ཉམས་ཞིབ་པ་ཚེ་རིང་བསམ་གྲུབ།
གཅིག “རྒྱལ་ཁབ་བུ་ལོན་”གྱི་ལོ་རྒྱུས་རྒྱབ་ལྗོངས།
ཉེ་བའི་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང་། ཕྱུག་བདག་མཱ་ཡོན་སོགས་ཁེ་ལས་པ་ཆེན་པོ་དུ་མ་ཞིག་ཕྱི་རྒྱལ་དུ་གནས་སྤོར་བྱས་པ་དང་ལ་ཤས་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་སྟབས། སྤྱི་ཟླ་ ༣ ཚེས་ ༦ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲིན་ཧྲན་ཅི་ཡིས། “ཆེད་དམིགས་ཀྱི་“རྒྱལ་ཁབ་བུ་ལོན་”( 国债,Government bond))[1]སྤེལ་རྒྱུ་ནི་སྲིད་བྱུས་ཐོག་གི་བྱེད་ཐབས་གལ་ཆེན་པོ་ཞིག་ཡིན་པ་དང་། ནུས་པ་ཐོན་པའི་སྒོ་ནས་མ་རྩ་གཏོང་རྒྱུ་ཤུགས་ཆེར་གཏོང་རྒྱུ་ནི་སྲིད་བྱུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་”(发行使用超长期特别国债是重大的政策举措,扩大有效投资是重要的政策抓手)ཞེས་བསྒྲགས་པས། རྒྱ་ནག་གི་རྒྱལ་དབང་ཁེ་ལས་དང་། དམངས་གཉེར་ཁེ་ལས། དེ་བཞིན་སྒེར་གྱི་བཟོ་གྲྭ་དང་ཕྱུག་བདག་མང་པོ་ཞིག་གིས་སྲིད་བྱུས་འདི་སྤེལ་བར་རེ་སྒུག་ཆེན་པོ་བྱས། དེ་ནས་རྒྱ་ནག་གཞུང་གི་དངུལ་རྩིས་ལྷན་ཁང་ནས་ ༢༠༢༤ ལོའི་ཟླ་ ༥ ཚེས་ ༡༤ ཉིན་《༢༠༢༤ལོའི་སྤྱིར་བཏང་གི་རྒྱལ་ཁབ་བུ་ལོན་དང་དུས་ཡུན་རིང་པོའི་ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་འགྲེམས་སྤེལ་བྱེད་པའི་སྐོར་གྱི་གསལ་བརྡ་》(关于2024年超长期特别国债(一期)发行工作有关事宜的通知)[2]ཞེས་པའི་ལོ་འདིའི་དངུལ་རྩིས་སྐོར་གྱི་གཞུང་འབྲེལ་ཡིག་ཆ་ཨང་ ༢༤ པ་བཏང་། “ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་”(特別國債)ཞེས་པ་འདི་ནི་རྒྱ་ནག་དམར་ཤོག་ཚུགས་པའི་ལོ་རྒྱུས་སྟེང་ཐེངས་གསུམ་ལས་བྱུང་མྱོང་མེད་དེ། ༡༩༩༨ལོར་ཨེ་ཤི་ཡ་ཁྱོན་ཡོངས་སུ་དངུལ་རྩའི་ཉམས་ཉེན་(金融危機, Financial crisis )བྱུང་བས། རྒྱ་ནག་གིས་རྒྱལ་ཁབ་ལ་དབང་བའི་མ་རྩ་ཁེར་འཇོག་གི་(国有独资,single proprietorship)[3]ཚོང་ལས་དངུལ་ཁང་གི་མ་དངུལ་ཁ་གསབ་བྱེད་པའི་སླད་དུ་ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་ཐེངས་དང་པོ་སྤེལ་བ་དང་། ༢༠༠༧ལོར་རྒྱ་ནག་གིས་རྒྱལ་སྤྱིའི་ཉོ་ཚོང་ཐོག་ཕྱི་རྒྱལ་གྱི་དངུལ་ལོར་(外匯)མང་པོའི་ཁེ་སྤོགས་ཐོབ་པ་ལ་བརྟེན་ནས་དངུལ་ལོར་དེ་དག་གིས་ཕྱི་རྒྱལ་གྱི་དངུལ་ལོར་མང་པོ་ཉོས་ཏེ་རྒྱ་ནག་རང་གི་མ་རྩ་འཇོག་པའི་བཟོ་གྲྭ་ཡི་མ་དངུལ་དུ་ཉར་བ་དེ་“རྒྱལ་ཁབ་ཀྱི་བུ་ལོན་”གཡར་ཐེངས་གཉིས་པ་ཆགས་ཡོད། ཐེངས་གསུམ་པ་ནི་༢༠༢༠ལོ་སྟེ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་བརྡབ་གསིག་ཆེན་པོ་ཕོག་སྟབས་རྒྱལ་ཁབ་བུ་ལོན་ཐེངས་གསུམ་པ་སྤེལ།
དེས་ན་༢༠༢༤ལོའི་དུས་ཡུན་རིང་པོའི་ཆེད་དམིགས་ཀྱི་རྒྱལ་ཁབ་ཀྱི་བུ་ལོན་ཞེས་པ་འདི་བཞི་པ་སྤེལ་བའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གི་བཤད་ཚུལ་གྱི་དབང་དུ་བྱས་ན། “གོ་རིམ་ཡོད་པའི་སྒོ་ནས་རྒྱལ་ཁབ་སྟོབས་འབྱོར་རྒྱས་པར་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་བརྒྱུད་རིམ་ཁྲོད་ལས་གཞི་ཆེན་པོ་ཁག་ཅིག་འཛུགས་སྐྲུན་བྱེད་པའི་མ་རྩའི་གནད་དོན་ཀྱི་སླད་དུ་ཡིན་”(為系統解決強國建設,民族復興進程中的一些重大項目建設的資金問題)ཞེས་བསྒྲགས་ཡོད་ཀྱང་། དོན་ངོ་མར་“རྒྱལ་ཁབ་བུ་ལོན་”གཡར་བ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་འུ་ཐུག་པའི་འཐབ་ཇུས་ཐོག་གི་བྱེད་ཐབས་ཤིག་ཡིན་ཏེ། ཨ་རི་དང་རྒྱལ་སྤྱིའི་ཉོ་འཚོང་གི་འབྲེལ་ལམ་རྒྱུན་སྐྱོང་མ་ཐུབ་པའི་ཤུགས་རྐྱེན་གྱིས་ཡིན། ཐེངས་འདིར་མང་ཚོགས་ཀྱི་ལག་པ་ནས་ཁྱོན་བསྡོམས་པས་དམངས་སྒོར་བུ་ལོན་ས་ཡ་བཅུ་(100, 000,000,000)གཡར་རྒྱུ་དང་། དུས་བཅད་ལྟར་ལོ་ཉི་ཤུ་དང་། སུམ་ཅུ། ལྔ་བཅུ་བཅས་སུ་བགོས་ཡོད། དེའི་ཁྲོད་ལས་ལོ་སུམ་ཅུའི་དུས་བཅད་དེ་ཟླ་ ༥ ཚེས་༡༧ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཏེ། རྒྱ་ནག་གི་རྒྱལ་དབང་ཁེ་ལས་དང་། མི་མང་སྒེར་གྱིས་གཉེར་བའི་ཁེ་ལས་ཚོགས་པ། གཞན་ལོ་བཅོ་བརྒྱད་ལ་མ་སོན་པའི་མི་སེར་དང་རྒན་ཁོག་ཕུད། མི་སེར་དཀྱུས་མ་གང་ལ་ཡང་བལྟོས་པ་མེད་པར་རྒྱལ་ཁབ་ཀྱི་བུ་ལོན་དེ་ཉོས་ཆོག་གི་ཡོད།
གཉིས། གནོན་ཤུགས་ཅི་འདྲ་ཞིག་གི་འོག་ཏུ་སྲིད་བྱུས་འདི་སྤེལ་བ་ཡིན་ནམ།
༢༠༢༠ལོར་ཏོག་དབྱིབས་ནད་ཡམས་མཆེད་པ་ནས་བཟུང་རྒྱ་ནག་གི་རྒྱལ་སྤྱིའི་ཉོ་ཚོང་ལ་དོ་ཕོག་ཆེན་པོ་བྱུང་ཞིང་། ཤུགས་རྐྱེན་དེ་ལ་བརྟེན་ནས་རིམ་པས་རྒྱ་ནག་གི་རྐང་དངུལ་ཚོང་རའི་(股票市场)རིན་གོང་དང་། རྒྱལ་དབང་ཁེ་ལས་(国企)མང་པོའི་མ་དངུལ་འཁོར་རྒྱུག་བྱེད་མ་ཐུབ་པར་མ་རྩ་བརྡིབས་པ། རླངས་འཁོར་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བརྡིབས་ནས་བུ་ལོན་མང་དུ་འཕེལ་བ། ས་ཁང་གསར་འབྱེད་ཚོང་རའི་(房地产市场)རྩེ་བུད་དུ་སོན་པའི་བཟོ་གྲྭ་མང་པོའི་མ་རྩ་ཡང་བརྡིབས་པ། དཔེར་ན། ཉེ་ཆར་བུ་ལོན་དུང་ཕྱུར་མང་པོ་ཁུར་བའི་ཧིན་ཏཱ་ཚོགས་པའི་(恒大集团)མ་རྩ་བརྡིབས་ཏེ། རྒྱ་ནག་དམར་ཤོག་གིས་ཚོགས་པ་དེའི་འགན་འཛིན་ཞུས་ཅ་ཡུན་(许家印)བཙོན་འཇུག་བྱས་པ་དང་དངུལ་འབོར་ཆེན་གྱིས་ཆད་དངུལ་བཅད་ཚུལ་སོགས་ནི་རྒྱ་ནག་གི་ས་ཁང་ཚོང་རར་ལོ་དུ་མའི་རིང་ལ་ཉམས་ཉེན་ཆེན་པོ་བྱུང་བའི་དཔེ་མཚོན་ཞིག་ཡིན་ལ། མ་གཞི་ས་ཁང་ཚོང་ར་ནི་འཛམ་གླིག་ཐོག་དཔལ་འབྱོར་འདུ་འགོད་ཆེན་པོ་ཨང་གཉིས་པ་(第二大经济体,Second-largest economy )ཡར་འཕར་བའི་ཀ་བ་ཆེན་པོ་ལྟ་བུ་ཞིག་ཆགས་ཡོད། རྒྱུ་རྐྱེན་དེའི་དབང་གིས་རྒྱལ་སྤྱིའི་སྟེང་སྟོབས་ལྡན་གྱི་རྒྱལ་ཁབ་དུ་མས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་སྤར། འདིར་ཉེ་ཆར་གྱི་གནས་ཚུལ་འགའ་དཔེ་མཚོན་དུ་བཀོད་ན། རྒྱ་ནག་གིས་གོ་ལ་ཡོངས་ཀྱི་ཉི་འོད་ནུས་པའི་འོད་གློག་གི་ལྷུ་ལག་སྒྲིག་སྦྱོར་བྱེད་པའི་བརྒྱ་ཆ་༨༠%ཟིན་ཡོད་ཅིང་། མཁོ་འདོན་བྱེད་རྒྱུ་དགོས་མཁོ་ལས་མང་དུ་བརྒལ་སྟབས། ༢༠༢༣ལོར་རྒྱ་ནག་གིས་ཉི་འོད་ནུས་པའི་འོད་གློག་གི་གློག་རྫས་བཟོ་བའི་ཐོན་རྫས་ཀྱི་རིན་གོང་བརྒྱ་ཆ་༤༢%མར་ཆག་པས། གློག་རྫས་ཀྱི་རིན་གོང་དེ་ཨ་རི་ལས་བརྒྱ་ཆ་༦༠%རུ་དམའ་པོ་ཆགས་པ་དང་། གློག་རྫས་བཟོ་མཁན་གྱི་བཟོ་གྲྭ་ཁ་ཤས་ཀྱིས་ཚོང་རའི་ཐོག་གི་གོ་གནས་བརྟན་པོ་ཡོང་ཆེད་མ་རྩ་བརྡིབས་ན་ཡང་སྔར་བཞིན་ཕྱིར་འཚོང་གི་མངག་ཐོ་(销售订单)བླངས་ཡོད། དེའི་ཕྱིར་ཟླ་ ༥ ཚེས་ ༡༦ ཉིན། ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་གྱིས། རྒྱ་ནག་གིས་བཟོས་པའི་ཉི་འོད་ནུས་པའི་འོད་གློག་(太阳能)གི་ངོས་ལེབ་(面板)ནང་བེད་སྤྱོད་གཏོང་བཞིན་པའི་གློག་རྫས་ནང་འདྲེན་བྱ་རྒྱུའི་སྒོ་ཁྲལ་དེ་བརྒྱ་ཆ་༢༥%ནས་བརྒྱ་ཆ་ ༥༠ %ལ་སྤར། རྒྱ་ནག་གི་གློག་རྫས་དེ་ཨ་རིའི་ནང་ཕྱིར་འཚོང་བྱེད་པའི་ཐོན་རྫས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་པ་དེས་གློག་རྫས་དེ་ཨ་རིའི་ཁེ་ལས་དང་། ཁྱིམ་ཚང་། གཞན་གྲོང་ཁྱེར་གྱི་མི་སེར་འདུས་སྡོད་བྱེད་སའི་མི་སྡེ་དང་ས་ཁུལ་མང་པོ་ཞིག་ལ་སླེབས་ཐུབ་ཀྱི་མེད་ཕྱིར། རྒྱ་ནག་གི་གློག་རྫས་བཟོ་བའི་བཟོ་གྲྭ་མང་པོ་ཞིག་ལ་གྱོང་གུད་ཆེན་པོ་ཕོག་པ་དང་མཉམ་དུ་ཤུགས་རྐྱེན་དེ་ཡིས་རྒྱ་ནག་གི་རྒྱལ་སྤྱིའི་ཉོ་ཚོང་ལ་ཡང་དོ་ཕོག་བྱུང་། ཤུགས་རྐྱེན་དེའི་དབང་གིས་རྒྱ་ནག་གི་མང་ཚོགས་ཀྱིས་སོ་སོའི་གསོག་དངུལ་དངུལ་ཁང་དུ་གསོག་འཇོག་བྱེད་པ་ལས་ཚོང་རའི་སྟེང་འཁོར་རྒྱུག་བྱེད་མ་ཐུབ་ཕྱིར། མང་ཚོགས་ཀྱི་ལག་ནས་བུ་ལོན་གཡར་ཏེ། བུ་ལོན་དེ་རྒྱལ་དབང་ཁེ་ལས་དང་མང་ཚོགས་ཀྱིས་གཉེར་བའི་ཁེ་ལས་ཀྱི་རྣམ་གྲངས་མི་འདྲ་བའི་ལས་འཆར་ཐོག་བཏང་སྟེ། དེ་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ཁྱོན་ཡོངས་ནས་ཉམས་རྒུད་དུ་ཕྱིན་པ་དེ་བསྐྱར་གསོ་བྱེད་ཆེད་བུ་ལོན་གཡར་བའི་སྲིད་བྱུས་འདི་གཏན་འབེབས་བྱས་པ་ཡིན།
གཉིས། རྒྱ་ནག་རང་གི་མི་སེར་རྣམས་སྲིད་བྱུས་འདི་ལ་ལྟ་སྟངས་ག་འདྲ་ཡོད་དམ།
“རྒྱལ་ཁབ་ཀྱི་བུ་ལོན་”ཉོ་བ་ཞེས་པའི་སྲིད་བྱུས་འདི་ཟླ་ ༥ ཚེས་ ༡༧ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཤིང་། ལོ་འདིའི་ཟླ་ ༡༡ ནང་བུ་ལོན་ཚང་མ་གཡར་ཚར་བར་བྱ་རྒྱུ་གཏན་ཁེལ་བྱས་ཡོད། ཉེ་ལམ་རྒྱ་ནག་རྒྱལ་ཡོངས་སུ་སྲིད་བྱུས་དེ་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་དངུལ་རྩིས་མཁས་པ་དང་རྒྱ་ནག་རང་གི་དངུལ་རྩིས་མཁས་པ་མང་པོ་ཞིག་ཀྱང་དངུལ་རྩིས་ཐོག་གི་འཐབ་ཇུས་འདི་ལ་ཧང་སང་དགོས་པ་བྱུང་ཡོད། རྒྱ་ནག་གི་དངུལ་རྩིས་མཁས་པ་ཀྲང་ཞང་ཧྲི་(张向时)ཡིས་བཤད་རྒྱུར། “རྒྱ་ནག་མི་དམངས་དངུལ་ཁང་གིས་(People’s Bank of China)དམངས་སྒོར་དཔར་བའི་སྒྲིག་སྲོལ་ལྷོད་དུ་བཏང་བ་དེ་ཡིས་རྒྱ་ནག་རྒྱལ་ཡོངས་ཀྱི་མི་སེར་ཡོངས་ཀྱི་དངུལ་ཁུག་ལ་མགོ་རྟིང་སློག་པ་ལྟ་བུའི་བཅོས་སྒྱུར་ཆེན་པོ་ཞིག་བྱས་ཡོད་ཅིང་། སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱས་ཚེ། ༢༠༢༤ ལོའི་ཟླ་ ༥ པ་ནས་བཟུང་ཤུགས་རྐྱེན་ཐེབས་སྲིད་ལ། དེ་ནི་རྒྱ་ནག་གི་དཔལ་འབྱོར་གྱི་ལོ་རྒྱུས་ལ་འགྱུར་བ་གཏོང་བའི་ཉིན་མོ་ཞིག་ཡིན།”ཞེས་གླེང་།[4]
རྒྱ་ནག་ཧུའུ་ནན་གྱི་གནས་ཚུལ་འདྲི་རྟོག་སྤྱི་གཉེར་ཁང་གི་འབྲེལ་མཐུད་པ་རྒྱ་རིགས་དབྱང་ཞིན་གྱིས། “ལོ་བཅུའི་རྗེས་ཀྱི་དེ་རིང་། གསོག་དངུལ་གྱི་རྒྱལ་ཁབ་ཆེན་པོ་(储蓄大国)ཞིག་གློ་བུར་དུ་བུ་ལོན་ཁུར་བའི་རྒྱལ་ཁབ་ཅིག་ཆགས་སོང་།”ཞེས་བརྗོད་དེ། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ཉེན་ཚབས་ཏུ་ལྷུང་ཡོད་ཚུལ་བསྟན་ཡོད། ཡང་རྒྱ་ནག་གི་དཔལ་འབྱོར་མཁས་པ་ཅཱ་ཁང་(贾康)གིས་བཤད་རྒྱུར། “དཔལ་འབྱོར་གྱི་དཀའ་ངལ་ནི་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཡོང་ཁུངས་ལ་བརྟེན་ནས་སེལ་དགོས་པ་ལས། མི་སེར་དཀྱུས་མའི་གསོག་དངུལ་དེ་ཁོ་ན་དམིགས་ཡུལ་དུ་མ་འཛིན་རོགས་”(经济困难肯定要通过发展经济来源来解决,而不要盯着老百姓的钱)ཞེས་བརྗོད་ཡོད་པ་དེས། དོན་གྱིས་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་གནས་སྟངས་འདི་སྐྱོབ་ཕྱིར་དུ་རྒྱ་ནག་གཞུང་གིས་མི་སེར་གྱི་གསོག་དངུལ་བེད་སྤྱོད་བཏང་ནས་རྒྱལ་ཁབ་ཀྱི་དངུལ་རྩིས་ཐད་ཀྱི་སྟོང་ཆ་སྐོང་རྩིས་བྱེད་པ་དེ་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་བསྟན་ཡོད་ཅིང་། དཔྱད་གཏམ་དེ་ལ་རྒྱ་ནག་གི་མི་སེར་དཀྱུས་མ་མང་པོས་རྒྱབ་སྐྱོར་བྱས་ཡོད། དཔལ་འབྱོར་ཉམས་ཉེས་ཀྱི་ཆེད་མཁས་པ་རྒྱ་རིགས་ཨེ་ཞོའེ་ཅའོ་(艾学姣)ཡིས། “ད་ལྟ་དངུལ་ཁང་དུ་གསོལ་དངུལ་བཞག་ན་ཡང་། དངུལ་ཁང་གིས་མ་རྩ་རྡིབ་མི་སྲིད་པའི་འགན་ཁུར་ཐུབ་གི་མ་རེད།”ཅེས་རྒྱ་ནག་མང་ཚོགས་དཀྱུས་མས་དངུལ་ཁང་དུ་གསོག་དངུལ་བཞག་སྟེ་“རྒྱལ་ཁབ་ཀྱི་བུ་ལོན་”ཉོ་བར་གཟབ་གཟབ་བྱ་དགོས་ཚུལ་ནན་གྱིས་བརྗོད་ཡོད། གནས་སྟངས་འདིས་ཀྱང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་དུས་འདི་འདྲའི་འོག་ཏུ་མི་སེར་དཀྱུས་མས་སོ་སོས་སྐྱེད་ཀ་ལེན་པའི་ཆེད་དུ་གསོག་དངུལ་དངུལ་ཁང་དུ་དུས་བཅད་ལྟར་བཞག་ན་མ་འོངས་པར་དངུལ་ཁང་རྡིབ་མི་སྲིད་པ་མིན་པའི་ཉེན་ཁ་ཆེ་བ་ཡང་ཤུགས་སུ་བསྟན་ཡོད།
རྒྱ་ནག་ལྷོ་ཕྱོགས་ཀྱི་མ་རྩ་གཏོང་མཁན་རྒྱ་རིགས་འགན་འཛིན་ཞིག་གིས་ཀྱང་VOAགསར་ཁང་ལ་གསང་བའི་ཐོག་བརྗོད་རྒྱུར། “མ་རྩ་འདི་འབྲེལ་སའི་ཁྱབ་ཁོངས་རྒྱ་ཆེ་ལ། དེའི་ནང་ཐུན་མོང་གི་བེད་སྤྱོད་གཏོང་བའི་ལས་འཆར་དང་འཕྲུལ་རིགས་ལག་རྩལ་མཐོན་པོའི་ཁེ་ལས་སོགས་ཀྱང་ཚུད་འདུག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ལས་འཆར་ཀྱང་འདུག་ཕྱིར། རྒྱལ་ཁབ་ཀྱི་བུ་ལོན་འདི་དག་བྱེ་བྲག་ཏུ་ལས་འཆར་གང་གི་ཐད་ལ་གཏོང་མིན་དེ་སྲིད་གཞུང་གིས་ཁྲོམ་བསྒྲགས་བྱེད་མི་སྲིད་”[5]ཟེར། ཨ་རིའི་ཕོར་ལིན་སི་ཋོན་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་རྒྱ་རིགས་ཁྲིན་ཞའོ་ནུང་(程晓农)གིས་བཤད་རྒྱུར། “ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་སྤེལ་བ་འདིའི་དམིགས་ཡུལ་གཙོ་ཆེ་ཤོས་ནི་དངུལ་རྩིས་ཐད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཡིན་”[6]ཞེས་བརྗོད་པ་དང་། “རྒྱ་ནག་ཏུ་ད་ལྟ་སྲིད་གཞུང་གིས་བུ་ལོན་མང་པོ་ཁུར་བ་ཛ་དྲག་ཆགས་ཡོད་པས། རྒྱ་ནག་དབུས་གཞུང་གིས་དཔྱ་ཁྲལ་གྱི་ཡོང་འབབ་བསྡུ་བའི་དངུལ་རྩ་ལ་བརྟེན་པའི་ཕྱིར་གཏོང་དེ་ཡོང་འབབ་ལས་ཀྱང་ཤིན་ཏུ་མཐོ་བ་ཞིག་ཆགས་ཡོད་”[7]ཟེར། རྒྱ་ནག་གཞུང་གིས་ཚུར་ཡོང་སྒོ་ལས་ཕར་གཏོང་སྒོ་ཆེ་བའི་དངུལ་རྩིས་ཕྱིར་གཏོང་བྱེད་ཚུལ་རྒྱ་བསྐྱེད་པ་(扩张财政赤字)ལ་བརྟེན་ནས་དངུལ་རྩིས་ཀྱི་དཀའ་ངལ་སེལ་རྩིས་བྱེད་བཞིན་པ་དེ་ནི་དོན་ངོ་མར་རྒྱ་ནག་གི་དངུལ་རྩིས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་དེ། འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། དངུལ་རྩིས་ཕྱིར་གཏོང་བའི་སྔོན་རྩིས་མཚལ་ཡིག་(赤字,Deficit)[8]དེ་ GDP[9] བརྒྱ་ཆ་ 5% ཡི་བསྡུར་ཚད་ལས་བརྒལ་ཆོག་གི་མེད། དེས་ན་བཅའ་ཁྲིམས་ཀྱི་རྒྱ་ལས་འདས་ཏེ་རྒྱུན་ཚུལ་འདི་ཨུ་ཐུག་ཐབས་ཟད་ཀྱིས་གཏོར་བ་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་ཇི་འདྲའི་ཉམས་རྒུད་དུ་ཕྱིན་ཡོད་པ་གསལ་པོར་མཚོན་ཐུབ་པ་དང་། འདི་ནི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སྐྱོབ་པའི་རྒྱ་ནག་གཞུང་གི་གཅིག་གྱུར་གྱི་འཆར་འགོད་གསར་པ་ཞིག་ཀྱང་ཡིན། ཡང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་དངུལ་ཁང་གི་ལས་བྱེད་ཆེ་གེ་མོས་བརྗོད་རྒྱུར། “རྒྱ་ནག་གི་མང་ཚོགས་ཀྱིས་ཉེ་བའི་ཆར་ཡོངས་ཁྱབ་ཀྱིས་འཛད་སྤྱོད་བྱེད་ཀྱི་མེད་པར་དངུལ་ཚང་མ་དངུལ་ཁང་དུ་ཉར་འདུག་པས། ཉེ་ཆར་དངུལ་ཁང་མང་པོ་ཞིག་གིས་དངུལ་ཁང་དུ་དངུལ་འབོར་ཆེན་གསོག་འཇོག་བྱས་མི་ཆོག་པ་བཟོས་སོང་”ཟེར། གནས་སྟངས་འདིས་རྒྱ་ནག་གཞུང་གིས་དངུལ་ཁང་ལ་གནོན་ཤུགས་སྤྲད་དེ་མང་ཚོགས་ཀྱིས་འཛད་སྤྱོད་བྱེད་དགོས་པ་དང་། འཛད་སྤྱོད་པས་ཉོ་འཚོང་བྱས་པའི་དངུལ་གྱི་ཡོང་འབབ་ལ་བརྟེན་ནས་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སླར་གསོ་བྱེད་དགོས་པ་མཚོན་ཡོད། ཐེངས་འདིར་རྒྱ་ནག་གིས་དངུལ་ལོར་འགྲེམ་སྟངས་(货币投放方式)ལ་ཡོངས་སུ་འགྱུར་བཅོས་ཆེན་པོ་བྱས་ཤིང་། དེའི་ནང་གསོག་དངུལ་དངུལ་ཁང་དུ་འཇོག་པའི་ཚད་དམའ་རུ་གཏོང་བ་དང་། དངུལ་བུན་གཏའ་མར་འཇོག་ཐབས་(抵押补充贷款,Pledged Supplementary Lending)ཀྱི་བྱེད་ཐབས་མང་པོ་བཏོན།
གསུམ། “རྒྱལ་ཁབ་ཀྱི་བུ་ལོན་”ལ་བརྟེན་ནས་བོད་ནང་ལ་ཤུགས་རྐྱེན་ཇི་འདྲ་ཡོང་སྲིད་དམ།
(1)བོད་ནང་དུ་ཁེ་ལས་བཟོ་གྲྭ་མང་དུ་འགྲོ་སྲིད།
“རྒྱལ་ཁབ་ཀྱི་བུ་ལོན་”ཐེངས་བཞི་པ་སྤེལ་བ་འདི་ནི་འདས་པའི་ལོ་རྒྱུས་ཐོག་ཐེངས་གསུམ་སྤེལ་བ་དེ་དག་དང་མི་འདྲ་སྟེ། སྔར་ཡིན་ན་མ་དངུལ་འཁོར་རྒྱུག་གི་དབང་ཆ་དེ་ས་གནས་སྲིད་གཞུང་གིས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ཀྱང་། ཐེངས་འདིའི་རྒྱལ་ཁབ་ཀྱི་བུ་ལོན་ཐེངས་བཞི་པ་བེད་སྤྱོད་གཏོང་ཚུལ་ཐད་ཀྱི་ཐག་གཅོད་ཀྱི་དབང་ཆ་དེ་ཐད་ཀར་རྒྱ་ནག་དབུས་གཞུང་གིས་སྟངས་འཛིན་བྱེད་བཞིན་ཡོད་ཅིང་། མ་དངུལ་དེ་ཡང་གཙོ་བོ་གྲོང་གསེབ་འཛུག་སྐྲུན་དང་། འབྲུ་རིགས་ཀྱི་ཐོན་ཁུངས། མི་འབོར་ཡར་རྒྱས་གཏོང་བ་སོགས་ཁྱབ་ཁོངས་མང་པོ་ཞིག་འབྲེལ་ཡོད་པ་དེས། བོད་ནང་དུ་འབྲོག་པ་གནས་སྤོར་བྱེད་པ་དང་། གནམ་ཐང་དང་ལྕགས་ལམ་གསར་རྒྱག གཏེར་ཁ་སྔོག་འདོན་དང་འཕྲུལ་རིགས་ཡར་རྒྱས་ཀྱི་བཟོ་གྲྭ་ཇེ་མང་དུ་གཏོང་སྲིད་པས། བོད་ནང་གི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅིང་། དེ་ཡིས་བོད་ནང་གི་མང་ཚོགས་ཀྱི་འཚོ་བ་དང་འཛུགས་སྐྲུན་ཐད་ལ་ཁེ་ཕན་ཡོད་མེད་ཅི་རིགས་ཡོང་སྲིད། རྒྱུ་མཚན་ནི་ཐེངས་འདིའི་རྒྱལ་ཁབ་ཀྱི་བུ་ལོན་ཐེངས་བཞི་པ་སྤེལ་བའི་དམིགས་ཡུལ་ནི་མི་དམངས་ཀྱིས་ཁང་པ་དང་རླངས་འཁོར་ཉོ་བ། ཁེ་ལས་གཉེར་བ། བཟོ་གྲྭ་འཛུགས་པ་སོགས། མདོར་ན་མི་དམངས་ཀྱིས་འཛད་སྤྱོད་བྱས་པའི་ཡོང་འབབ་ལ་བརྟེན་ནས་རྒྱ་ནག་རང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་བསྐྱར་གསོ་བྱེད་པའི་ཆེད་དུ་ཡིན། འདིར་དཔེ་མཚོན་ཞིག་བཞག་ན། གྲོང་ཁྱེར་ཞིག་གི་ཉེ་འདབས་སུ་གནས་གོང་མཐོ་བའི་སྡོད་ཁང་(高档住宅)གསར་པ་འཛུགས་སྐྲུན་བྱེད་དགོས་ཚེ། དེའི་ཉེ་འགྲམ་དུ་སྔོན་འགྲོའི་སློབ་གྲྭ་དང་། བུ་བཅོལ་ཁང་། སྨན་ཁང་། མགྲོན་ཁང་། ཟ་ཁང་། ཆུ་གློག་གི་བཟོ་གྲྭ། འགྲིམ་འགྲུལ་སོགས་ཀྱི་མཐུན་རྐྱེན་ངེས་ཅན་ཞིག་ཀྱང་བསྐྲུན་དགོས་ཕྱིར། འཛུགས་སྐྲུན་དེ་དག་ལ་སྟངས་འཛིན་བྱེད་པའི་ཐད་ཀའི་དབང་ཆ་དེ་སྲིད་གཞུང་ཁོ་ནར་ཡོད་ལ། རྒྱལ་ཁབ་ལ་དབང་བའི་བཟོ་གྲྭ་དང་མང་ཚོགས་ཀྱིས་བདག་གཉེད་བྱེད་པའི་བཟོ་གྲྭ་གང་དང་གང་ཡིན་རུང་། འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་དུས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་དང་། ལས་འཆར་དེའི་མ་དངུལ་ཡང་“རྒྱལ་ཁབ་ཀྱི་བུ་ལོན་”ལ་བརྟེན་དགོས་པས། སྔོན་ཆད་ཀྱི་འགྲོ་སྟངས་ལྟར་བྱས་ན། མ་དངུལ་འཁོར་རྒྱུག་བྱས་པའི་མཐའ་མའི་ཡོང་འབབ་དེ་ས་གནས་སྲིད་གཞུང་ལ་དབང་ཆོག་ཀྱང་། ད་ལྟ་དེ་འདྲ་མ་ཡིན་པར་མང་ཚོགས་ཀྱིས་འཛད་སྤྱོད་བྱས་པའི་མཐའ་མའི་ཡོང་འབབ་དང་སྐྱེད་ཀ་དེ་ཐད་ཀར་རྒྱ་ནག་དབུས་གཞུང་ལ་དབང་ཡོད། ཡང་དཔེར་ན། པིས་ཀོས་ཡོན་(碧桂园房地产有限公司)ས་ཁང་ནི་མང་ཚོགས་ཀྱིས་བདག་གཉེར་བྱེད་པའི་རྒྱ་ནག་གི་ས་ཁང་ཁེ་ལས་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན་ཏེ། རྒྱ་ནག་གི་རིམ་པ་དང་པོའི་འཛུགས་སྐྲུན་གྱི་བཟོ་གྲྭ་ཞིག་ཀྱང་ཡིན། བཟོ་གྲྭ་འདིས་ད་ལྟའི་བར་དུ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཆབ་མདོ། གཞིས་ཀ་གཙོས་པའི་གྲོང་ཁྱེར་ཁག་ཏུ་ཁྱིམ་ཚང་སྡོད་སའི་ཐོག་བརྩེགས་ཁང་པ་དང་མགྲོན་ཁང་མང་པོ་གསར་དུ་འཛུགས་སྐྲུན་བྱས་ཡོད། འོན་ཀྱང་། ༢༠༢༣ལོའི་ཟླ་བ་གསུམ་པར་བཟོ་གྲྭ་འདིའི་མ་རྩ་བརྡིབས་ནས་དམངས་སྒོར་དུང་ཕྱུར་གཉིས་ཀྱི་བུ་ལོན་ཁུར་ཡོད། ཡིན་ན་ཡང་ཐེངས་འདིའི་རྒྱལ་ཁབ་ཀྱི་བུ་ལོན་གཡར་བའི་སྲིད་བྱུས་འདི་ལ་བརྟེན་ན། ས་ཁང་བཟོ་གྲྭ་དེ་ཡིས་ཡང་བསྐྱར་བོད་ནང་གི་ཁུལ་དང་རྫོང་གྲོང་ཁག་ཏུ་སྡོད་ཁང་དང་མགྲོན་ཁང་གསར་པ་མང་པོ་འཛུགས་སྐྲུན་བྱེད་ཐུབ་ཀྱི་ཡོད་པ་ལྟ་བུ་རེད། དེ་བཞིན་དུ་གཏེར་ཁ་སྔོག་འདོན་གྱི་བཟོ་གྲྭ་དང་། འཕྲུལ་རིགས་ཀྱི་བཟོ་གྲྭ། སྨན་རྫས་བཟོ་སྐྲུན་གྱི་བཟོ་གྲྭ། དེང་རབས་ཀྱི་བཟོ་ལས་སོགས་ཀྱི་བཟོ་གྲྭ་ཡང་མང་དུ་འགྲོ་སྲིད་པས། བཟོ་གྲྭ་དེ་དག་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་གཏོང་བར་ཕན་ཐོགས་གང་འཚང་ཡོང་སྲིད་ཀྱང་། དཔལ་འབྱོར་ཐོག་གི་མཐའ་མའི་ཁེ་ཕན་དེ་རྒྱ་མིས་གཉེར་བའི་བཟོ་གྲྭ་ལ་ཐོབ་ཀྱི་ཡོད་པ་ལས། བོད་མི་རང་གིས་གཉེར་བའི་བཟོ་གྲྭ་མ་གཞི་ནས་ཤིན་ཏུ་ཉུང་སྟབས། དཔལ་འབྱོར་ཐོག་གི་ཁེ་ཕན་དེ་བོད་མི་རང་ལ་ཐོབ་ཐུབ་ཀྱི་མེད་པ་གཤམ་གྱི་དཔེ་མཚོན་འདི་ལས་གསལ་པོ་རྟོགས་ཐུབ་སྟེ། སྤྱི་ཟླ་ ༥ ཚེས་ ༡༩ ཉིན་གྱི་འབྲེལ་ཡོད་སྙན་ཐོ་[10]ལས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་པིས་ཀོས་ཡོན་སྡོད་ཁང་དུ་ཁེ་ལས་བཟོ་གྲྭ་ཁྱོན་བསྡོམས་༥༣ཡོད་ཅིང་། དེའི་ཁྲོད་ལས་ཉེ་ཆར་དེབ་སྐྱེལ་ཕྱིར་འཐེན་བྱས་ཟིན་པའི་ཁེ་ལས་བཟོ་གྲྭ་བཞི་ཡོད་པ་ཕུད། ད་ལྟ་ཡོད་པའི་བཟོ་གྲྭ་༤༩ཁྲོད་ན་བོད་མིས་གཉེར་བའི་ཁེ་ལས་དྲུག་ལས་མེད། ཁེ་ལས་བཟོ་གྲྭ་གཞན་དག་ཚང་མ་རྒྱ་རིགས་ཤ་སྟག་ཡིན་ཏེ། བོད་རང་གི་ས་ཁུལ་དུ་བཙུགས་པའི་ཁེ་ལས་བཟོ་གྲྭའི་གྲངས་འབོར་ནང་བོད་མིས་བཙུགས་པའི་བཟོ་གྲྭའི་བསྡུར་ཚད་དེ་ནི་བརྒྱ་ཆ་7%ཙམ་ཡིན། དེས་ན་དེ་སྔ་རྒྱ་ནག་གིས་ཆེད་དམིགས་ཀྱི་“རྒྱལ་ཁབ་བུ་ལོན་”ཐེངས་འགའ་སྤེལ་བའི་མ་དངུལ་དེ་གཙོ་བོ་དྲྭ་རྒྱ་དང་ནུས་ཁུངས་གསར་པའི་ལས་རིགས་ཀྱི་ཁྱབ་ཁོངས་སོགས་ཡར་རྒྱས་གཏོང་བའི་ཆེད་དུ་བཏང་ཡོད་ཀྱང་། ཐེངས་འདིའི་“རྒྱལ་ཁབ་ཀྱི་བུ་ལོན་”ཞེས་པ་ནི་ཚོགས་སྡེ་དང་མི་མང་གི་འཛད་སྤྱོད་ལ་དམིགས་ནས་བཏང་བ་ཞིག་ཡིན་པས། བོད་ནང་གི་གྲོང་ཁྱེར་ཁག་ཏུ་ཁེ་ལས་ཀྱི་བཟོ་གྲྭ་མང་དུ་ཕྱིན་ཚེ་རྒྱ་ནག་ནང་ལོགས་ནས་རྒྱ་རིགས་མང་པོ་བོད་ནང་དུ་ཁེ་ལས་ཀྱི་ཚོང་གཉེར་སྒྲུབ་པའི་ཆེད་དུ་ཡོང་སྲིད་པས། རྒྱ་ནག་གིས་བོད་ནང་དུ་མི་སེར་སྤེལ་བའི་མི་མངོན་པའི་སྲིད་བྱུས་སྤེལ་བ་དེ་ཡང་བུ་ལོན་གཡར་བའི་བྱེད་ཐབས་འདི་ལ་བརྟེན་ནས་སྔར་ལས་མང་དུ་སྤེལ་སྲིད།
(2) བོད་ནང་གི་དཔལ་འབྱོར་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན།
རྒྱལ་ཁབ་ཀྱི་བུ་ལོན་ཞེས་པ་འདི་གོ་བདེ་བར་བཤད་ན། རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་ལག་ནས་བུ་ལོན་གཡར་བ་ལ་ཟེར། རྒྱ་ནག་གིས་རྒྱལ་ཁབ་རང་གི་ཡིད་རྟོན་རྨང་གཞིར་བཞག་སྟེ་མང་ཚོགས་ཀྱི་ལག་པ་ནས་བུ་ལོན་གཡར་ཏེ་དུས་བཅད་ཟིན་རྗེས་མ་རྩ་དང་སྐྱེས་ཀ་གཉིས་དུས་གཅིག་ཏུ་ཕྱིར་སྤྲོད་ཀྱི་ཡོད། དེས་ན་བོད་ནང་གི་བོད་རིགས་མང་ཚོགས་ཀྱིས་ཀྱང་རང་གི་གསོག་དངུལ་དེ་དངུལ་ཁང་དུ་གསོག་འཇོག་བྱས་ཏེ་རྒྱལ་ཁབ་གཞུང་ལ་གཡར་ཆོག་གི་ཡོད་ཅིང་། གསོག་འཇོག་བྱས་པའི་དངུལ་གྱི་གྲངས་ཀ་ཇི་ལྟ་ཇི་ལྟར་མང་ན་དུས་བཅད་རིང་ཐུང་ལྟར་གྱི་སྐྱེད་ཀ་ཡང་དེ་ལྟ་དེ་ལྟར་མང་པོ་ཐོབ་ཐུབ་ཀྱི་ཡོད། དཔེར་ན། བོད་པའི་ཁྱིམ་ཚང་ཞིག་ལ་གསོག་དངུལ་དམངས་སྒོར་ཁྲི་བཅུ་ཐམ་པ་ཡོད་ཚེ། དུས་བཅད་ལོ་བཅུར་བགོས་ཏེ་གསོག་འཇོག་བྱས་ནས་རྒྱལ་ཁབ་གཞུང་ལ་གཡར་རྒྱུ་བྱས་ན། དུས་བཅད་ཟིན་ཚེ་ཁྱིམ་ཚང་རང་གི་གསོག་དངུལ་དེའི་མ་རྩ་དང་སྐྱེད་ཀ་གཉིས་ལེན་ཐུབ་ཀྱི་ཡོད། དཔེར་ན། ཟླ་ ༥ ཚེས་ ༡༠ ཉིན་སྤེལ་བའི་གསོག་འཇོག་གི་རྒྱལ་ཁབ་བུ་ལོན་ལྟ་བུ་ཡིན་ན། དུས་བཅད་ལོ་གསུམ་གྱི་ཁེ་སྤོགས་ཀྱི་སྐྱེད་ཚད་དེ་བརྒྱ་ཆ་2.38%ཡིན་པ་དང་། ལོ་ལྔའི་དུས་བཅད་ཀྱི་སྐྱེད་ཚད་བརྒྱ་ཆ་2.5%ཡིན་ལ། རྒྱལ་ཁབ་གཞུང་ལ་གཡར་བའི་མ་དངུལ་དེའི་སྐྱེད་ཀ་ནི་རྒྱ་ནག་གིས་ལོ་ཕྱེད་ཀ་རེ་རེའི་རྗེས་ནས་ཐེངས་གཅིག་རེ་སྤྲོད་ཀྱི་ཡོད། དོན་གྱིས་མི་སྒེར་དང་ཚོགས་པ་གང་ཞིག་ཡིན་རུང་། སོ་སོའི་གསོག་དངུལ་ཉར་སྟངས་སྟངས་བྱེད་སྟངས་ཀྱི་ངོ་བོ་བསྒྱུར་བ་ཙམ་ཡིན་ལ། དེ་ནི་རྒྱ་ནག་གིས་མང་ཚོགས་ཀྱིས་དངུལ་ཁང་དུ་གསོག་དངུལ་བཞག་པ་དེ་རྒྱལ་ཁབ་གཞུང་གིས་བེད་སྤྱོད་བཏང་ནས་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་མང་ཚོགས་ཀྱིས་ཁང་པ་དང་རླངས་འཁོར་ཉོ་བ་སོགས་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། གནས་སྟངས་འདི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཏེ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སུ་གཏོང་ཐབས་ཀྱི་འུ་ཐུག་པའི་འཐབ་ཇུས་ཤིག་རེད་ཀྱང་། གལ་སྲིད་མི་སྒེར་དང་ཚོགས་པ་གང་རུང་ལ་གསོག་དངུལ་གཡར་རྒྱུ་ཡོད་ཚེ་དེ་མཚུངས་ཀྱི་ཁེ་སྤོགས་ཀྱང་ཐོབ་ཐུབ་ཀྱི་ཡོད་ཅིང་། དཔལ་འབྱོར་ཆེད་མཁས་པ་ལ་ལས་རྒྱལ་ཁབ་ཀྱི་བུ་ལོན་གཡར་བ་འདི་“ཕན་ཚུན་གཉིས་ཀར་ཁེ་ཕན་ཐོབ་པའི་”(双赢)འཐབ་ཇུས་ཤིག་རེད་ཅེས་བརྗོད་མཁན་ཡང་མཆིས་ཀྱང་། གོང་དུ་དཔེ་མཚོན་བཀོད་ཡོད་པ་བཞིན་རྒྱ་ནག་རང་གི་མི་སེར་རྒྱ་རིགས་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པ་ཆགས་ཏེ། བུ་ལོན་གཡར་བའི་འདོད་པ་མེད་ཚུལ་གྱི་གནས་སྟངས་ཀྱང་མང་པོ་བྱུང་ཡོད།
མཇུག་བསྡོམས།
རྒྱ་ནག་གཞུང་གིས་“ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་”ཐེངས་བཞི་པ་སྤེལ་བའི་སྲིད་བྱུས་གསར་པ་འདི་ལ་གཞིགས་ན། དོན་ངོ་མར་རྒྱ་ནག་གི་དངུལ་རྩིས་ལྷན་ཁང་ལ་དངུལ་གྱི་དཀའ་ངལ་མེད་ཀྱང་། མང་ཚོགས་ཀྱི་གསོག་དངུལ་དེ་ཚོང་རའི་ཐོག་འཁོར་རྒྱུག་བྱེད་ཐུབ་ཀྱི་མེད་སྟབས། དཔལ་འབྱོར་ཆེད་མཁས་པ་མང་པོས་རྒྱ་ནག་གཞུང་གི་སྲིད་བྱུས་འདི་ནི་མང་ཚོགས་ཀྱི་ལག་པ་ནས་དངུལ་བུན་གཡར་ཏེ་མ་དངུལ་དེ་རྒྱ་ནག་གི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་བསྐྱར་གསོ་བྱེད་པའི་དཔལ་འབྱོར་ཐོག་གི་འཐབ་ཇུས་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡང་རོས་སོའེ་ཨེ་ཤི་ཡ་དངུལ་འཛིན་ཁང་(Mizuho Securities Asia)གི་རྒྱ་རིགས་དཔལ་འབྱོར་མཁས་པ་སེ་རེན་ཀྲུག་(Serena Zhou)གིས་བཤད་རྒྱུར། “དམངས་སྒོར་གྱི་འཛའ་ཐང་ལ་གནོན་ཤུགས་བསྟུད་མར་ཐེབས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཕལ་ཆེར་དངུལ་རྩིས་ཀྱི་ཐོག་ནས་མ་རྐང་གི་རིན་གོང་དེ་ཚད་མཐོན་པོར་འདེགས་རྩིས་འདུག”[11]ཅེས་དང་། ང་ཚོས་“ཆེད་དམིགས་ཀྱི་རྒྱལ་ཁབ་བུ་ལོན་”འདིའི་ཁྱབ་ཚད་ཇི་འདྲ་ཡིན་པ་གསལ་པོ་རྟོགས་ཐབས་མེད་ཀྱང་། འདིས་བུན་འཛིན་[12]གྱི་གྱི་ཁེ་སྤོགས་ཚོང་ར་ལ་གདོང་ཐུག་ཆེན་པོ་ཞིག་རྒྱག་སྲིད་པར་དོགས་པ་ཡོད་[13]ཅེས་སྨྲས་པ་བཞིན། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་རྒྱལ་སྤྱིའི་ཉོ་ཚོང་ལ་དོ་ཕོག་བྱུང་བ་དང་། རྒྱ་ནག་གི་ས་ཁང་ཚོང་རའི་མ་རྐང་མར་ཆག་པ། རྒྱལ་ཁབ་གཞན་ལ་ཐོན་སྐྱེད་ཕྱིར་འཚོང་བྱེད་པའི་སྒོ་ཁྲལ་འཕར་བ་སོགས་ཀྱི་དབང་གིས། རེ་ཞིག་རྒྱ་ནག་འུ་ཐུག་སྟེ་མང་ཚོགས་ཀྱི་ལག་པ་བུ་ལོན་གཡར་བ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་གཏོང་བའི་འཐབ་ཇུས་འདི་ལག་བསྟར་བྱས་པ་ཡིན། དེ་བས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཚོགས་པ་དང་། མང་ཚོགས་ཀྱིས་གཉེར་བའི་ཁེ་ལས་ཚོགས་པ་མང་པོ་ཞིག་“རྒྱལ་ཁབ་ཀྱི་བུ་ལོན་”ལ་བརྟེན་ནས་སོ་སོའི་ཁེ་ལས་རྒྱ་སྐྱེད་གཏོང་བ་དང་། ཁེ་ལས་ཀྱི་ལས་འཆར་མང་པོ་ཞིག་སྤེལ་ཐུབ་ཀྱི་ཡོད་སྟབས། བོད་ནང་གི་གྲོང་ཁྱེར་ཁག་ཏུ་རྒྱ་ནག་གི་ཁེ་ལས་བཟོ་གྲྭ་མང་དུ་འགྲོ་སྲིད་པ་ནི་སྨོས་མ་དགོས་ཤིང་། ཁེ་ལས་དེ་དག་གིས་སོ་སོའི་ལས་གཞིའི་ཁྱབ་ཁོངས་ཀྱི་ལས་འཆར་རྒྱ་སྐྱེད་བཏང་ཚེ། བོད་ནང་གི་ཁུལ་དང་རྫོང་གྲོང་ཁག་ཏུ་རྒྱ་ནག་ནང་ལོགས་ནས་རྒྱ་རིགས་མང་པོ་ཞིག་ཁེ་ལས་དང་ཚོང་གཉེར་གྱི་སླད་དུ་བོད་ནང་དུ་གནས་སྤོ་བྱེད་སྲིད་ཅིང་། བོད་ནང་དུ་གཞིས་སྡོད་བྱེད་པའི་རྒྱ་རིགས་ཀྱི་གྲངས་འབོར་ཡང་སྔར་ལས་མང་དུ་འཕེལ་སྲིད་པའི་ཉེན་ཁ་མཆིས་པར་མ་ཟད། བོད་ནང་གི་དྲྭ་རྒྱ་དང་འཕྲིན་ལམ་གྱི་རང་དབང་སྔར་ལས་གུ་དོག་པའི་འཕྲུལ་རིགས་ཀྱི་སྐོར་ཡར་རྒྱས་སུ་གཏོང་བ་དང་། གྲོང་གསེབ་གསར་འཛུགས་དང་། ས་མཚམས་བརྟན་སྲུང་། འབྲོག་པ་གནས་སྤོར་སོགས་ཀྱི་ལས་འཆར་མང་པོ་ཞིག་ཀྱང་དཔལ་འབྱོར་ཡར་རྒྱས་གཏོང་བར་འབྲེལ་བ་འདུག་པས། གོང་དུ་མིང་གསལ་འདོན་མི་བྱེད་པའི་རྒྱ་རིགས་ཆེ་གེ་མོས།“རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ལས་འཆར་ཀྱང་འདུག་ཕྱིར། རྒྱལ་ཁབ་ཀྱི་བུ་ལོན་འདི་དག་བྱེ་བྲག་ཏུ་ལས་འཆར་གང་གི་ཐད་ལ་གཏོང་མིན་དེ་སྲིད་གཞུང་གིས་ཁྲོམ་བསྒྲགས་བྱེད་མི་སྲིད་”ཅེས་བརྗོད་པ་བཞིན། རྒྱ་ནག་གིས་ཐེངས་འདིར་མང་ཚོགས་ཀྱི་ལག་པ་ནས་བུ་ལོན་གཡར་ཏེ་མ་དངུལ་དེ་དཔལ་འབྱོར་གྱི་ཚོང་རའི་ཐོག་འཁོར་རྒྱུག་བྱེད་དུ་འཇུག་ཆེད་ལས་འཆར་གྱི་ཁོངས་སུ་རྒྱ་ནག་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་ཡོད་པའི་ལས་གཞི་མང་པོ་ཞིག་ལག་བསྟར་བྱེད་རྩིས་ཡོད་པ་མངོན་གསལ་ཆགས་ཡོད་དོ།།
[1] རྒྱལ་ཁབ་ཀྱི་བུ་ལོན་ཞེས་པ་ནི་རྒྱལ་ཁབ་ཞིག་གིས་རང་གི་ཡིད་རྟོན་རྨང་གཞིར་བཞག་སྟེ། དངུལ་རྩའི་ལས་ཁུངས་དང་མང་ཚོགས་ལ་མ་དངུལ་གཡར་རྗེས། འབྱུང་འགྱུར་གྱི་དུས་ཡུན་ངེས་ཅན་ཞིག་གི་ནང་དེའི་སྐྱེད་ཀ་སྤྲད་ནས་བུ་ལོན་དང་བཅས་མཉམ་དུ་ཕྱིར་སྤྲོད་རྒྱུ་ཁས་བླངས་པ་ལ་ཟེར།
[2] https://gks.mof.gov.cn/ztztz/guozaiguanli/gzfxzjs/202405/t20240513_3934717.htm
[3] བདག་དབང་རྒྱལ་ཁབ་ལ་ཡོད་ཅིང་མི་གཅིག་གམ་ཚན་པ་གཅིག་ཁོ་ནས་མ་རྩ་བཞག་པ་ལ་ཟེར།
[5] https://www.reuters.com/
[6] https://www.reuters.com/
[7] https://www.reuters.com/
[8] མཚལ་ཡིག་ཅེས་པ་ནི་དཔལ་འབྱོར་གྱི་ལས་སྒོའི་ཁྲོད་དུ་ཚུར་ཡོང་སྒོ་ལས་ཕར་གཏོང་སྒོ་ཆེ་བའི་མཚོན་བྱེད་དེ། ཐོ་རུ་འགོད་སྐབས་གྲངས་འབོར་གྱི་ཨང་ཀི་མཚལ་མདོག་ཏུ་བྱེད་པས་དེ་ལྟར་གྲགས་སོ།།
[9] རྒྱལ་ཁབ་ནང་ཁུལ་གྱི་ཐོན་སྐྱེད་སྤྱི་ཐང་(國內生產毛額,Gross Domestic Product)ཞེས་པའི་དབྱིན་སྐད་ཀྱི་བསྡུས་ཚིག་སྟེ། ཐོན་སྐྱེད་སྡེ་ཁག་གིས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་བསྡོམས་པའི་རིན་ཐང་དེ་སྒོར་གྱི་རིན་ཐང་དུ་ཕབ་པའི་བསྡོམས་གྲངས་སོ། །
[10] https://www.yunzhongcha.com/build
[11] https://www.voachinese.com/a/china-to-kick-off-1-trillion-yuan-stimulus-bond-issues-this-week-20240513/7608933.html
[12] ༡ སྤྱི་བུན་འཛིན་ཡིག ༢ ཁེ་ལས་དང་དངུལ་ཁང་དང་མ་རྐང་སྤྱི་གཉེར་གྱིས་བཀྲམས་པའི་བུན་བདག་གིས་བུན་གྱི་སྐྱེད་ཀ་ལེན་པ་དང་མ་རྩ་ཕྱིར་ལེན་པར་དབང་བའི་དཔང་འཛིན་ལ་ཟེར།
[13] https://www.voachinese.com/a/china-to-kick-off-1-trillion-yuan-stimulus-bond-issues-this-week-20240513/7608933.html