ནང་དོན་གནད་བསྡུས། ལོ་རབས་དགུ་བཅུའི་ནང་ཉི་ཧོང་གི་ལོ་རྒྱུས་ཞིབ་འཇུག་པ་ཞིག་གིས་སྔར་མན་ཇུའི་རྒྱལ་ས་མུག་ཏིན་དུ་བོད་ཀྱི་དགེ་འདུན་པ་ཞིག་གི་རྡོ་རིང་ཞིག་གསར་རྙེད་བྱུང་སྟེ་ལོ་རྒྱུས་དེབ་ཐེར་ནང་ཐོག་མར་འཁོད་ཡོད་ཅིང་།རྡོ་རིང་དེ་ནི་བོད་དང་མན་ཇུའི་བར་གྱི་ཆོས་འབྲེལ་ངོས་ནས་གཞིགས་ན་ལོ་རྒྱུས་ཀྱི་དཔང་པོ་རྩ་ཆེན་ཞིག་ཆགས་འདུག་པས།རྒྱའི་འབྲེལ་ཡོད་ཡིག་ཚང་ཁག་ལ་གཞི་བཅོལ་ཏེ་རྡོ་རིང་གི་རྒྱབ་ལྗོངས་ལ་དཔྱད་ཞིབ་དང་འབྲེལ་ནས་སྔར་མན་ཇུའི་ཡུལ་དུ་རྒྱལ་བསྟན་གྱི་ལྟ་དགོངས་ཇི་ལྟར་དབུ་བརྙེས་ཚུལ་སོགས་བསྟན་ཡོད།
བརྡ་ཆད་གཙོ་བོ། བྱང་རྡོའི་ཡི་གེ།མན་ཇུ།དབུ་བླ།རྒྱལ་རབས།ཐེག་ཆེན་གྱི་ཆོས།
གླེང་སློང་།
༄༅།།ཉི་ཧོང་གི་ཉེ་རབས་ལོ་རྒྱུས་མཁས་པ་གྲགས་ཅན་ཏོ་ཡུ་ཅིན་སན་(稻叶君山,1876-1940)གྱིས་ལོ་རབས་དགུ་བཅུའི་དུས་འགོར་ཉི་ཧོང་སྐད་ཡིག་ཐོག་བརྩམས་པའི་《ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཀུན་འདུས་ཆེན་མོ་》[1]ནང་།སྔར་མན་ཇུའི་རྒྱལ་རབས་སྔོན་མ་སྟེ་ཇུར་ཆིད་[2]ཀྱི་རྒྱལ་ས་མུག་ཏིན་(盛京)[3]དུ་བཞེངས་པའི་ནང་སོ་སློབ་དཔོན་ཞུ་བའི་བོད་ཀྱི་དགེ་འདུན་པའི་རྡོ་རིང་རྩ་ཆེན་པོ་ཞིག་ལ་ཐོག་མར་ཞིབ་འཇུག་བགྱིས་ཡོད།བོད་དང་མན་ཇུའི་བར་གྱི་ཆོས་ཕྱོགས་ཀྱི་འབྲེལ་ལམ་ངོས་ནས་གཞིགས་ན།རྡོ་རིང་ཡི་གེ་འདིས་ལོ་ངོ་སུམ་བརྒྱ་དགུ་བཅུ་ལྷག་གི་ཡར་སྔོན་གྱི་སྐབས་དེའི་བོད་དང་མན་ཇུའི་ལོ་རྒྱུས་ཀྱི་སྟོང་ཆ་ངེས་ཅན་ཞིག་སྐོང་ཐུབ་སྟེ།དུས་རབས་བཅུ་བདུན་པའི་དུས་འགོ་སྟེ་ཕྱི་ལོ་༡༦༡༦ལོར་ཇུར་ཆིད་ཀྱི་སྲིད་དབང་གསར་དུ་ཚུགས་སྐབས་མན་ཇུའི་ཡུལ་དུ་རྒྱལ་བསྟན་ཐོག་མར་སྤེལ་བའི་སྲོལ་འབྱེད་མཁན་ནི་ནང་སོ་སློབ་དཔོན་ཡིན་པར་གྲགས་ཤིང་།མན་ཇུའི་རྒྱལ་པོ་ཐོག་མ་ནོར་ཧ་ཆི་ཡིས་འདི་པ་དབུ་བླར་བསྟེན་ནས་ཐེག་པ་ཆེན་མོའི་ཆོས་ཞུས་ཚུལ་ཡང་མཆིས།དེས་ན་དགེ་འདུན་པ་འདིའི་རྡོ་རིང་གི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་འདུག་སྙམ་མོད།འོན་ཀྱང་ཉེ་རབས་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དང་གནའ་བོའི་རྡོ་རིང་ཞིབ་འཇུག་སྐོར་གྱི་དཔེ་དེབ་ཁག་ཏུ་ནང་སོ་སློབ་དཔོན་གྱི་རྡོ་རིང་སྐོར་ལ་ཞིབ་འཇུག་བགྱིས་པ་དང་།ཡང་ན་བྱང་རྡོའི་ཡི་གེ་འདི་བོད་ཡིག་ཏུ་ཕབ་སྒྱུར་དང་འདི་ལ་འབྲུ་འགྲེལ་བརྩམས་པ་སོགས་གང་ཡང་མི་གསལ་ཞིང་།མི་སྣ་འདི་ལ་ཞིབ་འཇུག་བྱས་ཚུལ་ཡང་ཧ་ལམ་མེད་པར་སྣང་།དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ཀྱིས་དཀའ་ལས་མང་པོ་བརྒྱབ་སྟེ་ཕྱི་ལོ་༢༠༡༢ལོར་《བོད་ཡིག་རྡོ་རིང་ཞིབ་འཇུག་》ཅེས་པའི་དཔེ་དེབ་མཐུག་པོ་ཞིག་བསྒྲིགས་ཏེ།བོད་བཙན་པོའི་དུས་ནས་བོད་སིལ་བུའི་དུས་དང་།དེ་ནས་རྒྱ་ནག་མེང་རྒྱལ་རབས།མན་ཇུའི་ཆིང་རྒྱལ་རབས་བཅས་བར་གྱི་བོད་ཡིག་རྡོ་རིང་༩༠ལྷག་འཁོད་ཡོད་ཀྱང་།དཔེ་དེབ་དེའི་ནང་དུ་ནང་སོ་སློབ་དཔོན་གྱི་རྡོ་རིང་ཚུད་མེད་པ་ནི་བྱང་རྡོའི་ཡི་གེའི་ནང་བོད་ཡིག་མེད་པས་ཡིན་ངེས།གང་ལྟར་དཔེ་དེབ་དེ་ལས་ཆིང་རྒྱལ་རབས་དུས་ཀྱི་བོད་ཡིག་རྡོ་རིང་སྔ་ཤོས་ནི་ཕྱི་ལོ་༡༦༥༢ལོར་བཞེངས་པའི་《རྒྱལ་པོས་བཞེངས་པའི་དགེ་བ་དར་རྒྱས་གླིང་རྒྱལ་ཁམས་སྐྱོབ་པའི་སྡེ་ཆེན་གཙུག་ལག་ཁང་གི་རྣམ་ཐར་རྡོ་རིང་》(《敕建大隆善护国寺碑记》)ཞེས་པ་དེ་ཡིན།དེ་ལྟར་གཞིགས་ན།མན་ཇུ་ཡིས་རྒྱ་ནག་དབང་སྒྱུར་མ་བྱས་སྔོན་ལ་ཡུལ་དེར་བོད་ཡིག་རྡོ་རིང་ཧ་ལམ་ཡོད་ཚོད་མི་འདུག
ཡིན་ནའང་བོད་ཡིག་གི་རྡོ་རིང་ཡིན་མིན་ལ་མ་བལྟོས་པར།ང་ཚོས་སྐབས་འདིར་བོད་དང་མན་ཇུའི་བར་གྱི་ཆོས་འབྲེལ་ངོས་ནས་ལོ་རྒྱུས་ཀྱི་རིན་ཐང་གཞལ་ན།ནང་སོ་སློབ་དཔོན་གྱི་རྡོ་རིང་འདི་ནི་གོང་གསལ་ཆིང་རྒྱལ་རབས་དུས་ཀྱི་རྡོ་རིང་དེ་དག་ལས་ཀྱང་སྔ་བ་རྟོགས་ཐུབ།འོན་ཀྱང་བོད་ཡིག་ནང་རྡོ་རིང་འདིའི་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་ཤིན་ཏུ་མཐོང་དཀོན་པོ་ཆགས་ཡོད་སྟབས།འདིར་ཁོ་བོས་ཀྱང་གཙོ་བོ་རྒྱ་ཡིག་གི་ཡིག་ཚང་ཁག་ལ་གཞི་བཅོལ་བ་ཡིན་ཏེ།མི་སྣ་འདིའི་རྡོ་རིང་ཡི་གེ་ལ་གསར་དུ་དཔྱད་ཞིབ་བགྱིས་ཏེ་རྩོམ་གྱི་མ་གདན་གང་འཚམས་འདང་བའི་རྗེས་སུ།༢༠༢༢ལོའི་སྤྱི་ཟླ་༧པར།ཡོ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་ཆར་ལེ་སི་གཙུག་ལག་སློབ་ཆེན་(Charles University)ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་དྲུག་པའི་སྟེང་དཔྱད་ཞིབ་ཀྱི་གྲུབ་དོན་གནད་དུ་དྲིལ་ནས་སྒྲོགས་སྦྱང་ཞུས་པར།ཚོགས་འདུའི་སྟེང་མཁས་དབང་དང་ཤེས་ཡོན་ཅན་དུ་མས་དོགས་གནད་ཅན་གྱི་དྲི་བ་མང་པོ་ཚ་ཚ་འུར་འུར་དུ་བཏོན་བྱུང་བས།དཔྱད་རྩོམ་འདིས་ལོ་རྒྱུས་ཀྱི་སྟོང་ཆ་ངེས་ཅན་ཞིག་སྐོང་ཐུབ་པར་སྔར་བས་གདེང་ཚོད་ཅུང་ཟད་རྙེད་སོང་ལགས་ན།ད་ནི་ནང་སོ་སློབ་དཔོན་གྱི་རྡོ་རིང་འདིའི་སྐོར་ལ་ཅུང་ཟད་རྒྱས་པར་དཔྱད་པར་བྱའོ།།
དང་པོ། མན་ཇུའི་སྲིད་དབང་ཚུགས་པའི་དུས་འགོ་དང་ནང་སོ་སློབ་དཔོན་གྱི་བར་གྱི་འབྲེལ་བ།
མན་ཇུའི་སྔོན་བྱོན་མེས་པོ་(女真人)ཚོས་སྔར་ནས་ས་མན་ཆོས་ལུགས་(薩滿教)ཞེས་པའི་གདོད་མའི་ཆོས་ལུགས་འདི་ལ་དད་མོས་བྱེད་པར་གྲགས་ཏེ།ཆོས་སྤྱོད་གཙོ་བོ་ནི་ཉི་མ་ལ་དད་མོས་དང་ལྷ་འདྲེ་ལ་གསོལ་མཆོད་བྱེད་པ་དེ་ཡིན་ཞིང་།ལྷག་པར་དུ་རྒྱལ་པོ་ནོར་ཧ་ཆི་ཡིས་རང་གི་ཡབ་ཆེན་གང་ཉིད་མེང་རྒྱལ་རབས་ཀྱི་དཔུང་དམག་གིས་གོ་འཛོལ་ཐེབས་ནས་བསད་ནོར་བྱུང་བར་དགྲ་ཤ་ལེན་ཆེད།ཕྱི་ལོ་༡༥༨༣ལོ་ནས་བཟུང་ཇིར་ཆིད་ཀྱི་རྒྱལ་རབས་སྔ་མའི་(建州女真)ཤོག་སྡེ་ཁག་གཅིག་གྱུར་མཛད་ནས།རིམ་པས་གཡུལ་འཐབ་ཐེངས་དུ་མ་ལས་རྣམ་པར་རྒྱལ་ཞིང་དཔུང་དམག་དང་མངའ་ཐང་རྒྱ་སྐྱེད་བཏང་སྟེ་སྲིད་དབང་སྟོབས་ཀྱིས་ཁ་ལོ་བསྒྱུར་དུས་ས་མན་ཆོས་ཁང་རེ་ཟུང་གཏོར་སྐྱོན་བཏང་ཞིང་།རེ་འགའ་རྒྱལ་པོ་རང་གི་གོང་མའི་ཕོ་བྲང་དུ་བདག་གིར་བཅད་ཚུལ་ཡང་མཆིས་ཏེ།《སར་མན་ཆོས་དང་ལྷ་སྒྲུང་》ལས། “ནོར་ཧ་ཆི་ཡིས་ཚོ་ཁག་བདག་གིར་མཛད་སྐབས།དམག་རྟ་ཡིས་སྔོན་ལ་ཚོ་སྡེ་ཁག་གི་ཆོས་ཁང་གཏོར་ཞིང་།ལྷ་སྐུ་རྣམས་ཝང་པེ་ལིའི་མདུན་ནས་འཕྲོག་”(努尔哈赤攻占部落时,兵马先废该部“堂色”,掠祖像神牒于贝勒马前)[4]ཞེས་གསལ་བ་ལྟར།བར་སྐབས་ཤིག་ནས་ས་མན་ཆོས་ཁང་གི་རྣམ་པ་བསྒྱུར་ཏེ་ལྷ་ཁང་རྣམས་གོང་མའི་ཕོ་བྲང་ཁོ་ནར་གྱུར་ཡོད་དོ།།《ཅན་ཀྲུའུ་ཡི་རེག་ཟིག་》ལས། “奴酋之所居上里许,立一堂宇,臻以垣墙为礼天之所,凡于战斗往来,权酋清将胡必往新之”[5]ཞེས་གསལ་བ་ལྟར་ན།ས་མན་ཆོས་ནི་གདོད་མ་ནས་མན་ཇུའི་མི་རིགས་ཀྱི་ཆོས་ལུགས་དད་མོས་ཡིན།དེ་ལྟར་གཡུལ་འཐབ་ལ་མཁས་པའི་རྒྱལ་པོ་ནོར་ཧ་ཆི་ཡིས་ལོ་ངོ་ཉི་ཤུར་ཉེ་བ་ཞིག་ལ་རྒྱང་འདུལ་དང་དྲག་པོའི་གཡུལ་དངོས་སུ་བཤམས་པ་ཅི་རིགས་ལ་བསྟེན་ནས་མན་ཇུའི་ཤོག་སྡེ་མཐའ་དག་གཅིག་གྱུར་མཛད་རྗེས།ཕྱི་ལོ་༡༦༠༣ལོར་རྒྱལ་ས་གནས་སྤོས་ཏེ་ཧི་ཐོག་ཨ་ལ་མཁར་ཞེས་པར་གཞི་རྒྱ་ཆེ་བའི་རྒྱལ་ས་བཙུགས་པ་དང་མཉམ་དུ་ཅིན་ཆེན་མོའི་[6]སྲིད་དབང་གསར་དུ་བཙུགས།དེ་ནས་བཟུང་ཅིན་ཆེན་མོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་མངའ་ཐང་ཆེར་རྒྱས་ཏེ།དཔའ་རྩལ་གླིང་ཀུན་ལ་གྲགས་པའི་རྒྱལ་པོ་ནོར་ཧ་ཆི་ཡིས་རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་ཡོང་ཆེད་ལོ་ངོ་བཅོ་ལྔ་ཙམ་གྱི་ནང་“བཞེངས་སྐྲུན་ཆེན་པོ་ཐེངས་གསུམ་”མཛད་ཚུལ་མཆིས་ཤིང་།བཞེངས་སྐྲུན་ཐ་མ་དེ་ནི་དོན་ངོ་མར་མན་ཇུའི་འདབས་འབྲེལ་དུ་ཆགས་པའི་སོག་པོའི་རྒྱལ་ཕྲན་ཁག་དང་རྒྱ་ནག་པོའི་ཡུལ་ཁམས་མངའ་འོག་ཏུ་དབང་སྒྱུར་བྱེད་སླ་བའི་ཆེད།མི་རིགས་སོ་སོའི་ཁམས་དང་མོས་པ་ལ་བསྟུན་ནས་རྒྱལ་སའི་ཉེ་ལོགས་སུ་ལོ་གསུམ་གྱི་ནང་ཆོས་ལུགས་གྲུབ་མཐའ་འདྲ་མིན་གྱི་ལྷ་ཁང་ཆེན་མོ་བདུན་གསར་བཞེངས་གྲུབ་པར་མཛད་པ་དེ་ཡིན།ལོ་རྒྱུས་སྟེང་འདི་ལ་ནོར་ཧ་ཆིའི་དུས་སྐབས་ཀྱི་“ལྷ་ཁང་ཆེ་བདུན་”(七大廟)ཞེས་པར་གྲགས།དེ་དག་ཁྲོད་ལས་མན་ཇུ་མི་རིགས་རང་གིས་སྔར་ནས་དད་མོས་བྱེད་པའི་ས་མན་ཆོས་ལུགས་ཀྱི་ལྷ་ཁང་(堂子)གཅིག་དང་།རྒྱ་ནག་རུའུ་ལུགས་[7]ཀྱི་ལྷ་ཁང་(文廟)གཅིགབོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་(地藏寺)གཅིགགནའ་བོའི་ཏའོ་ལུགས་[8]ཀྱི་ལྷ་ཁང་(玉皇廟、關帝廟、城隍廟)གསུམ།གཞན་གཡུལ་འཐབ་ཁྲོད་གཤེགས་པའི་དཔོན་དམག་རྣམས་ལ་རྗེས་དྲན་གྱི་ཆེད་དུ་བཞེངས་པའི་ལྷ་ཁང་(昭忠祠)གཅིག་བཅས་ཡོད།ལྷ་ཁང་ཆེ་བདུན་ཁྲོད་ཀྱི་འཕགས་པ་ས་ཡི་སྙིང་པོའི་ལྷ་ཁང་དེ་ནི་མན་ཇུའི་ལོ་རྒྱུས་སྟེང་བཞེངས་སྐྲུན་མཛད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པའམ་ལྷ་ཁང་ཐོག་མ་དེ་ཆགས་ཡོད་ལ།དགོན་པ་འདིའི་རྟེན་གཙོར་སྟོན་པ་ཤཱཀྱ་ཐུབ་པ་དང་།འཕགས་པ་སྤྱན་རས་གཟིགས།འཕགས་པ་ས་ཡི་སྙིང་པོ་བཅས་བཞུགས་ཚུལ་མཆིས།
དེ་བས་ཀྱང་གནད་འགག་ཆེ་བ་ཞིག་ལ།ལྷ་ཁང་ཆེ་བདུན་ལ་རབ་གནས་བགེགས་བསྐྲད་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོ་གྲས་རིགས་སྒྲུབ་མཁན་ནི་ཤར་སོག་གི་ཡུལ་གྲུ་བརྒྱུད་ནས་ཕེབས་པའི་བོད་ཀྱི་དགེ་འདུན་པ་ནང་སོ་སློབ་དཔོན་ཞུ་བ་ཁོང་ཡིན་ཏེ།རྒྱའི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་པ་ལིས་ཆིན་ཕུའུ་(李勤璞,1962- )ཡིས། “ཁུངས་དེད་འོངས་ན།ནང་སོ་སློབ་དཔོན་ཁོང་ཕྱི་ལོ་༡༦༡༥ནས་༡༦༡༧བར་ཤར་ཕྱོགས་སོག་ཡུལ་ནས་ཧི་ཐོག་ཨ་ལ་མཁར་[9]དུ་གདན་ཞུ་ཐེངས་གཉིས་མཛད་མྱོང་འདུག་སྟེ།ཅིན་ཆེན་མོའི་མཁར་གྲོང་གི་ཤར་ཕྱོགས་སུ་བཞེངས་པའི་“ལྷ་ཁང་ཆེ་བདུན་”ནང་གི་རྟེན་སྐུ་ལ་རབ་གནས་མཛད་ཅིང་དམ་ཆོས་སྤེལ་”(追溯起來,囊素喇嘛在1615-1617年間,就曾受聘自東蒙古至赫圖阿拉兩次,為金國在其城的“東阜”所興建的“七大廟”裏面的佛廟開光傳法。)[10]ཞེས་གསལ་བ་བཞིན།དུས་ཚོད་ཀྱི་ཆ་ནས་ཀྱང་དཔྱད་ཞིབ་བགྱིས་པ་ཅུང་ཟད་སྔ་ཤོས་ཡིན་པའི་འདོད་ཚུལ་འདི་བློ་གཟུ་བོར་གནས་པའི་ལོ་རྒྱུས་ཉམས་ཞིབ་པ་དུ་མས་ཁུངས་བཙུན་པར་ངོས་ལེན་གནང་ཡོད་ལགས་ན།ཁོ་བོས་ཀྱང་འདོད་ཚུལ་འདི་སྒྲུབ་བྱེད་ཁུངས་འཕེར་བ་ཞིག་ཏུ་ཡིད་ཆེས་བྱས་ཡོད།འོན་ཀྱང་ལྷ་ཁང་ཆེ་བདུན་ཁྲོད་ནང་པའི་ལྷ་ཁང་གཅིག་ལས་མེད་ཕྱིར།ནང་སོ་སློབ་དཔོན་གྱིས་ནང་པ་མ་ཡིན་པའི་ལྷ་ཁང་གཞན་དག་གི་རྟེན་སྐུ་ལ་རབ་གནས་བགྱིས་ཡོད་མེད་དེ་ནི་ཐེ་ཚོམ་གྱི་དོགས་གནས་ཤིག་ཏུ་ཟད་ཀྱང་།གོང་དུ་“དམ་ཆོས་སྤེལ་”ཞེས་གསལ་བའི་ཚིག་གནད་དེས་ཆོས་ཕྱོགས་ཀྱི་ཆོ་ག་ཙམ་མ་ཡིན་པར།ཡུལ་དེའི་མངའ་འབངས་དྲག་ཞན་ཅི་རིགས་ལ་རྒྱལ་བསྟན་རིན་པོ་ཆེའི་ཆོས་སྦྱིན་ཡང་བཏང་ཡོད་ངེས།གང་ལྟར་འདི་པ་སྔ་ཕྱིར་མན་ཇུའི་ཡུལ་དུ་ཐེངས་གསུམ་བྱོན་པ་ལས་བྱོན་ཐེངས་སྔ་མ་གཉིས་ཀྱི་དུས་སུ་འཕགས་པ་ས་ཡི་སྙིང་པོའི་ལྷ་ཁང་དུ་ཆོས་ཕྱོགས་ཀྱི་མཛད་འགན་ཅི་རིགས་ཁུར་དུ་བཞེས་ཡོད་པའི་དུས་སྐབས་དེ་ནི།མན་ཇུའི་ཡུལ་དེར་རྒྱལ་བསྟན་གྱི་ལྟ་དགོངས་ཐོག་མར་སྤེལ་བའི་འགོ་ཚུགས་པ་ཞིག་ཏུ་ངོས་འཛིན་བྱས་ན།ཧ་ལམ་ཡུལ་དུས་གང་གི་ཆ་ནས་ཀྱང་ལུང་དང་རིགས་པས་དགག་ཏུ་མེད་པ་ཞིག་རེད་སྙམ།འདི་ལ་ཡང་དགེ་རྒན་ཆེན་མོ་ལི་ཆིན་ཕུའུ་(李勤璞,1962- )ཡིས།“ནང་སོ་སློབ་དཔོན་ནི་ཆིང་རྒྱལ་རབས་དུས་ཀྱི་བོད་བརྒྱུད་ནང་བསྟན་སྤེལ་བའི་སྲོལ་འབྱེད་མཁན་ཡིན་ལ།བླ་མ་དཀར་པོ་[11]ནི་ཆིང་རྒྱལ་རབས་དུས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྨང་གཞི་འཛུགས་མཁན་ཡིན་”(囊素喇嘛是清朝藏傳佛教的開山者,白喇嘛則是清朝藏傳佛教的成立者)[12]ཞེས་དང་།ཡང་ཁོང་གིས། “ཅིན་རྒྱལ་ཁབ་དང་།བྱང་ཁོ་རེ་ཡ།མེང་རྒྱལ་རབས་བཅས་ཀྱིས་ཟིན་ཐོར་བཀོད་པའི་ངོས་ནས་བལྟས་ན།འདིའི་ཡར་སྔོན་གྱི་དུས་སྐབས་ནང་ཅིན་རྒྱལ་ཁབ་ཏུ་བླ་མ་བཞུགས་ཚུལ་མ་མཐོང་”(在這以前的時期,由金國、朝鮮、明朝的記載來看,未見金國有喇嘛居住)[13]ཞེས་གསུངས་ཏེ།ནང་སོ་སློབ་དཔོན་ནི་མན་ཇུར་ཕེབས་མཁན་གྱི་ནང་པའི་དགེ་འདུན་པ་ཐོག་མ་དེར་ངོས་འཛིན་བྱས་ཡོད་པའང་དོན་ལ་གནས་སྙམ།གཞན་ཁོ་བོས་ཀྱང་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་ཁག་ཏུ་ནང་སོ་སློབ་དཔོན་གྱི་སྔོན་ལ་ཡུལ་དེར་ནང་པའི་དགེ་འདུན་པ་གང་རུང་ཕེབས་ཚུལ་གསལ་བ་མཐོང་མ་སོང་བས་གནད་འདི་འཁྲུལ་མེད་ཡག་དག་པར་སེམས།
འོ་ན་བོད་བརྒྱུད་ནང་བསྟན་གྱིས་མན་ཇུའི་མི་རིགས་ཀྱི་ཆོས་ལུགས་དད་མོས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་དམ་ཞེ་ན།འདི་ཡང་མན་ཇུའི་རྒྱལ་རབས་སྔ་མའི་སྲིད་དབང་འདི་འགོ་ཚུགས་པའི་རྒྱལ་ཐོག་དང་པོའི་བར་དུ་ཁུངས་འདེད་དགོས་ཏེ།ཤུགས་རྐྱེན་དེ་ཡང་ཧ་ལམ་རྒྱལ་པོ་ནོར་ཧ་ཆི་དང་ནང་སོ་སློབ་དཔོན་གཉིས་ལ་ཐུག་ཡོད་པ་འདྲ།རྒྱལ་པོས་ནང་སོ་སློབ་དཔོན་མན་ཇུར་ཞུས་པའི་ཐེངས་སྔ་མ་གཉིས་ཀྱི་དུས་སུ་སློབ་དཔོན་འདིས་མཛད་འགན་ཅི་ཞིག་བསྐྱངས་ཡོད་མེད་དེ་གོང་དུ་སྨྲས་ཟིན།དེས་ན་བྱོན་ཐེངས་ཐ་མ་དེར་སློབ་དཔོན་གྱིས་ཆོས་ཀྱི་བྱ་བ་ག་རེ་མཛད་འདུག་ཟེར་ན།ནང་སོ་སློབ་དཔོན་བྱོན་ཐེངས་ཐ་མ་སྟེ་༡༦༢༡ལོར་རྒྱལ་པོ་ནོར་ཧ་ཆི་ཡིས་སློབ་དཔོན་འདི་པ་དབུ་བླར་བཀུར་ཏེ་ཐེག་ཆེན་གྱི་ཆོས་ཞུས་ནས།རྒྱལ་པོ་རང་ཉིད་དངོས་སུ་ནང་པར་ཞུགས་པ་ནས་བཟུང་།རྒྱལ་བསྟན་རིན་པོ་ཆེའི་ལྟ་དགོངས་དེ་མན་ཇུའི་ཡུལ་དུ་གོས་ཆེན་སྣུམ་གྱིས་ཟོས་པ་བཞིན་དར་ཁྱབ་བྱུང་འགོ་ཚུགས་ཡོད་ཅིང་།ཐོག་མར་རྒྱལ་པོ་རང་གིས་སྣེ་ཁྲིད་མཛད་ནས་ནང་པར་ཞུགས་པའི་ཤུགས་རྐྱེན་དེ་ཡིས་རིམ་པས་སྐབས་དེར་མན་ཇུའི་བློན་འབངས་སྡེ་དང་བཅས་པ་ཕལ་མོ་ཆེའི་ཆོས་ལུགས་དད་མོས་ལ་འགྱུར་བ་ཐེབས་ནས་ནང་པའི་རྗེས་འཇུག་པར་ཁས་འཆེས་ཡོད་པ་ནི་བློ་ཡིས་ཚོད་དཔོག་བགྱིས་ནའང་གདེང་ཚོད་ཅུང་ཟད་རྙེད་ཐུབ་པ་ཞིག་རེད།
ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན།མན་ཇུའི་འདབས་འབྲེལ་གྱི་སོག་པོའི་རྒྱལ་ཕྲན་མཐའ་དག་ཀྱང་དུས་སྔ་ནས་ནང་པ་ཤ་སྟག་ཡིན་པ་སྨོས་མ་དགོས་ཕྱིར།དེའི་ཕྱིས་སུ་ནོར་ཧ་ཆིའི་སྲས་བརྒྱད་པ་འབོག་ཏོ་རྒྱལ་པོས་སོག་པའི་ཤོག་སྡེ་ཚོ་ཕྲན་དེ་རྣམས་ཞི་དྲག་གང་རུང་གིས་བཏུལ་ནས་མངའ་འོག་ཏུ་བཅུག་པར་ཡང་ནང་ཆོས་ཀྱིས་གཞོགས་འདེགས་ཀྱི་ནུས་པ་ཤུགས་ཆེན་པོ་ཐོན་ཡོད་ལ།རྒྱལ་པོ་ནང་པར་ཞུགས་པ་ནི་དད་མོས་ཁོ་ནའི་ཆེད་མ་ཡིན་པར་གཙོ་བོ་ཆབ་སྲིད་ཀྱི་དགོས་དམིགས་ལ་ཐུག་ཡོད།འོན་ཀྱང་སྔར་དུས་རབས་བཅུ་གསུམ་པའི་ནང་ཧོར་གོ་དན་རྒྱལ་པོས་གསེར་ཡིག་པ་མངགས་ཏེ་ས་པཎ་ཁུ་དབོན་ལྷན་རྒྱས་ཧོར་ཡུལ་ལ་གདན་ཞུ་མཛད་ནས།ཧོར་བོད་རྒྱལ་ཁབ་གཉིས་བར་གཞུང་འབྲེལ་ཐོག་མཆོད་ཡོན་འབྲེལ་ལམ་ཐོག་མར་བྱུང་བ་དང་བསྡུར་ན།འདི་ལ་མི་འདྲ་བའི་ཆ་ཞིག་ཡོད་པ་ནི།ནང་སོ་སློབ་དཔོན་མན་ཇུར་བྱོན་པ་དེས་བོད་རྒྱལ་ཁབ་ཆེན་པོའི་གཞུང་འབྲེལ་གྱི་ངོ་བོ་མཚོན་ཐུབ་ཀྱི་མེད་པ་དེ་ཡིན།ཡིན་ནའང་།རྒྱལ་པོས་མཆོད་གནས་སུ་བཀུར་བ་དེ་ཙམ་གྱིས་ཀྱང་མན་ཇུ་གཞུང་གིས་སྐབས་དེར་ནང་སོ་སློབ་དཔོན་ལ་འདི་ལས་ལྷག་མེད་པའི་ཕུ་དུད་དང་ཆེ་མཐོང་བཀུར་བསྟི་བླ་མེད་སྤྲད་ཡོད་པ་དེ་ཏན་ཏན་མཚོན་ཐུབ།
གཉིས་པ། ནང་སོ་སློབ་དཔོན་གྱི་གདུང་རྟེན་དང་རྡོ་རིང་གི་རྒྱབ་ལྗོངས།
རྒྱ་ཡིག་གི་གནའ་བོའི་རྡོ་རིང་ཡི་གེ་ཕལ་ཆེ་བའི་རྩོམ་སྟངས་ནི་ཚིག་དང་ཕྲད་རྣམས་གོ་བདེར་སྡུད་ཅི་ཐུབ་བྱེད་པའི་ཡིག་རྩོམ་གྱི་འབྲི་ཐབས་སྤྱད་ཡོད་ཕྱིར།ཁོ་བོས་ཀྱང་འདིར་རྒྱ་ཡིག་གི་བྱང་རྡོའི་ཡི་གེ་དེ་དག་བོད་སྒྱུར་བྱེད་སྐབས་སྒྱུར་ཐབས་དེ་གཙོར་བཟུང་ཡོད།དེ་ཡང་འདི་ལྟ་སྟེ།《ཅིན་ཆེན་མོའི་བླ་མ་ནང་སོ་སློབ་དཔོན་གྱི་གདུང་རྟེན་རྡོ་རིང་གི་རྣམ་ཐར་》ལས། “ཨོར་ལེ་དར་ཧན་ནང་སོ་སློབ་དཔོན་མཆོག་ནི་དབུས་གཙང་པ་ཡིན།དམ་པའི་ཆོས་ཀྱི་ཡུལ་ནས་འཁྲུངས།རྒྱལ་བསྟན་ལ་ཐོས་བསམ་མཛད།ལུང་རྟོགས་ཀྱི་བསྟན་པ་ལ་མངའ་བརྙེས།སྐྱེ་དགུ་མཐའ་དག་གྲོལ་བར་མཛད་པར་དགོངས་ནས་ལ་བརྒྱབ་ཆུ་བརྒལ་གྱི་དཀའ་ངལ་ལ་མ་འཛེམས་པར་ཤར་སོག་པོའི་ཡུལ་གྲུ་ཁག་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཞིང་འགྲོ་དོན་རྒྱ་ཆེར་མཛད།སྐྱེ་འགྲོ་ཡོངས་ཀྱི་རྒྱུད་ཆོས་ཀྱིས་བརླབས།རང་རེའི་རྒྱལ་ཁབ་ཏུ་བྱོན་པར།ཐའི་ཙུའུ་[14]ཡིས་དབུ་བླར་བཀུར་ཞིང་གུས་འདུད་ཀྱིས་འབུལ་ནོད་རྟག་པར་བསྟབས།ལྕགས་གླང་ལོའི་[15]བྱ་ཟླའི་ཚེས་ཉེར་གཅིག་ཉིན་བླ་མ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།གོང་མས་སྐུ་གདུང་མཆོད་རྟེན་བཞེངས་ནས་རིང་བསྲེལ་རྟེན་དུ་ཉར་དགོས་པའི་བཀའ་ཕེབས་ཡོད་རུང་།ལོ་ནས་ལོ་ལ་གཡུལ་འདུལ་དབང་གིས་ནར་འགྱངས་སུ་ལུས།དེང་ཐེན་ཙུང་[16]གནམ་ལོ་བཞི་པར།ཆོས་གྲོགས་ཆུང་བ་བླ་མ་དཀར་པོས་སྙན་གསན་ཞུས་པ་བཞིན་གོང་མའི་བཀའ་ཤོད་དང་རྒྱལ་སྲས་བརྒྱད་པའི་བཞུགས་སྒར་[17]གྱི་བཀའ་ལྟར་གདུང་རྟེན་བཞེངས།བཞེངས་གྲུབ་བྱུང་རྗེས་མཛད་རྣམ་དག་བྱང་རྡོའི་ཡི་གེར་བརྐོས་ནས་ཆེ་བ་བསྟན་པར་དོ་ནན་གྱིས་བྲིས།ཅིན་ཆེན་མོའི་ཐེན་ཙུང་གནམ་ལོ་བཞི་པ་[18]ཡི་དབྱར་ཟླ་ར་བའི་བཀྲ་ཤིས་ཚེས་གཅིག་ཉིན་ཆོས་རྒྱུད་གཅིག་པའི་ཆོས་གྲོགས་ཆུང་བ་བླ་མ་དཀར་པོས་གསར་བཞེངས་བསྐྱངས།” (法師斡祿打兒罕囊素,烏斯藏人也。誕生佛境,道演真傳。既已融通乎大法,復意普度乎羣生。於是,不憚跋涉,東歷蒙古諸邦,禪掦聖教,廣敷佛惠,凡蠢動含靈之類,鹹沾佛性,及到我國,蒙太祖黃帝敬禮師尊,陪常供給。至天命辛酉年八月廿一日,法師示寂歸西。太祖有敕,修建寶塔,斂藏舍利,緣累年征伐,未建壽域。今天聰四年,法弟白喇嘛奏請,欽奉皇上敕旨,八王府令旨,乃建寶塔。事竣,鐫石以誌其勝,謹識。大金天聰四年歲次庚午孟夏吉旦同門法弟白喇嘛建。)[19]ཞེས་གསལ་བའོ།།
ནང་སོ་སློབ་དཔོན་གྱི་གདུང་རྟེན་དང་རྡོ་རིང་ཐོག་མར་བཞེངས་སའི་གནས་དེ་ལ་བླ་མའི་གདུང་རྟེན་ར་བ་(喇嘛塔园)ཞེས་འབོད་ཅིང་།ད་ལྟའི་ཡུལ་བབ་ཀྱི་དབང་དུ་བྱས་ན།རྒྱ་ནག་བྱང་ཤར་གྱི་ས་ཆ་ལེའོ་ཉིང་ཧྲིན་དབྱང་(東北遼寧省瀋陽市)སྟེ་སྔར་མན་ཇུ་ཡིས་རྒྱ་ནག་དབང་སྒྱུར་མ་བྱས་སྔོན་ལ་རྒྱལ་ས་བཟུང་བའི་གནས་དེ་ཡིན།རྡོ་རིང་གི་མཚན་བྱང་ལ་《ཅིན་ཆེན་མོའི་བླ་མ་ནང་སོ་སློབ་དཔོན་གྱི་གདུང་རྟེན་རྡོ་རིང་གི་དྲན་ཐོ་》(《大金喇嘛法師寶塔記碑》)ཟེར།མཐའ་སྐོར་དུ་སོ་ཕག་གི་རྩིག་གྱང་དམའ་པོ་ཞིག་བརྒྱབ་ཡོད་ཅིང་དཀྱིལ་དུ་ཤིང་སྡོང་ཆེན་པོ་ཞིག་ཡོད་པ་དེའི་འཁྲིས་སུ་གདུང་རྟེན་དང་མདུན་ན་རྡོ་རིང་བརྩེངས་ཡོད།གདུང་རྟེན་གྱི་རྒྱབ་ལོགས་སུ་མཆོད་རྟེན་ཆུང་བ་ཞིག་དང་དེའི་མདུན་ནའང་བསང་ཁུང་མིན་ནམ་སྙམ་པའི་རྩིག་དངོས་ཆེ་ཆུང་མི་འདྲ་བ་རེ་ཟུང་མཆིས་མོད་གསལ་པོ་ངོས་འཛིན་ཐུབ་མ་སོང་།གདུང་རྟེན་གྱི་མཐོ་ཚད་ལ་རྨིད་དྲུག་དང་ཞེང་ལ་རྨིད་གསུམ་ཙམ་མཆིས་ཏེ།ས་རྡོའི་རྒྱུ་ཆས་རྩིག་པ་བརྒྱབ་ཅིང་རྩིག་བཟོའི་ཁྱད་ཆོས་དང་།དབྱིབས་བཀོད།འབུར་བརྐོས་ཀྱི་སྒྱུ་རྩལ་སོགས་བོད་ལུགས་བཞིན་བཞེངས་ཡོད།གདུང་རྟེན་གྱི་མདུན་དུ་བརྩིགས་པའི་དྲན་གསོའི་རྡོ་རིང་གི་མདུན་ངོས་སུ་དགེ་འདུན་པ་འདི་པའི་མཛད་རྣམ་བསྡུས་པ་ཞིག་བརྐོས་པར་མན་ཡིག་རྙིང་མའི་ཡིག་གཤར་བཅུ་གསུམ་དང་རྒྱ་ཡིག་གི་ཡིག་ཕྲེང་ཉི་ཤུ་ཡོད་ལ།བྱང་རྡོའི་ཡི་གེ་དེ་དག་གི་གོང་དུ་“敕建”ཞེས་རྒྱ་ཡིག་གི་ཡིག་འབྲུ་ཆེ་བ་གཉིས་གསལ་བ་འདི་ལས་“རྒྱལ་པོའི་བཀའ་ལྟར་བཞེངས་”པ་ཡིན་ཚུལ་ཡང་གསལ་པོ་རྟོགས་ཐུབ།
རྡོ་རིང་གི་རྒྱབ་ངོས་སུ་དགེ་འདུན་པ་འདི་པའི་སློབ་མ་དང་།མི་སེར་དཀྱུས་མ།ཡིག་མཁན།དཔོན་དམག།བཟོ་པ་སོགས་ཉུང་མཐར་ཡང་མཚན་ཐོ་བརྒྱ་དང་བདུན་ཅུ་ཡོད་པའི་ཁྲོད་ལས་བློ་བཟང་དོན་འགྲུབ་དང་བན་ཏེ་སོགས་བོད་སོག་མན་ཇུ་རྒྱ་རིགས་དང་བཅས་པའི་དངོས་སློབ་ཞེ་གཉིས་ཙམ་ཡོད་པར་གསལ་མོད།འོན་ཀྱང་རྡོ་རིང་ཡི་གེ་འདིའི་སྟོང་ཆ་ནི་ནང་སོ་སློབ་དཔོན་གྱི་འཁྲུངས་ལོ་དང་།བྱེ་བྲག་བོད་ཡུལ་ལུང་པ་གང་ནས་འཁྲུངས་ཚུལ།གཞན་འདི་པའི་རིགས་རུས་ཆོ་འབྲང་དང་བོད་དུ་བཞུགས་སྐབས་ཆོས་སྡེ་གང་དུ་ཆོས་ལ་ཐོས་བསམ་སློབ་གཉེར་གནང་ཚུལ།ཆོས་རྒྱུད་གྲུབ་མཐའ་གང་ཡིན།བླ་སློབ་འབྲེལ་བ་ཅི་བྱུང་།གསུང་གི་མཛད་པ་ཅི་ཡོད་སོགས་རྒྱབ་ལྗོངས་གནད་ཆེ་བ་ཁག་ཅིག་གསལ་པོ་རྟོགས་མི་ཐུབ་པར་སྟོང་ཆར་ལྷག་པ་དེ་ཡིན།
རྡོ་རིང་ཡི་གེ་ལས་གསལ་བ་བཞིན།ནང་སོ་སློབ་དཔོན་གྱི་འདས་ལོ་ནི་ལྕགས་གླང་ལོ་སྟེ་ཕྱི་ལོ་༡༦༢༡ལོར་ཁེལ་ཡོད་ཅིང་།འདི་པ་མན་ཇུའི་ཡུལ་དུ་ཐེངས་གསུམ་བྱོན་མྱོང་བའི་བྱོན་ཐེངས་ཐ་མ་ཡང་འདི་ལོ་ཡིན་མོད།ཐེངས་འདིར་མན་ཇུར་བྱོན་རྗེས་ཟླ་གསུམ་ཙམ་ལས་བཞུགས་མ་ཐུབ་པར།མཐར་ནང་སོ་སློབ་དཔོན་མན་ཇུའི་རྒྱལ་ས་མུག་ཏིན་(盛京)དུ་དགོངས་པ་རྫོགས་འདུགའདི་པས་ཡུལ་དེར་རྒྱལ་བསྟན་གྱི་ལྟ་དགོངས་ཐོག་མར་སྤེལ་བའི་སྒོ་མོ་གསར་དུ་ཕྱེས་པ་དང་རྒྱལ་པོའི་དབུ་བླར་ཡང་བཞུགས་པ་སོགས་ནང་པའི་ཆོས་ཕྱོགས་ནས་མཛད་འཕྲིན་བླ་མེད་བསྐྱངས་ཡོད་སྟབས།རྒྱལ་པོས་བློན་ཆེན་ཚོར་ནང་སོ་སློབ་དཔོན་ལ་གདུང་རྟེན་དང་དྲན་གསོའི་རྡོ་རིང་བཞེངས་དགོས་པའི་བཀའ་ཕབ་ཡོད།འོན་ཀྱང་ཕྱི་ལོ་༡༦༢༦ལོར་རྒྱལ་པོ་ནོར་ཧ་ཆི་ཡང་དགུང་ལོ་རེ་བརྒྱད་ཐོག་སྐུ་འདས་སོང་།དེའི་ཕྱི་ལོར་མན་ཇུའི་རྒྱལ་ཐོག་གཉིས་པ་འབོག་ཏོ་རྒྱལ་པོ་[20]ཡབ་རྒྱལ་པོའི་རྒྱལ་སྲིད་ཀྱི་ཁྲི་ལ་བཞུགས་ཏེ།ཡབ་ཀྱིས་དེ་སྔ་ནང་སོ་སློབ་དཔོན་གྱི་སྐུ་གདུང་མཆོད་རྟེན་གསར་བཞེངས་གནང་དགོས་པའི་བཀའ་ཕབ་པ་ཕྱག་བསྟར་མཛད་ཀྱང་།སྐབས་དེར་དུས་ཟིང་འཁྲུག་ལོང་གི་སྡེ་གཟར་འཁྱོམས་ཆེ་བ་བསྟུད་མར་བྱུང་བས་ལོ་ཤས་རིང་ནར་འགྱངས་སུ་ལྷག་བྱུང་།༡༦༣༠ལོར་ནང་སོ་སློབ་དཔོན་གྱི་གདུང་རྟེན་དེ་མན་ཇུའི་རྒྱལ་ས་མུག་ཏིན་གྱི་ཤར་ཕྱོགས་སུ་བོད་ཀྱི་ལུགས་བཞིན་གསར་བཞེངས་མཛད།གདུང་ཁང་གི་མདུན་ནས་དྲན་གསོའི་རྡོ་རིང་བརྩེངས་ཏེ་སློབ་དཔོན་གྱི་མཛད་རྣམ་བསྡུས་པ་ཞིག་མན་ཡིག་དང་རྒྱ་ཡིག་ཏུ་བརྐོས་ཡོད་ལ།རྡོ་རིང་འདི་ནི་མན་ཡིག་རྙིང་མ་ཅན་[21]གྱི་རྡོ་རིང་ཆེས་སྔ་ཤོས་དང་ཆིང་རྒྱལ་རབས་དུས་ཀྱི་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་བོད་ཀྱི་དགེ་འདུན་པའི་གནའ་བོའི་རྡོ་རིང་ཐོག་མ་དེ་ཡང་ཆགས་ཡོད་པས།དུས་སྐབས་ཀྱི་དབང་དུ་བྱས་ནའང་རྡོ་རིང་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།
གསུམ་པ།ནང་སོ་སློབ་དཔོན་ངོས་འཛིན་དང་འབྲེལ་བའི་དོགས་གནས་འགའ།
- མཚན་གྱི་གྲུབ་སྟངས་ལ་དཔྱད་པ།
རྡོ་རིང་ངོས་སུ་གསལ་བའི་ནང་སོ་སློབ་དཔོན་གྱི་མཚན་གྱི་གྲུབ་སྟངས་ལ་དཔྱད་ན།ཁོ་བོས་བསམ་ན་འདི་པའི་མཚན་གསོལ་སྟངས་ནི་ལྟོས་བཅས་ཀྱིས་བཏགས་པ་ཞིག་སྟེ།མི་རིགས་དང་།ཡུལ་བབ་དང།ཆོས་ཕྱོགས་ཀྱི་མཛད་འཕྲིན་ལ་བལྟོས་ནས་བཏགས་པ་བཅས་ཧོར་དང་མན་ཇུའི་ཡུལ་གྲུ་རེ་རེའི་ནང་མཚན་གསོལ་སྟངས་ལའང་འགྱུར་བ་ཐེབས་ཡོད་པ་ཞིག་རེད།ཐེ་ཚོམ་མེད་པ་ཞིག་ལ་འདི་པ་ནི་བོད་ནས་འཁྲུངས་པ་རྩོད་མེད་ཆགས་ཡོད་སྟབས།བོད་རང་གི་མཚན་གསོལ་སྟངས་ཡོད་པའང་སྨོས་ཅི་དགོས་ཀྱང་།རྡོ་རིང་ངོས་སུ་འདི་པའི་མཚན་དེ་བོད་རྒྱ་སོག་གསུམ་གྱི་སྐད་ཀྱིས་གྲུབ་ཡོད།དེ་ལས་རྒྱ་སྐད་ཀྱི་“法师”ཟེར་བ་ནི་ལེགས་སྦྱར་སྐད་ནས་བསྒྱུར་པ་ཡིན་ལ།དྷར་མ་བྷ་ཧ་ན་གཱ་(dharma-bhāṇaka)ཞེས་པ་སྟེ་ཆོས་སྟོན་མཁན་ནམ་ཆོས་སྟོན་པ་པོ་ལ་འཇུག་གོ།རྒྱ་ཡིག་རྐྱང་པའི་ཚིག་ངོས་ལྟར་གོ་བ་བླངས་ནས་བསྒྱུར་ནའང་།སྔ་མའི་དུས་སུ་ཆོས་ཀྱི་གཞུང་ལུགས་ནང་བྱན་ཆུད་པ་དང་ཆོས་ལ་མངའ་བརྙེས་པའི་ཆོས་ཀྱི་སློབ་དཔོན་ནམ་ཆོས་འཆད་མཁན་ལ་གོ་བའོ།།དེ་ལྟ་ནའང་།རྒྱ་ནག་ཏུ་དེང་སང་ཡང་ཆོས་ཕྱོགས་ནས་མཛད་འཕྲིན་རྒྱས་པའི་གོ་ཐོབ་ཅན་གྱི་གང་ཟག་དག་གི་ཆོས་མིང་གྲུབ་སྟངས་ཁྲོད་“法師”ཞུ་སྲོལ་མང་ཙམ་མཆིས་ཏེ།རྒྱའི་ཆོས་མིང་ཁྲོད་མཚན་འདིས་བླ་ན་མེད་པའི་ཆེས་མཐོའི་གོ་ཐོབ་ཟིན་གྱི་ཡོད།དཔེར་ན། “淨空法師”དང་“聖嚴法師”སོགས་ལྟ་བུ་ཆོས་ཀྱི་སློབ་དཔོན་ནམ་ཆོས་པ་སྐད་གྲགས་ཅན་མང་པོ་ཡོད།དེའི་ཕྱིར་ཁོ་བོས་ཀྱང་སྐབས་འདིར་“法師”ཟེར་བ་དེ་གནས་སྐབས་སུ་སློབ་དཔོན་ཞེས་བསྒྱུར་ཡོད་ལ།ཡང་ན་རང་རེའི་སྐད་དོད་ལ་ཉེ་བའི་སྒོ་ནས་ཆོས་རྗེ་ཞེས་བསྒྱུར་ནའང་དོན་གྱི་ཆ་ནས་འགལ་བ་ཅན་དུ་ཆེར་མི་འགྲོ་བར་སྙམ།གང་ལྟར་“法師”ཞུ་བ་འདི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལ་བལྟོས་ནས་བཏགས་པ་ཡིན་སྟབས།མཚན་འདི་སྦྱར་བ་ཡིས་འདི་པ་ནི་སྤྱིར་བཏང་གི་དགེ་འདུན་པ་རང་ག་བ་ཞིག་མིན་པའང་ཤུགས་སུ་བསྟན་ཡོད་དོ།།གཞན་ཨོར་ལེ་དར་ཧན་ཞེས་མཚན་ཡིག་ཕྱེད་ཀར་སོག་མིང་ཐོགས་པ་དེ་དགེ་འདུན་པ་ཁོང་མན་ཇུར་མ་བྱོན་སྔོན་ལ་ཤར་སོག་གི་ཡུལ་གྲུར་བཞུགས་དུས་ཁོང་གི་མངའ་འོག་ཏུ་དུད་ཁྱིམ་སོ་དྲུག་ཅན་གྱི་ཚོ་ཁག་ཅིག་ཀྱང་ཡོད་པས།སོག་ཡུལ་དུ་ཁོང་ལ་གོ་ཐོབ་ངེས་ཅན་ཞིག་ཡོད་པ་ལ་བརྟེན་ནས་དེ་ལྟར་གསོལ་སྟངས་བྱུང་བ་ཞིག་མིན་ནམ་སྙམ།ཨོར་ལེ་(斡祿)ནི་རླབས་ཆེ་ཞིང་དཔའ་མཛངས་ལྡན་པ་དང་།དར་ཧན་(打兒罕)ནི་སོག་པོའི་སྐད་དུ་གོ་ས་ཆེ་གྲས་ཤིག་ཡིན་སྐད།དེས་ན་མཚན་ཡིག་ཕྱེད་ཀའི་སོག་མིང་འདི་ཡུལ་བབ་ལ་བལྟོས་ན་བཏགས་པ་ཞིག་ཏུ་ངོས་འཛིན་བྱས་ནའང་མ་འགྲིག་པ་མེད་པར་སྣང་།དེ་མཚུངས་སུ་ནང་སོ་(囊素)ཞེས་པའང་བོད་ཀྱི་སེར་མོ་བའི་སྡེ་རུ་གོ་གནས་ཐད་ལ་སྤྱོད་པ་ཁྱབ་ཆེ་ཞིང་ལྷག་པར་སྔར་གྱི་དུས་སྐབས་སུ་མགྲོན་གཉེར་དང་ཕྱག་མཛོད་ཀྱི་མཚན་དུ་འདོགས་སྲོལ་མཆིས་པར་གྲགས་པ་དང་།བླ་བྲང་གི་ཕྱག་མཛོད་ལའང་འདོགས་སྲོལ་མཆིས་པས་ནང་སོ་ནི་བོད་ཀྱི་ཐ་སྙད་ཅིག་ཡིན་པ་ཐེ་ཚོམ་མེད་དེ།རང་རེའི་ཉེ་རབས་མཁས་པའི་རྣམ་ཐར་དང་གསུང་འབུམ་ཁག་ཏུའང་མང་པོ་མཇལ་རྒྱུ་ཡོད།དཔེར་ན།《མི་ལ་རས་པའི་རྣམ་ཐར་མཛོད་ནག་མ་》སྨད་ཆར་གསལ་བའི་ནང་སོ་ཀུན་དགའ་རྒྱལ་མཚན་ཞུ་བ་དང་།《རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་》དཔེ་བསྡུར་མའི་ལྡེབས་ངོས་དང་པོར་བྱུང་བའི་ནང་སོ་ཀུན་དགའ་རིན་ཆེན།རྒྱལ་བ་བསྐལ་བཟང་རྒྱ་མཚོའི་《དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་》གི་མཇུག་ཏུ་(སྣ་རིང་ལྡེབ་ངོས་༡༧ན་)བྱུང་བའི་ནང་སོ་བློ་བཟང་བརྩོན་འགྲུས།《པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་》བཀྲས་ལྷུན་པར་མའི་པོད་བདུན་པའི་(ཆ)སྣ་རིང་ལྡེབས་གྲངས་༧༧༦ན་གསལ་བའི་ནང་སོ་ཀརྨ་ཐོགས་མེད་སོགས་མང་པོ་མཆིས་སོ།།གཞན་རྡོ་རིང་གི་མཚན་བྱང་ནང་བླ་མ་(喇嘛)ཞེས་བྲིས་ཡོད་པ་ནི་སྒྲ་སྒྱུར་ཡིན་ལ།སྐབས་འདིར་མི་རིགས་ལ་བལྟོས་ནས་བཏགས་པ་སྟེ།རྒྱའི་སྐད་ཡིག་ནང་བླ་མ་ཞེས་གསོལ་དུས་མཆོག་དམན་ལ་བལྟོས་པ་མེད་པར་བོད་ཀྱི་སེར་མོ་བ་སྤྱི་བྱིངས་ལ་གོ་བ་ཡིན་པས།རྒྱ་ནག་གི་ཧ་ཤང་ཞེས་འབོད་པ་དང་གཅིག་མཚུངས་ཡིན་མོད།འོན་ཀྱང་བོད་བརྒྱུད་ནང་བསྟན་དུ་གོ་བ་ལེན་པ་ལྟར་བླ་མ་དང་སྤྲུལ་སྐུ་གང་རུང་ཡིན་པའི་ཁྱབ་པ་མ་མཆིས།དེ་ལྟར་ནང་སོ་སློབ་དཔོན་ཞུ་བའི་མཚན་གྱི་གྲུབ་སྟངས་དེ་ཡང་མན་སོག་ཡུལ་གྲུ་གཉིས་ལ་ཕེབས་པའི་དུས་སྐབས་རེ་རེའི་ནང་དགོས་དམིགས་ཅི་རིགས་དབང་གིས་འགྱུར་བ་བྱུང་ཡོད་ཀྱང་།རྡོ་རིང་ངོས་སུ་འདི་པའི་བོད་ཀྱི་མཚན་གསོལ་སྟངས་ཆ་ཚང་བ་ཞིག་མི་གསལ་དེ་ནི་སྟོང་ཆ་ཆེན་པོ་ཞིག་ཆགས་ཡོད།
- རྡོ་རིང་གི་མི་སྣ་དང་ཐག་ཉེ་བའི་དོགས་གནས།
ནང་སོ་སློབ་དཔོན་གྱི་འདས་ལོ་ལ་གཞིགས་ན།ཁོང་ནི་ཧ་ལམ་རྒྱལ་བ་སྐུ་ཕྲེང་གཉིས་པ་ནས་སྐུ་ཕྲེང་བཞི་པ་དང་།གཞན་༧པཎ་ཆེན་བློ་བཟང་ཆོས་རྒྱན་བར་གྱི་དུས་སྐབས་ནང་བཞུགས་པའི་མི་སྣ་ཞིག་ཡིན་ངེས།དེ་བས་ཀྱང་ཁ་ཚོན་གཅོད་ཐུབ་པ་ཞིག་ལ།ཁོང་ནི་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐབས་སུ་ཡོད་པའི་མི་སྣ་ཞིག་ཡིན་པའང་གསལ་པོ་ར་འཕྲོད་ཐུབ་སྟེ།སློབ་དཔོན་ཁོང་ཉིད་མན་ཇུར་བྱོན་ཐེངས་ཐོག་མ་ནི་རྒྱལ་བ་ཡོན་ཏན་རྒྱ་མཚོ་སྐུ་གཤེགས་པའི་ཕྱི་ལོ་དེ་ལ་ཁེལ་ཡོད།གཞན་དུ་《རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་》(དཀར་མཛེས་པར་མ།)པོད་གསུམ་པའི་སྣ་རིང་ལྡེབས་གྲངས་༠༦༡༢ནང་གསལ་བ་བཞིན།རྒྱལ་དབང་མཆོག་གིས་“འོལ་ཁ་ནས་ནང་སོ་ཆོས་རྗེ་ལ་གནང་བའི་ཞུ་ཡིག་”ཅེས་པར་ཡང་ནང་སོ་ཆོས་རྗེ་ཞུ་བ་ཞིག་འབྱུང་ཡང་།མི་སྣ་འདི་དང་རྡོ་རིང་ངོས་ཀྱི་ནང་སོ་སློབ་དཔོན་གཉིས་གང་ཟག་གཅིག་ཏུ་འདོད་མི་རུང་སྙམ།རྒྱལ་དབང་འདི་པ་ནི་ཕྱི་ལོ་༡༥༤༢ལོར་སྐུ་གཤེགས་པ་ཡིན་པས།མན་ཇུའི་ཡུལ་དུ་ཕེབས་མཁན་གྱི་ནང་སོ་སློབ་དཔོན་ཁོང་རྒྱལ་དབང་ཞལ་བཞུགས་པའི་དུས་ནས་སྐུ་འཚོ་གཞེས་གནང་ཡོད་པའི་དབང་དུ་བཏང་ན།ཉུང་མཐའ་ཡང་དགུང་ལོ་བརྒྱད་ཅུ་རྩ་གྲངས་ལྷག་ལ་བཞུགས་ཡོད་ངེས་པ་ཅན་དུ་བརྩི་དགོས་ཀྱང་།ལོ་གྲངས་ཀྱིས་དེད་ན་དེ་ཡང་ཅུང་ཟད་ཐག་རིང་བས་ཡང་དག་པར་མཐུན་དཀའ་བར་སྣང་།
ཡང་《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་》པོད་ཅ་པའི་སྣ་རིང་ལྡེབས་གྲངས་༡༩༥ནང་།ནང་སོ་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ཞུ་བས་བསྐུལ་ངོར་པཎ་ཆེན་འདི་པས་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ཡི་སྒྲུབ་ཐབས་བརྩམས་གནང་མཛད་ཚུལ་མཆིས་ཀྱང་།མཚན་གྱི་འབོད་སྟངས་ཆ་ནས་ཅུང་ཟད་འདྲ་བ་མ་གཏོགས།འདིའི་སྐབས་ཀྱི་ནང་སོ་ཆོས་རྗེ་དང་རྡོ་རིང་གི་མི་སྣ་གཉིས་གང་ཟག་གཅིག་ཡིན་པའི་སྒྲུབ་བྱེད་ད་དུང་རྙེད་སོན་མ་བྱུང་བས་ཕྱིས་སུ་བརྟག་པར་བྱ།ཡིན་ནའང་པཎ་ཆེན་འདི་པ་དགུང་ལོ་༩༣ལ་བཞུགས་ཡོད་ཅིང་།མཐར་ཕྱི་ལོ་༡༦༦༢ལོར་སྐུ་གཤེགས་པ་ཡིན་ཕྱིར།ནང་སོ་སློབ་དཔོན་ནི་འདི་ནས་ཡར་བརྩིས་པའི་ལོ་ངོ་ཞེ་གཅིག་གི་སྔོན་ཏེ་པཎ་ཆེན་འདི་པ་དགུང་ལོ་༥༡བཞེས་པའི་སྐབས་ཙམ་ལ་འདས་པ་ཡིན།ལོ་གྲངས་ལྟར་རིགས་འདེད་བྱས་ན།ནང་སོ་སློབ་དཔོན་དགུང་གྲངས་༤༠ཡས་མས་ཐོག་འདས་པ་ཡིན་པར་ཆ་བཞག་ཀྱང་།གང་ལྟར་ཁོང་ནི་པཎ་ཆེན་འདི་པ་ཞལ་བཞུགས་པའི་དུས་ནས་བྱུང་ཡོད་པའི་མི་སྣ་ཞིག་ཡིན་པ་དེ་ཧ་ལམ་བློ་གདེང་ཆེན་པོས་ཁ་ཚོན་བཅད་ཆོག་པར་སྣང་མོད།འོན་ཀྱང་པཎ་ཆེན་འདི་པ་དང་བླ་སློབ་ཀྱི་འབྲེལ་བ་ཡོད་མེད་སོགས་ནི་ཐེ་ཚོམ་གྱི་གནས་ཡིན་པས་འོལ་ཚོད་ཀྱིས་སྨྲ་བའི་གདེང་སྤོབས་མེད།
བཞི་པ། ནང་སོ་སློབ་དཔོན་མན་ཇུའི་ཡུལ་དུ་བྱོན་པའི་དགོས་པ་དང་རྒྱུ་རྐྱེན།
སྐབས་དེར་ནང་སོ་སློབ་དཔོན་བོད་ནས་མན་ཇུའི་ཡུལ་དུ་ཐད་ཀར་བྱོན་པའང་མིན་ཏེ།དང་པོ་ཤར་ཕྱོགས་ཀྱི་སོག་ཡུལ་ལ་ཕེབས་ནས་དུས་ཡུན་གང་འཚམ་ལ་བཞུགས་ཡོད་ཚོད་རེད།གོང་དུ་རྡོ་རིང་ཡི་གེ་ལས་གསལ་བ་ལྟར། “ཤར་ཕྱོགས་སོག་པོའི་ཡུལ་གྲུ་ཁག་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་མཛད་”ཅེས་པ་ལ་གཞིགས་ན།སོག་ཡུལ་དུའང་དགེ་འདུན་པ་འདི་པས་རྒྱལ་བསྟན་གྱི་ལྟ་དགོངས་སྤེལ་བའི་མཛད་འཕྲིན་ཅི་རིགས་བསྐྱངས་ཡོད་པ་གསལ་པོ་རྟོགས་ཐུབ་མོད།བོད་ནས་སོག་ཡུལ་ལ་ག་དུས་བྱོན་ཚུལ་གྱི་ལོ་དུས་དང་སོག་ཡུལ་ལ་བྱོན་པའི་དགོས་པ་རྒྱུ་རྐྱེན་སོགས་གསལ་ཁ་མེད་སྟབས།ངས་ཀྱང་འདིར་རྨོངས་འཆར་གྱིས་དཔྱད་ཞིབ་བགྱི་བའི་བློ་གདེང་མ་རྙེད་ནས་ལྷག་ཡོད།ལོ་དུས་ལྟར་རིགས་འདེད་ཙམ་བྱས་ཚེ།ཡང་གཅིག་བྱས་ན།དགེ་འདུན་པ་འདི་པ་ནི་ཕྱི་ལོ་༡༥༧༧ལོར་སོག་པོའི་ཨལ་ཐན་རྒྱལ་པོས་རྒྱལ་མཆོག་གསུམ་པ་སོག་ཡུལ་དུ་སྤྱན་དྲངས་དུས་རྒྱལ་བའི་ཕྱག་ཕྱིར་འབྲངས་པའི་དགེ་འདུན་པ་གང་རུང་ཞིག་གམ།ཡང་ན་དུས་སྐབས་དེའི་སྔ་ཕྱིར་སོག་ཡུལ་དུ་དམ་ཆོས་སྤེལ་བར་བྱོན་པའང་ཡིན་ལས་ཆེ་མོད།འོན་ཀྱང་འདི་ནི་ཁོ་བོས་བློས་དཔྱད་དཔོག་བགྱིས་པ་ཙམ་ལས་རིགས་པས་ཁུངས་གཏུག་ས་མེད།གང་ལྟར་ཁོང་ཉིད་མན་ཇུར་བྱོན་པའི་དགོས་པ་དང་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་པོ་ནོར་ཧ་ཆི་ཡིས་ཇུར་ཆིད་ཀྱི་སྲིད་དབང་གསར་དུ་བཙུགས་པའི་སྐབས་དེར་སོག་པོའི་ཁིར་ཆན་ཚོ་ཁག་རྒྱལ་པོ་ནོར་ཧ་ཆིའི་མངའ་འོག་ཏུ་ཤོར་བས།ནང་སོ་སློབ་དཔོན་གྱིས་སོག་ཡུལ་ནས་ཆོས་གྲོགས་ཆུང་བ་བླ་མ་དཀར་པོ་སོགས་དགེ་ཕྲུག་རྣམས་རྗེས་སུ་ཁྲིད་དེ་མན་ཇུར་སྐྱབས་བཅོལ་ཞུ་རུ་ཕེབས་ཚུལ་གྲགས་པ་དེ་དོན་ལ་གནས་སྙམ།གནད་འདི་གསལ་པོ་ར་འཕྲོད་ཐུབ་པ་ནི་《མན་ཡིག་རྙིང་མའི་ཡིག་ཚགས་སྔ་མ་》(《老滿文原檔》)[22]རྒྱ་འགྱུར་མ་ལས། “སོག་པོའི་ཁིར་ཆན་ནང་སོ་བླ་མས་དབྱིན་མེང་ཧན་[23]གསོ་སྐྱོང་ལ་མཁས་པ་ཐོས་པས།སྔོན་ལའང་ཐེངས་གཉིས་སླེབས་མྱོང་།ལེའོ་ཀོང་[24]ཐོབ་རྗེས།བླ་མ་ན་རེ།སྔར་ང་རང་ཕྱི་ལ་ཐོན་འོངས་དུས།ནམ་རྒྱུན་གཟུགས་པོ་ཐང་པོ་ཆགས་མེད།ལུས་ན་དུས་འོངས་པ་ཡིན།དབྱིན་མེང་ཧན་བཞུགས་ས་དེ་གར་འཇིག་རྟེན་དང་ཁ་འབྲལ་དགོས་སྙམ་པ་བྱུང་།རིང་པོ་མ་ཐོགས་པར་བསྙུན་བབ་སྡུག་ཏུ་ཕྱིན།བླ་མ་ན་རེ།ཅི་སྟེ་ང་ལ་བརྩེ་ཞེན་ཡོད་ན།ང་འདས་རྗེས་བེམ་པོ་རྒྱལ་སར་བཞུགས་པའི་པ་ཀ་པ་བླ་མར་[25]གདུང་མཆོད་བྱ་རྒྱུ་མངག་བཅོལ་གནང་རོགས་ཞེས་ཞུས།སྔར་ལོའི་(ལྕགས་གླང་ལོ་)དགུན་ཟླ་བཅུ་པར་སྐུ་གཤེགས།ལེའོ་ཀོང་མཁར་གྲོང་གི་ལྷོ་སྒོའི་ཕྱི་རོལ་དུ་དམག་དཔོན་ཧན་གྱི་ས་གཞིས་[26]ནང་ལྷ་ཁང་བཞེངས་ཏེ་སྐུ་གདུང་བདེར་བཀོད།དབྱིན་མེང་ཧན་གྱིས་པ་ཀ་བླ་མར་[27]གསོལ་མཆོད་གནང་བའི་བཀའ་མངགས་ཞུས་ཤིང་།མཚན་ལ་ཐོ་ལོ་སི་ཞུ་བ་མངག་རྫོངས་གནང་སྟེ།ཁིར་ཆིན་དུ་ཡོད་པའི་ནང་སོ་སློབ་དཔོན་གྱི་མངའ་འོག་གི་དུད་ཁྱིམ་ཚོ་ཁག་བཅུ་གསུམ་དང་ཉི་ཁན་[28]གྱི་མཁར་རྫོང་དང་བཅས་ཕྱིར་སྤྲད།བླ་མའི་གདུང་རྟེན་བཞུགས་སར་བསྡད་དེ།སླར་ཡང་མདའ་གཞུ་ལྔ་བཅུ།རྟ་ལྔ་བཅུ།དྲེལ་ཉི་ཤུ།མགོ་བཏེགས་ཞུར་བཅུག་པའི་ཨ་ཧ་སྐྱེས་པ་ལྔ་བཅུ།བུད་མེད་ལྔ་བཅུ་ཁྲིད་འོངས་སུ་བཅུག”(蒙古的科爾沁囊素喇嘛聽說因明汗善養的事,從前曾來過兩次。獲得遼廣後,那喇嘛來說:「我從我出來時,常常是身體不好,或有病時來,心中合計,這是要在英明汗那裏離開人世」,沒多久,病情嚴重,喇嘛說:「如果憐愛我,等我死後,把我的屍體,委托給在遼東的巴噶巴喇嘛祭祀」。去年冬(辛酉年)十月,死了。在遼廣城的南門外汗參將的園莊裏修廟,安放屍體。英明汗委託巴喇嘛祭祀。並派遣名叫圖魯什的人,去率領在科爾沁的囊素喇嘛屬下的諸申六十三戶,還給與尼堪的一堡,住在喇嘛的屍體那裡,又讓習射,賞弓五十張、甲五十副、馬五十匹、驢二十頭,使役的阿哈男五十人、女五十人。)ཅེས་གསལ་བ་ལས་རྟོགས་ཐུབ།མན་ཡིག་རྙིང་མའི་ཡིག་ཚགས་སྔ་མ་འདི་ཆིང་རྒྱལ་རབས་མ་ཚུགས་སྔོན་གྱི་མན་ཇུའི་རྒྱལ་ཐོག་སྔོན་མ་གཉིས་ཀྱི་དུས་སྐབས་སུ་རྩོམ་སྒྲིག་བྱས་པ་ཡིན་ཕྱིར་ཁུངས་བཙུན་པའི་ཡིད་ཆེས་ཆེན་པོ་རྙེད་ཐུབ།
ལྔ་པ། ནང་སོ་སློབ་དཔོན་དང་སེ་ཆེན་ཆོས་རྗེ་གཉིས་ལས་མན་ཇུར་བྱོན་མཁན་ཐོག་མ་དེ་སུ་ཡིན་ནམ།
ཁོ་བོས་ནང་སོ་སློབ་དཔོན་གྱི་རྡོ་རིང་འདི་ལ་ཐོག་མར་ཞིབ་འཇུག་བྱེད་སྐབས་རང་རེའི་ལོ་རྒྱུས་ཞིབ་འཇུག་པ་ཁ་ཅིག་ལ་དོགས་གནས་འགའ་བཀའ་འདྲི་ཞུས་པ་ན།ཁ་ཅིག་གིས་མན་ཇུའི་ཡུལ་དུ་དགེ་ལུགས་པའི་བསྟན་པ་སྤེལ་བར་བྱོན་མཁན་ཐོག་མ་དེ་སེ་ཆེན་ཆོས་རྗེ་ཡིན་པར་བཞེད་པའང་མཆིས་ཀྱང་།སེ་ཆེན་ཆོས་རྗེ་ནི་ནང་སོ་སློབ་དཔོན་བྱོན་པའི་ལོ་ཉེར་བཞི་ཙམ་གྱི་རྗེས་སུ་ཕེབས་པ་ཡིན་ཏེ།སྐབས་དེར་༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་༧རྒྱལ་མཆོག་ལྔ་པ་ཆེན་པོར་གྲོས་མོལ་གནང་སྟེ་མན་ཇུའི་གོང་མ་ཤུན་ཙེ་༡༦༣༨ལོར་འཁྲུངས་པར་འཚམས་འདྲིའི་ཡི་གེ་དང་རྟེན་བཅས་ཕུལ་ནས་མན་ཇུའི་རྒྱལ་ས་མུག་ཏིན་དུ་མངག་རྫོངས་གནང་བ་ཡིན་ལ།སེ་ཆེན་ཆོས་རྗེ་མན་ཇུར་བྱོན་དུས་ཡུལ་དེར་དུས་སྔ་ནས་རྒྱལ་བསྟན་དར་ནས་རྨང་གཞི་ཙམ་བཏིངས་ཡོད་པ་མ་ཟད།འགྲོ་མགོན་ཆོས་རྒྱལ་འཕགས་པས་གསེར་སྲང་སྟོང་གིས་ལུགས་བརྒྱབ་ཅིང་བོད་རྒྱ་མན་སོག་གི་ཡུལ་གྲུ་ཀུན་ལ་སྤྱན་འདྲེན་ཞུས་མྱོང་བའི་ཆོས་སྐྱོང་མ་ཧཱ་ཀ་ལ་མགོན་པོ་ནག་པོའི་གསེར་སྐུ་ལ་མགོན་ཁང་བཞེངས་པ་དང་།གནས་དེར་ཇུར་ཆིད་འབོག་ཏོ་རྒྱལ་པོའི་བཀའ་བཞིན་ཕྱི་ལོ་༡༦༣༨ལོར་ནང་པའི་དགེ་ལུགས་ཀྱི་དགོན་པ་ཐོག་མ་རྣམ་པར་རྒྱལ་བའི་ལྷ་ཁང་ངམ་དགོན་པ་སེར་པོ་(實勝寺)[29]ཡང་གསར་བཞེངས་བསྐྱངས་ཟིན་ཡོད།དེས་ན་སེ་ཆེན་ཆོས་རྗེ་མན་ཇུའི་ཡུལ་དུ་རྒྱལ་བསྟན་ཐོག་མར་སྤེལ་མཁན་ཡིན་ཟེར་བའི་བཞེད་ཚུལ་དེར་ཁོ་བོ་ནི་མི་འཐད་དོ།།
སེ་ཆེན་ཆོས་རྗེ་ནི་ནང་སོ་སློབ་དཔོན་གྱི་ཕྱིས་སུ་བྱོན་པ་ཡིན་ཚུལ་དེ་རྒྱལ་མཆོག་ཡབ་སྲས་ཀྱི་རྣམ་ཐར་ཁག་ཏུའང་གསལ་པོ་མཆིས་པས།ཁུངས་འཕེར་བའི་སྒྲུབ་བྱེད་དགོས་ན་འདི་ལས་ལྷག་པ་ཅི་དགོས།དེ་ཡང་《རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་》ལས། “ལྕགས་འབྲུག་ལོ་དཔོན་སློབ་པཎ་ཆེན་རིན་པོ་ཆེས་སེ་ཆེན་ཆོས་རྗེ་ལ་ཇུར་ཆིད་རྒྱལ་པོ་འདི་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོད་འདུག་པས་རང་ཕྱོགས་ཀྱི་སྦྱིན་བདག་ལ་ཨེ་ཁུག་ལྟོས་གསུངས་རྫོང་བདའ་གནང་སོང་བའི་ཞབས་མཐུད་བྱས་ཏེ་བོག་ཏོ་རྒྱལ་པོར་ཡི་གེ་རྟེན་སྦྲགས་བསྐུར་བ་རྒྱལ་པོའི་གམ་ནས་གེགས་མེད་དུ་ཕྱིར་འཁོར་”[30]ཞེས་གསལ་བ་བཞིན།ལྕགས་འབྲུག་ལོ་ནི་ཕྱི་ལོ་༡༦༤༠ལོར་ཁེལ་ཡོད་ཅིང་།《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་》ལས། “སེ་ཆེན་ཆོས་རྗེ་སྔར་(བོད་ལ་)བྱོན་དུས་ནོར་གན་ཆའི་རྒྱུད་སྦྱོར་ཇིད་ཀྱི་རྒྱལ་པོ་འདི།ཁལ་ཁ་ཨོ་རོད་མ་གཏོགས།སོག་ཡུལ་ཐམས་ཅད་དང་།རྒྱ་ནག་གི་གྲོང་ཁྱེར་ཁྲི་ཕྲག་ཡོད་པའི་ཡུལ་ཁམས་ལ་དབང་བྱེད་པའི་སྟོབས་ཤིན་ཏུ་ཆེ་བ།སངས་རྒྱས་ཀྱི་བསྟན་པའི་སྒོར་མ་ཆུད་པ་ཡོད་ཚུལ་བྱུང་བས།དེ་ལྟར་ན་ཆོས་རྗེ་ཉིད་བྱོན་ན་བསྟན་པ་དང་འགྲོ་བ་ལ་ཕན་པ་ཡོང་ཤས་ཆེ་ཞིང་མོལ་མཆིད་བྱུང་བ་ན།ཆོས་རྗེའི་གསུང་ནས།ཁོ་བོའི་ལུས་ངག་ཡིད་གསུམ་ཁྱོད་ལ་ཕུལ་བས་ཁྱོད་ཀྱིས་སོངས་ཟེར་ན་འགྲོ་གསུངས་པ་ལྟར།སྦྱོར་ཇིད་ཀྱི་རྒྱལ་པོ་ལ་ཡི་གེ་རྟེན་ལྡན་དང་།ཐམས་ཅད་མཁྱེན་པར་(རྒྱལ་དབང་ལྔ་པར་)ཡང་ཞུས་པའི་བཀའ་ཤོག་རྟེན་ལྡན་དང་བཅས་ལོ་ལྔའི་ཁོངས་སུ་འཁོར་དགོས་ཚུལ་བྱས་ནས་འབྱོན་བཅུག་”[31]ཅེས་གསལ་བ་བཞིན། “ལོ་ལྔའི་ཁོངས་སུ་འཁོར་དགོས་”ཞེས་སེ་ཆེན་ཆོས་རྗེ་ཁོང་ཇུར་ཆིད་ཀྱི་འབོག་ཏོ་རྒྱལ་པོར་མཇལ་འཕྲད་མཛད་ནས་རྒྱལ་པོའི་གམ་དུ་ལོ་གཉིས་ལ་བཞུགས་ཏེ།དེ་ནས་ཕྱིར་བོད་དུ་འཁོར་བའི་ལོ་དུས་ནི་ཤིང་སྤྲེ་སྟེ་ཕྱི་ལོ་༡༦༤༤ལོ་ཡིན་པ་དེ་རྒྱལ་དབང་ལྔ་པའི་《ཡིག་ལན་ལེགས་ལམ་ནོར་བུའི་འཕྲེང་བ་》[32]ནང་གསལ་པོ་འཁོད་ཡོད།དེར་མ་ཟད་《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་》དུའང་། “གསེར་ཡིག་པའི་ཚོགས་དང་བཅས་པ་ཤིང་སྤྲེ་(༡༦༤༤)ཟླ་བ་བཅུ་གཅིག་པའི་ནང་དུ་བྱོན་”[33]ཞེས་གསལ་ལ།ཕྱི་ལོ་༡༦༤༠ལོར་བོད་ནས་ཕེབས་ཏེ་ཕྱི་ལོ་༡༦༤༢ལོར་མན་ཇུའི་རྒྱལ་ས་མུག་ཏིན་དུ་སེ་ཆེན་ཆོས་རྗེ་དངོས་སུ་ཇུར་ཆིད་ཀྱི་འབོག་ཏོ་རྒྱལ་པོར་མཇལ་ཕྲད་གནང་ཚུལ་རྒྱ་ཡིག་གི་《ཆིང་ཐའེ་ཙུང་གི་དངོས་བྱུང་གསལ་བཀོད་》[34]བམ་པོ་རེ་གསུམ་པའི་ནང་དུའང་གསལ་པོར་འཁོད་ཡོད།དེས་ན་སེ་ཆེན་ཆོས་རྗེ་མན་ཇུར་བྱོན་ཐེངས་ཐོག་མ་དེ་ལྕགས་འབྲུག་ལོ་ཡིན་པ་ཡོངས་གྲགས་སུ་རྩོད་མེད་ཆགས་ཡོད་ཅིང་།སེ་ཆེན་ཆོས་རྗེ་མན་ཇུར་བྱོན་དུས་ནང་སོ་སློབ་དཔོན་མན་ཇུའི་ཡུལ་དེ་གར་སྐུ་གཤེགས་ནས་ལོ་ངོ་བཅུ་བདུན་ཙམ་ཕྱིན་ཡོད་པའང་ཁ་གསལ་པོ་ཆགས་ཡོད་པས།མན་ཇུའི་ཡུལ་དུ་བྱོན་མཁན་ཐོག་མ་དེ་ནང་སོ་སློབ་དཔོན་ཡིན་ནམ་ཡང་ན་སེ་ཆེན་ཆོས་རྗེ་ཡིན་མིན་དེ་ཡང་གནད་འདིས་གསལ་པོ་ར་འཕྲོད་ཐུབ།དེའི་རྗེས་སུ་ཐེངས་གཉིས་པ་བྱོན་པའི་དུས་ནི་ཧ་ལམ་ཤིང་སྤྲེ་སྟེ་ཕྱི་ལོ་༡༦༤༤ལོ་ཡིན་པར་སྣང་མོད་གསལ་ཐག་མ་ཆོད།གང་ལྟར་སེ་ཆེན་ཆོས་རྗེ་ནི་ནང་སོ་སློབ་དཔོན་གྱི་འཕྲོ་ལ་ཡིན་པ་ནི་བསྙོན་དུ་མེད།
དྲུག་པ། རྡོ་རིང་འདི་ལ་ཐོག་མར་ཞིབ་འཇུག་བྱེད་མཁན་དེ་སུ་ཡིན་ནམ།
དུས་རབས་ཉི་ཤུ་པའི་དུས་འགོ་སྟེ་༡༩༡༢ལོར་མན་ཇུའི་སྲིད་དབང་རྩ་འཐོར་སོང་བའི་དུས་མཇུག་ལ་སླེབས་རག་བར་དུ།ནང་སོ་སློབ་དཔོན་གྱི་གནའ་བོའི་རྡོ་རིང་དེ་གསར་རྙེད་བྱུང་མཁན་སུ་ཡང་མ་བྱུང་ཞིང་།དེ་ལ་ཆེས་ཐོག་མར་ཞིབ་འཇུག་བགྱིས་ཏེ་ལོ་རྒྱུས་དེབ་ཐེར་ནང་འཇོག་མཁན་ནི་ཉི་ཧོང་གི་ཉེ་རབས་ལོ་རྒྱུས་མཁས་པ་གྲགས་ཅན་ནེ་ཐོ་ཁོ་ནན་(NaitōKonan,1866-1934)དང་ཁོང་གི་སློབ་མ་མཆོག་གྱུར་ཏོ་ཡུ་ཅོན་ཧྲན་(いなばいわきち,1876-1940)ཞུ་བའི་དགེ་སློབ་ཁོང་རྣམ་གཉིས་ཡིན་ཏེ།༡༩༡༤ལོར་ཏོ་ཡུ་ཅོན་ཧྲན་གྱིས་ཉི་ཧོང་སྐད་ཡིག་ཐོག་བརྩམས་པའི་《ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཀུན་འདུས་ཆེན་མོ་》[35]ནང་ནང་སོ་སློབ་དཔོན་གྱི་རྡོ་རིང་འདིའི་སྐོར་ཐོག་མར་གླེང་རྒྱུ་བྱུང་བས།གནའ་བོའི་བྱང་རྡོའི་ཡི་གེ་དེ་ཐོག་མར་ཕྱི་རྒྱལ་གྱི་མཁས་པས་རྙེད་སོན་བྱུང་སྟེ་ཞིབ་འཇུག་མཛད་པར་རྒྱའི་ལོ་རྒྱུས་ཉམས་ཞིབ་པ་རྣམས་ངོ་ཚ་ཁ་སྐྱེངས་པའི་གནས་སུ་ལྷུང་།དེ་ལྟ་ནའང་རང་རེའི་རྡོ་རིང་ཞིབ་འཇུག་ལ་འཇོན་པར་རློམ་མཁན་དག་ཀྱང་ཧ་ལས་ཤིང་ཧང་སང་སྟེ་དོགས་འགྲོགས་ཀྱི་ཁ་མིག་ཆེར་གདངས་དགོས་པ་ཞིག་བྱུང་མེད་དམ་སྙམ།ཉི་ཧོང་མཁས་པས་རྙེད་སོན་བྱུང་རྗེས་དེ་ནས་རྒྱ་ནག་གི་ལོ་རྒྱུས་མཁས་པ་གྲགས་ཅན་སུའུ་དབྱི་ཧྲན་(肅一山,1902-1978)གྱིས་༡༩༢༣ལོར་བརྩམས་འགོ་ཚུགས་པའི་《ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་》[36]གླེགས་བམ་དང་པོའི་ནང་དུའང་ནང་སོ་སློབ་དཔོན་གྱི་རྡོ་རིང་སྐོར་འཁོད་ཡོད་ཅིང་།རིམ་པས་ལོ་རྒྱུས་མཁས་ཅན་ཀྲེན་ཐིན་ཐིང་(郑天挺,1899-1981)གི་《ཆིང་གི་ལོ་རྒྱུས་གླེང་བ་》[37]དང་།ལོ་རྒྱུས་མཁས་ཅན་ཀྲང་ཡུས་ཞིན་(張羽新,1942-)གྱི་《ཆིང་སྲིད་གཞུང་དང་བླ་མའི་ཆོས་》[38]སོགས་སུའང་རྡོ་རིང་དེའི་ཡི་གེ་ལ་ཞིབ་འཇུག་ཏོག་ཙམ་བགྱིས་ཚུལ་མཆིས་མོད།དགེ་འདུན་པ་ནང་སོའི་རྒྱབ་ལྗོངས་ལ་ཆེད་དུ་དཔྱད་ཞིབ་བགྱིས་པ་གང་ཡང་མེད།གང་ལྟར་རྡོ་རིང་འདི་ལ་རྒྱ་བོད་ལོ་རྒྱུས་ཞིབ་འཇུག་པ་སུ་དང་གང་གིས་ཀྱང་ལག་པ་མ་འཆང་སྔོན་ལ།ཉི་ཧོང་མཁས་པས་གསར་རྙེད་བྱུང་ནས་ཡིག་ཚང་ནང་བཞག་པ་ཡིན།
དགོད་བྲོ་བ་ཞིག་ལ།རྡོ་རིང་འོག་ཏུ་མཚན་ཐོ་བཀོད་པའི་ནང་།རྒྱ་མི་སྐོར་ཞིག་སྟེ།དཔེར་ན་“ཁོ་ཏི་”དང་“དབྱི་མ་ཧཱ་”(皇上侍臣库滴、义马哈、龙十、偏姑、温台十、木青、乞力干、口口、何不利)སོགས།དུས་སྐབས་དེའི་རྗེས་སུ་བཅོས་བསླད་ཀྱི་ཡིག་ཕྲེང་གཅིག་རྫུན་བསྒྲིགས་སུ་བརྐོས་ཏེ་གོང་མའི་ནང་བློན་ཡིན་ཚུལ་འདྲ་འདྲ་འགྲིག་འགྲིག་གིས་ཁ་གསབ་བྱས་པའི་རྒྱ་མིའི་གཡོ་ཟོལ་དེ་ཡང་ཉི་ཧོང་མཁས་པས་རྫུན་ཕུགས་རེ་རེ་བཞིན་བརྟོལ་ཡོད།འོན་ཀྱང་དོ་སྣང་བྱ་རིན་ཡོད་པ་ཞིག་ལ།ཉུང་མཐར་ཡང་མཚན་ཐོ་༧༡༠ཡོད་པའི་ཁྲོད་ལས།དགེ་འདུན་པ་འདི་པ་ལ་བློ་བཟང་དོན་འགྲུབ་དང་བནྡེ་སོགས་བོད་སོག་མན་ཇུ་དང་རྒྱ་རིགས་དངོས་སློབ་༤༢ཡོད་པར་གསལ་ཡང་།དངོས་སློབ་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་ཞིབ་གསལ་ཤེས་རྟོགས་མ་བྱུང་བས་ཕྱིས་སུ་བརྟག་པར་བྱ།རྡོ་རིང་འདི་སྔར་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་སྡེ་གཟིར་འཁྲུག་ལོང་གི་གཡུལ་འཐབ་ནང་རྩ་བརླག་ཏུ་ཤོར་བས་ལྷག་ལུས་མང་པོ་བྱུང་མེད།ཡང་དེའི་ཕྱིས་སུ་སྟེ་༡༩༦༦ལོར་རྒྱ་ནག་གིས་རིག་གནས་གསར་བརྗེའི་རླུང་དམར་ནང་ལྷ་ཁང་རྡོ་རིང་དང་བཅས་པ་རྩ་གཏོར་བཏང་ཞིང་།ཕྱིས་སུ་རྒྱལ་ཁབ་ཀྱི་ནོར་བུ་(國寶)ཡིན་པའི་རིན་ཐང་གཞི་ནས་ངོས་ཟིན་ཏེ།སྔར་གྱི་གནས་རྙིང་དེ་གར་རྡོ་རིང་འདིའི་གས་ཆག་ལེབ་མོ་ཁ་ཤས་ལྷག་ལུས་བྱུང་བ་གནས་སྤོས་ཏེ་དེང་གི་ལེའོ་ཉིང་ཧྲིན་དབྱང་འགྲེམས་སྟོན་ཁང་(遼寧瀋陽博物館)དུ་ཉར་ཡོད།རྡོ་རིང་གི་ངོས་སུ་མཚན་ཐོ་བཏོན་པའི་ནང་རྒྱ་ནག་གི་གནའ་བོའི་སྒྲུང་རིང་གྲགས་ཅན་《ཐོག་ཁང་དམར་པོའི་རྨི་ལམ་》གྱི་རྩོམ་པ་པོ་“ཚའོ་ཞོས་ཆིན་”(曹雪芹)གྱི་ཡང་མེས་“ཚའོ་ཀྲིན་ཡན་”(曹振彥)ཟེར་བའང་ཡོད་ཚུལ་ནི།ལོ་རབས་བདུན་ཅུའི་མཇུག་ཏུ་འགྲེམས་སྟོན་ཁང་དེ་གའི་བདག་གཉེར་པ་ཙོའུ་པའོ་ཁུའུ་(邹宝库)ཟེར་བ་ཡིས་སྟེས་དབང་གིས་མཐོང་རྒྱུ་བྱུང་བས།དེང་གི་རྒྱའི་ལོ་རྒྱུས་ཞིབ་འཇུག་པ་མང་པོ་ཧ་ལས་ཤིང་ཧོན་འཐོར་དགོས་པ་བྱུང་སྟེ།མན་ཇུའི་དབང་སྒྱུར་ལ་མགོ་བཏགས་ཞུས་པའི་རྒྱའི་དཔོན་རིགས་དེ་དག་གི་སྐབས་དེའི་ལས་ཀ་དང་གོ་གནས་སོགས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་རྒྱུའི་ཐད་སྔར་རྙེད་དུ་དཀོན་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཅིང་།དེ་ལ་བརྟེན་ནས་འགྲེམས་སྟོན་ཁང་གི་སྐུ་ཞབས་ཚའོ་ཞོན་གྱིས་རྒྱ་ནག་གཞུང་གི་༡༩༧༨ལོའི་《རིག་དངོས་》(文物)དུས་དེབ་འདོན་ཐེངས་ལྔ་པའི་སྟེང་《ཚའོ་ཞོས་ཆིན་ཁྱིམ་རྒྱུད་སྐོར་གྱི་རྡོ་ཡིག་ལོ་རྒྱུས་དཔྱད་ཡིག་(《有关曹雪芹家世的一件碑刻史料——记辽阳喇嘛园(大金喇嘛法师宝记)碑》)ཅེས་པའི་དཔྱད་རྩོམ་ཐོག་མ་བྲིས་ནས་སྤེལ་ཡོད།
དུས་སྔ་མའི་མན་ཡིག་གི་ཡིག་ཚགས་རྙིང་མ་རྒྱ་འགྱུར་ནང་དཔར་སྐྲུན་བྱས་མེད་པ་ཁ་ཅིག་ཏུ་དགེ་འདུན་པ་འདི་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྐོར་རྒྱས་བསྡུས་གང་རུང་རེ་ཡོད་སྲིད་པར་ཐེ་ཚོམ་མེད་ཀྱང་མིག་སྔར་ད་དུང་ལག་སོན་མ་བྱུང་།མན་ཡིག་རྙིང་མ་དག་གི་ནང་སྔར་མན་ཇུ་ཡིས་རྒྱ་ནག་དབང་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་དངོས་དཔང་མང་པོ་ཡོད་ཕྱིར།རྒྱ་ནག་གིས་རྒྱལ་ཁབ་རང་གི་མཚན་སྙན་ལ་གནོད་པའི་མན་ཡིག་གི་འབྲེལ་ཡོད་རྒྱུ་ཆ་དེ་དག་སྦེད་བསྐུངས་གཡོགས་འགེབས་ཅི་ཐུབ་བྱས་ཏེ།དུས་ཡུན་རིང་པོ་ནས་སྲུང་སྐྱོབ་བྱེད་པར་ཁ་གཡར་ནས་ཡིག་ཚགས་ཁང་དུ་བེམ་མེད་དུ་ཉར་བ་ལས།ད་ལྟའི་ཆར་རྒྱ་འགྱུར་ནང་ཁྲོམ་བསྒྲགས་བྱས་པ་རེ་ཟུང་ལས་མེད།རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་(中國第一歷史檔案館)དང་ཧྲིན་དབྱང་གི་ཡིག་ཚགས་ཁང་དུ་མན་ཇུའི་དུས་སྐབས་ཀྱི་ཡིག་ཚགས་ཁྲི་ཚོ་གཉིས་ལྷག་ཉར་ཡོད་པའི་ཁྲོད་ལས་བརྒྱ་ཆའི་བཞི་བཅུ་ལྷག་ཙམ་ནི་སྐབས་དེར་མན་ཡིག་རྐྱང་པས་བྲིས་ཏེ་ཡིག་འཇོག་བྱས་ཡོད་ཚུལ་གྲགས་པའང་བདེན་པར་སྣང་།གནད་འདི་ལོ་རྒྱུས་ཉམས་ཞིབ་པ་རྒྱ་རིགས་ཨོའུ་ལི་ཏི་ཡིས། “དམིགས་བསལ་གྱི་སྦྱོང་བརྡར་སྤྲད་པའི་ཆེད་མཁས་པ་དང་མཁས་ཅན་ཚོས་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་ནང་བསྡུ་ཉར་བྱས་པའི་མན་ཡིག་ལེགས་སྒྲིག་བྱས་པར།བསྡུ་ཉར་དེ་དག་ཁྲོད་ལས་ལ་ཤས་ནི་ལོ་ངོ་ཉིས་བརྒྱ་སུམ་བརྒྱའི་རིང་ལའང་ལག་པ་འཆང་མྱོང་མཁན་སུ་ཡང་བྱུང་མི་འདུག”(經過特別訓練的專家學者,著手整理一史館的滿文收藏;這些收藏中有些部分可說兩三百年來都沒有人接觸過。)[39]ཅེས་སྡུག་ཡུས་བཤད་པ་དེ་ག་རང་ཡིན་ཏེ།རྒྱ་མི་དོན་གཉེར་པ་ཚོའི་ལག་ཏུ་རག་དཀའ་བ་གང་ཞིག་རང་རེའི་ལག་ཏུ་སོན་རྒྱུ་ནི་དེ་བས་ཀྱང་སེངྒེ་དཀར་མོའི་འོ་མ་ལས་མ་འདས་པས་གནས་སྐབས་རིང་བྱ་ཐབས་ཟད་སོང་།
དཔྱད་ཞིབ་ཀྱི་མཐའ་བསྡོམས།
ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་པོ་ཞིག་ལ་མཚོན་ན།མི་སྣ་དེའི་འཁྲུངས་འདས་ལོ་ཚིགས་ཀྱིས་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་བྱུང་བ་ལ་དཔྱད་ཞིབ་བྱེད་པར་སྤྱི་བྱེ་གསེད་བཀྲོལ་དང་དོགས་སེལ་བོགས་འདོན་བྱེད་པའི་སྒྲུབ་བྱེད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ཐུབ་པར་ཐེ་ཚོམ་མེད་ཀྱང་།རྡོ་རིང་འདིའི་ཡི་གེའི་ནང་ནང་སོ་སློབ་དཔོན་གྱི་འཁྲུངས་ལོ་མི་གསལ་ལ།བོད་ནས་འཁྲུངས་པ་རྩོད་མེད་ཡིན་པ་ལས་བྱེ་བྲག་བོད་ཀྱི་ཡུལ་ལུང་གང་ནས་འཁྲུངས་ཚུལ་ཡང་སྟོང་ཆར་ལྷག་ཡོད།ཡིན་ནའང་འདིར་ཀློག་པ་པོ་ལ་གནད་འགག་ཆེ་བའི་དཔྱད་ཞིབ་ཀྱི་གྲུབ་དོན་ཏོག་ཙམ་སྟོན་རྒྱུ་མཆིས་ཏེ།ལོ་ངོ་༣༩༠ལྷག་གི་ཡར་སྔོན་ལ་བཞེངས་པའི་ནང་སོ་སློབ་དཔོན་གྱི་གདུང་རྟེན་ལྷ་ཁང་དང་རྡོ་རིང་རྩ་ཆེན་པོ་འདིས་མན་ཇུའི་སྲིད་དབང་གསར་དུ་ཚུགས་དུས་ཡུལ་དེར་རྒྱལ་བསྟན་དར་བའི་དབུ་ཇི་ལྟར་བརྙེས་ཚུལ་གསལ་པོ་རྟོགས་ཐུབ།ཆོས་ལུགས་གང་དང་གང་ཞིག་ཡིན་ནའང་།ཐོག་མར་ཆོས་ལུགས་དེ་དར་བའི་དབུ་བརྙེས་པ་དང་།བར་དུ་ཆོས་ལུགས་དེ་དར་ཁྱབ་ཏུ་གཏོང་བ།མཐའ་མར་ཆོས་ལུགས་དེ་དར་ཞིང་རྒྱས་པར་བྱེད་པའི་འཕེལ་རིམ་གསུམ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཡང་གཅིག་བྱས་ན།ནང་སོ་སློབ་དཔོན་ནི་མན་ཇུའི་ཡུལ་དུ་རྒྱལ་བསྟན་སྤྱི་དང་ལྷག་པར་དུ་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པ་སྤེལ་བའི་སྲོལ་འབྱེད་མཁན་དུ་ངོས་འཛིན་བྱས་ནའང་འགལ་བ་མེད་སྲིད།འདི་ནི་ཁོ་བོས་ཆོས་རྒྱུད་ཀྱི་ཕྱོགས་ཞེན་བཟུང་བ་གཏན་ནས་མིན་ཏེ།དེའི་རྒྱུ་མཚན་ག་རེ་ཡིན་ཟེར་ན།རྒྱལ་པོ་ནོར་ཧ་ཆི་ཡིས་སློབ་དཔོན་འདི་པ་དབུ་བླར་བཀུར་རྗེས་རིམ་པས་རྒྱལ་པོ་འདིའི་སྲས་འབོག་ཏོ་རྒྱལ་པོས་ཀྱང་སེ་ཆེན་ཆོས་རྗེ་ཉིད་རིགས་ཀྱི་ཅོད་པན་དུ་བཟུང་སྟེ་ནང་པར་ཞུགས་ཡོད་པ་དང་།དེ་ནས་འབོག་ཏོ་རྒྱལ་པོའི་སྲས་གོང་མ་ཤུན་ཙེ་(順治,1638-1661)ཡིས་ཀྱང་རྒྱལ་མཆོག་ལྔ་པ་ཆེན་པོ་རྒྱ་ནག་ཏུ་གདན་དྲངས་ནས་བཀུར་གཟོས་འཇའ་ས་གསེར་ཐམ་ཕུལ།གོང་མ་ཤུན་ཙེའི་སྲས་ཁང་ཞི་(康熙,1654-1722)ཡིས་ཀྱང་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དབུ་བླར་བསྟེན་ནས་གསང་བདེ་འཇིགས་གསུམ་གྱི་དབང་དང་རྗེས་གནང་མང་དུ་ཞུས་པར་མ་ཟད།ཐུའུ་བཀན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་བླ་ཆེན་སྐོར་ཞིག་ཀྱང་རྒྱ་ནག་ཏུ་གདན་འདྲེན་ཞུས་ནས་གོང་མའི་བློན་པོ་དང་དཔོན་དམག་ལ་ཆོས་ཀྱི་གདམས་པ་མང་དུ་བསྩལ།དེ་བཞིན་དུ་གོང་མ་ཁང་ཞིའི་སྲས་ཡུང་ཊེང་(雍正,1678-1735)གིས་ཀྱང་ལྕང་སྐྱ་རོལ་པའི་རྡོ་རྗེ་དབུ་བླར་མཆོད་ཅིང་།གོང་མ་ཡུང་ཊེང་གི་སྲས་ཆན་ལུང་(乾隆,1711-1799)གིས་ཀྱང་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ལྕང་སྐྱལ་རོལ་པའི་རྡོ་རྗེ་གཉིས་ལ་དབང་དང་རྗེས་གནང་དུ་མ་ཞུས་པ་སོགས།མདོར་ན་ཆིང་རྒྱལ་རབས་ཀྱི་རྒྱལ་ཐོག་ཕྱི་མ་དག་རྒྱལ་བའི་བསྟན་ལ་དད་མོས་འཁྲུངས་ཤིང་རྒྱལ་ཐོག་དེ་དག་གིས་སྒོས་སུ་ཞྭ་སེར་བསྟན་པའི་རིང་ལུགས་གཙུག་ཏུ་བཀུར་ཚུལ་ལ་གཞིགས་ན།རྒྱལ་ཐོག་སྔ་མ་ནོར་ཧ་ཆི་ཡིས་དབུ་བླར་བཀུར་བའི་ནང་སོ་སློབ་དཔོན་ཞུ་བ་ཁོང་ཡང་རི་བོ་དགེ་ལུགས་པ་ཞིག་མིན་ནམ་སྙམ།
གང་ལྟར་ཡང་དུས་སྐབས་རེ་རེའི་བོད་དང་མན་ཇུའི་བར་གྱི་མཆོད་ཡོན་འབྲེལ་བའམ་ཡང་ན་རྒྱལ་ཐོག་དེ་དག་ནང་པར་ཞུགས་པའི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་གཞི་དེ་ཆབ་སྲིད་ཐོག་གི་དགོས་དམིགས་ཡིན་མིན་ལ་མ་བལྟོས་པར།ཆོས་ལུགས་རྐྱང་པའི་ངོས་ནས་བཤད་ནའང་།ཆིང་གི་རྒྱལ་ཐོག་ཕྱི་མ་དག་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་ཚུལ་དེ་ནི་ཞིབ་ཏུ་ཁུངས་དེད་ན་མན་ཇུའི་སྲིད་དབང་ཐོག་མར་ཚུགས་པའི་དུས་སྐབས་དེ་ལ་ཐུག་ཡོད་ཅིང་།དུས་སྐབས་དེའི་ནང་བོད་དང་མན་ཇུའི་བར་ཆོས་ཕྱོགས་ཀྱི་འབྲེལ་ལམ་ཐོག་མར་འཛུགས་མཁན་ནི་ཨོར་ལེ་དར་ཧན་ནང་སོ་སློབ་དཔོན་ཞུ་བའི་བོད་ཀྱི་དགེ་འདུན་པ་གང་ཟག་གཅིག་ལ་ཐུག་ཡོད་པས།ཁོང་ནི་དགེ་ལུགས་པའི་རྗེས་འབྲང་པ་ཞིག་ཡིན་ཡང་མིན་ཡང་རུང་སྟེ་མན་ཇུའི་ཡུལ་དུ་རྒྱལ་བསྟན་རིན་པོ་ཆེའི་ལྟ་དགོངས་ཐོག་མར་སྤེལ་བའི་སྒོ་གླེགས་གསར་དུ་ཕྱེ་མཁན་དེ་ནི་ནང་སོ་སློབ་དཔོན་ཆགས་ཡོད་དོ།།
ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
༡`པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།ལྕགས་པར་མ།པར་ཐེངས་དང་པོ།༡༩༩༠ལོ།
༢`རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།པར་གཞི་དང་པོ།༡༩༩༡ལོ།
༣`དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ།མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས།ལག་བྲིས་མ།༡༩༩༤ལོ།
༤`བོད་དང་སོག་པོ་མཉྫུ་བཅས་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་རིམ།རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བརྩམས།བོད་ཀྱི་དཔེ་མཛོད་ཁང་།༢༠༠༠ལོ།
༥`ཧོར་གྱི་ཆོས་འབྱུང་།འཇིགས་མེད་རིག་པའི་རྡོ་རྗེ་ཡིས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༣ལོ།
6.朱壽朋編纂:《光緒朝東華錄》(共64冊),上海集成圖書公司,1909年。
7.(元)脫脫等撰著:《金史》(全8冊),中華書局,1975年。
8.《清史稿》(八志)
9.鄭天挺、南炳文主編:《中國斷代歷史系列:清史》(上編、下編),上海人民出版社,2020年。
10.李洵等著:《清代全史》(共10卷),方志出版社,2007年。
11.《清史列傳》(20冊)中華書局,1987年。
12.《請實錄》(第三三冊),卷一至六三,中華書局出版,1986年8月第1版。
13.西藏自治区政协文史资料研究委员会编:《西藏文史资料选编》(第三辑)、(内部发行),1984年(第1版)。
14.顾祖成、王观容等编:《清实录藏族史料》,西藏人民出版社,1982年(第1版)。
15.繆潤紱著:《陪京雜述·古跡》,(民國毛筆書法清稿本)出版社(不詳),1948年。
16.稻葉君山著,但燾譯:《清朝全史》(中譯版),中國社會科學出版社,2008年。
17.李勤璞:《白喇嘛與清朝藏傳佛教的建立》,中央研究院近代史研究所集刊第30期(民國87年12月)。
18.張羽新:《清政府與喇嘛教*清代喇嘛教碑刻錄》,西藏人民出版社,1988年。
19.姜小莉著:《清代满族萨满教研究》,中國社會科學出版社,2021年。
20.王宏剛、於國華著:《滿族薩滿教》,東大圖書(股)公司,2002年。
21.富育光著:《萨满教与神话》,遼寧大學出版社,1990年。
22.富育光,郭淑雲著:《薩滿文化論》,台灣學生書局,2005年。
23.《文物》杂志,文物出版社,1978年,第5期。
24.萧一山編:《清代通史》(全5冊),中華書局 , 1986年。
25.日本《东洋文化史大系清代之亚细亚》,1938年出版。
26.郑天挺著:《清史探微》,北京大學出版社,2001年。
27.郑天挺著:《清史简述》,北京出版社,2015年。
28.孟森著:《清史讲义》,時代文藝出版社,2015年。
[1]. དཔེ་དེབ་འདིའི་སྐོར་དཔྱད་རྩོམ་གྱི་ས་བཅད་དྲུག་པར་གསལ་བས་དེར་གཟིགས།
[2]. སྦྱོར་ཇིད་དང་།ཇུར་ཇིད།ཇུར་ཆི།ཇུར་ཆིད་བཅས་ནི་དོན་གཅིག་ཡིན་ཏེ།མན་ཇུ་ཡིས་རྒྱ་ནག་དབང་སྒྱུར་མ་བྱས་སྔོན་གྱི་མན་ཇུའི་རྒྱལ་རབས་སྔོན་མའི་མིང་དུ་འབོད་ཅིང་།རྒྱ་ཡིག་ཏུ་“大金、後金、大金國”ཟེར་བ་དེ་ཡིན།《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར》་ནང་སྦྱོར་ཇིད་ཅེས་གསལ་ལ།《མདོ་སྨད་ཆོས་འབྱུང་》དུ་ཇུར་ཆི་ཞེས་དང་།ཡང་《རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་》ནང་ཇུར་ཆིད་ཅེས་བྲིས་ཡོད་པས་འདིར་དུ་ཀཱུ་ལའི་གོས་བཟང་ལྟར་བྲིས་ཡོད་དོ།།
[3]. མུག་ཏིན་ནི་ཕྱི་ལོ་༡༦༢༥ནས་ཕྱི་ལོ་༡༦༤༤ལོའི་བར་གྱི་མན་ཇུའི་རྒྱལ་ས་སྟེ།ད་ལྟའི་རྒྱ་ནག་བྱང་ཤར་གྱི་ཆ་ས་ལེའོ་ཉིང་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་ཡིན་ཞིང་།མན་ཇུས་རྒྱ་ནག་དབང་སྒྱུར་མ་བྱས་སྔོན་ལ་མུག་ཏིན་གྱི་ཁོངས་སུ་ད་ལྟའི་རྒྱ་ནག་གི་བྱང་ཤར་ས་ཁུལ་ལེའོ་ཉིང་དང་།ཅི་ལིན།ཧེ་ལུང་ཅང་འདི་གསུམ་ག་ཚུད་ཡོད་དོ།།
[4].富育光著:《薩滿教與神話》,遼寧大學出版社,1990年。
[5].李民宾:《建州闻见录》。
[6]. ཅིན་ཆེན་མོ་དང་།ཅིན་ཕྱི་མ།ཅིན་ཆེན་མོའི་རྒྱལ་ཁབ་ཅེས་པ་ནི་གོང་གི་མཆན་འགྲེལ་གཉིས་པ་དང་གཅིག་མཚུངས་ཡིན་ཏེ།ཆིང་རྒྱལ་རབས་མ་བཙུགས་སྔོན་གྱི་མན་ཇུ་རྒྱལ་ཁབ་ཀྱི་མིང་དུ་འབོད་ཅིང་།རྒྱལ་མཆོག་ལྔ་པ་ཆེན་པོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་ཁག་ཏུ་ཇིར་ཆིད་དམ་སྦྱོར་ཇིད་སོགས་སུ་བྲིས་ཡོད་པ་དེ་ཡིན་ནོ།།
[7]. རུའུ་ལུགས་ནི་རྒྱ་ནག་གི་ཆིན་རྒྱལ་རབས་སྔ་མའི་དུས་སྐབས་སུ་དར་བའི་བསམ་བློའི་གྲུབ་མཐའ་ཞིག་སྟེ།ཁུང་ཙི་གཙོས་གུས་ལུགས་ཀྱི་སྒོ་ནས་འཇིག་རྟེན་སྐྱོང་བའི་འདོད་ཚུལ་འཛིན་པ་དང་།སྔ་རབས་ནས་བརྒྱུད་པའི་མི་ཆོས་ཀྱི་སྲོལ་རྒྱུན་འབྲེལ་བ་སོགས་རྩལ་འདོན་བྱེད་དོ།།
[8]. ཏའོ་ལུགས་ནི་རྒྱ་ནག་གི་ཧན་ཤར་མའི་རྒྱལ་རབས་ཀྱི་སྐབས་སུ་དར་བའི་རྒྱ་ནག་རང་སའི་གནའ་བོའི་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་གོ།།
[9]. རྒྱལ་པོ་ཧོར་ཧ་ཆི་ཡིས་སྲིད་དབང་ཐོག་མར་འཛུགས་སྐབས་ཕྱི་ལོ་༡༦༠༣ལོར་དེང་གི་རྒྱ་ནག་བྱང་ཤར་ལེའོ་ཉིང་ཞིང་ཆེན་གྱི་ས་ཁུལ་དུ་བཙུགས་པའི་རྒྱལ་ས་ཐོག་མ་ཡིན་ནོ།།
[10]. 李勤璞:《白喇嘛與清朝藏傳佛教的建立》,中央研究院近代史研究所集刊第30期(民國87年12月),第69页。
[11]. རྒྱ་ཡིག་ཏུ་“白喇嘛”ཞེས་བྲིས་ཡོད་པ་བླ་མ་དཀར་པོ་ཞེས་དོན་སྒྱུར་བྱས་པ་ཡིན་ཏེ།བླ་མ་དཀར་པོ་ནི་ནང་སོ་སློབ་དཔོན་དང་མཉམ་དུ་བོད་ནས་ཤར་སོག་དང་དེ་ནས་མན་ཇུར་བྱོན་པར་གྲགས་ཤིང་།ཆོས་བརྒྱུད་གཅིག་པའི་ནང་སོ་ཆོས་རྗེའི་ཆོས་གྲོགས་ཆུང་བ་ཞིག་ཡིན།
[12]. 李勤璞:《白喇嘛與清朝藏傳佛教的建立》,中央研究院近代史研究所集刊第30期(民國87年12月),第70頁。
[13]. 上同,第76頁。
[14]. རྒྱལ་པོ་ནོར་ཧ་ཆི་ལ་ཟེར་རོ།།
[15]. འཛམ་གླིང་སྤྱི་རྩིས་ལྟར་ན།ལྕགས་གླིང་ལོ་ནི་ཕྱི་ལོ་༡༦༢༡ལོར་ཁེལ་ཡོད་དོ།།
[16]. ཐེན་ཙུང་ནི་རྒྱལ་པོ་ནོར་ཧ་ཆིའི་སྲས་བརྒྱད་པ་སྟེ་མན་ཇུའི་རྒྱལ་ཐོག་གཉིས་པ་ཡིན།རྒྱལ་མཆོག་ལྔ་པ་ཆེན་པོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་ནང་བོག་ཏོའམ་འབོག་ཏོ་རྒྱལ་པོ་ཞེས་འབོད་པ་དེ་ཡིན་ཏེ།རྒྱལ་པོ་འདིས་སེ་ཆེན་ཆོས་རྗེ་ཉིད་དབུ་བླར་བསྟེན་ནས་ནང་པར་ཞུགས།
[17]. འབོག་ཏོ་རྒྱལ་པོའི་བཞུགས་སྒར་རམ་ནང་སྒང་ལ་ཟེར་རོ།།
[18]. འཛམ་གླིང་སྤྱི་རྩིས་ལྟར་ན།ཅིན་ཆེན་མོའི་ཐེན་ཙུང་གནམ་ལོ་བཞི་པ་ནི་ཕྱི་ལོ་༡༦༣༠ལོར་ཁེལ་ཡོད་དོ།།
[19]. 張羽新:《清政府與喇嘛教*清代喇嘛教碑刻錄》,西藏人民出版社,1988年。
[20]. མན་ཇུའི་རྒྱལ་པོ་ནོར་ཧ་ཆིའི་སྲས་བརྒྱད་པ་སྟེ་རྒྱལ་ཐོག་གཉིས་པ་ཐའི་ཙུང་ཧུང་ཐའི་ཇིའམ་(天聰汗皇太極,1592-1643)རྒྱལ་དབང་ལྔ་པའི་རྣམ་ཐར་ནང་ཨུན་ཏེར་འབོག་ཏོ་རྒྱལ་པོ་ཞེས་གསལ་བ་དེ་ཡིན་ཞིང་།སེ་ཆེན་ཆོས་རྗེ་དབུ་བླར་བསྟེན་མཁན་གྱི་རྒྱལ་པོ་ཡང་འདི་ཡིན་ནོ།།
[21]. མན་ཇུའི་ཡི་གེ་ལའང་གསར་རྙིང་གཉིས་ཡོད་ཅིང་།ཡི་གེ་རྙིང་མ་དེའི་ནང་སོག་ཡིག་བསྲེས་བསླད་བྱུང་བ་ཤོས་ཆེ་བས་རྒྱལ་པོ་ནོར་ཧ་ཆིའི་དུས་སུ་མན་ཡིག་གསར་པའི་སྲོལ་བཏོད་ཅིང་།སྐབས་དེ་ནས་བཟུང་མན་ཡིག་གསར་པ་བེད་སྤྱོད་གཏོང་འགོ་བརྩམས།
[22]. མན་ཇུའི་ཡི་གེའི་ལོ་རྒྱུས་ཐོག་མན་ཡིག་རྙིང་མར་བཟོ་བཅོས་བཏང་སྟེ་མན་ཡིག་གསར་པ་གསར་གཏོད་བྱས་རྗེས་ཀྱི་ཡིག་ཚང་ཐོག་མ་དེ་ཆགས་ཡོད་ཅིང་།ཨེར་ཏེ་ནི་དང་ཛ་ཨར་གོ་ཆི་སོགས་ཀྱིས་རྩོམ་སྒྲིག་མཛད།ཁྱོན་བསྡོམས་པས་བམ་པོ་བཞི་བཅུ་ཡོད་དོ།།ཡིག་ཚང་འདིའི་ནང་གཙོ་བོ་མན་ཇུའི་རྒྱལ་ཐོག་སྔོན་མ་ནོར་ཧ་ཆི་དང་འབོག་ཏོ་རྒྱལ་པོ་གཉིས་རིང་གི་སྲིད་དོན་དང་།དཔལ་འབྱོར།རིག་གནས།དམག་དོན་སྐོར་གྱི་ལོ་རྒྱུས་སོགས་འཁོད་ཡོད།ད་ལྟ་ཐའེ་ཝན་གྱི་ཐའེ་པེ་རྒྱལ་བཙུགས་གནའ་བོའི་ཕོ་བྲང་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།
[23]. སྐབས་འདིའི་དབྱིན་མེང་ཧན་ཟེར་བ་ནི་རྒྱལ་པོ་ནོར་ཧ་ཆི་ལ་གོ་བའོ།།
[24]. མན་ཇུའི་རྒྱལ་ས་མུག་ཏིན་གནས་སའི་ས་ཁུལ་དེ་ལ་ཟེར་རོ།།
[25]. ཆོས་རྒྱུད་གཅིག་པའི་ནང་སོ་སློབ་དཔོན་གྱི་ཆོས་གྲོགས་ཆུང་བ་བླ་མ་དཀར་པོ་ཞུ་བ་དེ་ཡིན་ནོ།།
[26].གནའ་བོའི་དུས་སུ་འབྱོར་ལྡན་གྱི་སྒེར་བདག་ས་ཁང་ངམ་ས་གཞིས་ལ་གོ་བའོ།།
[27]. མཚན་གསོལ་སྟངས་ཀྱི་སྒྲ་ཅུང་ཟད་མ་འདྲ་བ་མ་གཏོགས།གོང་གི་ཆོས་གྲོགས་ཆུང་བ་བླ་མ་དཀར་པོ་ཞུ་བ་འདི་གཉིས་མི་སྣ་གཅིག་ཡིན་ནོ།།
[28]. རྒྱལ་པོ་ནོར་ཧ་ཆིའི་བློན་ཆེན་ཞིག་གི་མཚན་ཡིན་པར་འདོད།
[29]. དགོན་པ་དེའི་སྐོར་ཁོ་བོས་བྲིས་པའི་《ཡང་དག་པར་རྒྱལ་བའི་ལྷ་ཁང་གི་རྡོ་རིང་ཞིབ་འཇུག་》ཅེས་པའི་དཔྱད་རྩོམ་ནང་གསལ།
[30]. རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།ངག་དབང་བློ་བཟང་རྒྱ་མཚོས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༩༡ལོ།པར་གཞི་དང་པོ།ཤོག་ངོས་༢༥༡ན་གསལ།
[31]. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་རྩོམ་སྒྲིག་མཛད།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༩༠ལོ།ལྕགས་པར་མ།པར་གཞི་དང་པོ།ཤོག་ངོས་༢༡༤ན་གསལ།
[32]. རྒྱ་བོད་ཧོར་སོག་གི་མཆོག་དམན་བར་པ་རྣམས་ལ་འཕྲིན་ཡིག་སྙན་ངག་ཏུ་བཀོད་པ་རབ་སྙན་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།རྒྱལ་དབང་ལྔ་པས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༣ལོ།པར་གཞི་དང་པོ།ཤོག་ངོས་༣༠ན་གསལ།
[33]. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་རྩོམ་སྒྲིག་མཛད།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༩༠ལོ།ལྕགས་པར་མ།པར་གཞི་དང་པོ།ཤོག་ངོས་༢༡༥ན་གསལ།
[34].《請太宗實錄》(第三三冊)卷一至卷六三,中華書局出版,1986年8月,第1版。
[35]. 稻葉君山著,但燾譯:《清朝全史》(中譯版),中國社會科學出版社,2008年。
[36]. 萧一山編:《清代通史》(第1冊),中華書局 , 1986年,69-70頁。
[37]. 郑天挺著:《清史探微》,北京大學出版社,2001年。
[38]. 張羽新:《清政府與喇嘛教》,西藏人民出版社,1988年,205頁。
[39]. 歐立德:《滿文檔案與新清史》,故宮學術季刊,第二十四卷第二期,(民國九十五年冬季)。