོའི་སྐབས་སུ་ཡང་རྒྱ་ནག་མི་དམངས་དང་མི་རིགས་ཁག་(中国人民和各民族)ཟེར་བའི་སྤྱི་ཚོགས་རིང་ལུགས་ཀྱི་མིང་ཚིག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་ ༡༩༧༦ མའོ་ཙེ་ཏུང་འདས་གྲོངས་ཕྱིན་རྗེས། ཡང་བསྐྱར་ཀྲུང་ཧྭ་མི་རིགས་ཟེར་བས་རྒྱ་ནག་མི་དམངས་དང་མི་རིགས་ཁག་རིམ་པས་ཚབ་བྱས་ཡོད། མའོ་ཙེ་ཏུང་གིས་གྲལ་རིམ་འཐབ་རྩོད་བེད་སྤྱོད་བྱས་ནས་རྒྱལ་ཁབ་སྐྱོང་བཞིན་མི་རྣམས་གྲལ་རིམ་མང་པོ་ཞིག་ལ་བགོས་ནས་ཕན་ཚུན་དབར་འཐབ་རྩོད་བྱེད་དུ་བཅུག་ཡོད། དེ་ནི་མིའི་འཁོན་འཛིན་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཞིག་རེད། རིག་གནས་གསར་བརྗེའི་རྗེས་སུ་རྒྱ་གཞུང་གིས་ཡང་བསྐྱར་མི་སེར་རྒྱལ་ཁབ་གོ་མིན་ཏང་སྲིད་གཞུང་གི་ཕམ་ཉེས་སུ་ཕྱིན་ཚར་བའི་ཀྲུང་ཧྭ་མི་རིགས་ཟེར་བའི་མི་རིགས་རིང་ལུགས་ཅན་གྱི་ཐ་སྙད་དེ་ཡར་སྒྲུག་ནས་དམར་ཤོག་ཚོགས་པས་མི་རིགས་རིང་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་འགོ་ཚུགས་ཡོད། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་རྗེས་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད་ལ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཟེར་བའི་ས་ཆའི་སྟེང་མི་རིགས་མཚུངས་བསྒྱུར་གྱི་སྲིད་བྱུས་ཀྱི་མེ་ལྕེ་ཤུགས་ཆེ་རུ་བཏང་ཡོད།
ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་དང་མི་རིགས་མཚུངས་བསྒྱུར་སྲིད་བྱུས།
ཕྱི་ལོ་ ༢༠༡༣ ཞི་ཅིང་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་རྗེས་ཐེངས་མང་གི་བརྗོད་ཚུལ་ནི། ཀྲུང་གོའི་རྨི་ལམ་གྱི་སྤྱིའི་བགོས་གྲངས་(最大公约数)ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་རེད། ཞི་ཅིན་ཕིང་ནི་མི་རིགས་རིང་ལུགས་པ་ཞིག་རེད་ལ། ཡང་དག་པར་བཤད་ན་ཞི་ཅིན་ཕིང་གིས་རྒྱ་ནག་གི་མི་རིགས་རིང་ལུགས་བེད་སྤྱད་ནས་གུང་ཁྲན་ཏང་གི་སྲིད་དབང་ཁྲིམས་མཐུན་དང་སྲ་བརྟན་ཡོང་ཐབས་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་དང་མི་རིགས་རིང་ལུགས་སྐུལ་སློང་བྱེད་སྐབས། མ་གཞི་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མི་འདོད་པ་དང་ལྷག་པར་རིག་གཞུང་དང་སྐད་ཡིག ཆོས་ལུགས། མི་རིགས་ངོ་བོ་གང་གི་ཐད་ནས་རྒྱ་ནག་དང་མི་རིགས་ཐ་དད་ཡིན་པའི་བོད་མི་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བཀག་རྡོའམ་འགོག་རྐྱེན་དུ་ངོས་འཛིན་དང་རྒྱ་གཞུང་གིས་བཟོད་བསྲན་བྱེད་ཀྱི་མེད། བྱས་ཙང་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་གཞུང་གི་ལས་ཁུངས་ཡོངས་ཀྱི་སྟོབས་ཤུགས་བེད་སྤྱོད་བྱས་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་ཀྲུང་ཧྭ་མི་རིགས་ལ་ངོས་ལེན་དང་རྒྱ་ནག་གུང་ཁྲན་ཏང་ལ་བརྩི་བཀུར། ད་དུང་ཁ་བྲལ་རིང་ལུགས་ཟེར་བར་ངོས་ལེན་དང་ཆབ་སྲིད་ཐོག་རྒྱ་ནག་གཞུང་གི་ཅི་བཤད་དང་ལེན་བྱ་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་མིང་འོག་རྒྱ་ནག་གུང་ཁྲན་ཏང་གི་སློབ་ཚན་དགོན་སྡེའི་སློབ་ཁྲིད་ནང་བསྣན་ཞིང་། ད་དུང་གྲྭ་བཙུན་གྱིས་རྒྱའི་སྐད་ཡིག་སྦྱོང་དགོས་པ་ནན་པོ་བྱེད་བཞིན་ཡོད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སློབ་གཞི་ཁག་རྒྱ་ཡིག་ནས་སློབ་དགོས། དེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད།