ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ཏུ་གུས་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གཏམ་བཤད་དུ་སོང་། སློབ་གྲྭ་ནས་རླངས་འཁོར་མངག་གཏོང་བྱས་ཏེ་སྐྱེལ་ལེན་གནང་། ཤེས་རབ་དགའ་ཚལ་སློབ་གླིང་ནི་རང་ཉིད་ལ་མཚོན་ན་ཆེས་ཆ་ཡོད་རྒྱུས་ཡོད་ཀྱི་སློབ་གྲྭ་ཞིག་ཡིན་ཞིང་། ལོ་ངོ་ཉི་ཤུའི་སྔོན་དུ་ང་རང་ཡང་སློབ་གྲྭ་འདིའི་སློབ་མ་ཞིག་ཡིན་པ་མ་ཟད། སློབ་གླིང་འདིའི་སློབ་ཐོན་སློབ་མ་སྐབས་དང་པོ་ཡིན་ལ། བཙན་བྱོལ་ནང་ཕྲན་གྱི་མ་ཡུམ་སློབ་གྲྭ་དེ་ཡིན། ད་ལྟ་མ་ཡུམ་སློབ་གྲྭར་གནམ་ས་བླ་འོག་ཏུ་སྒྱུར་བའི་འགྱུར་ལྡོག་ཐེབས་འདུག སྔར་རས་གུར་དང་ལྕགས་ཤོག་དཀར་པོའི་སློབ་གྲྭ་དེ་ད་ལྟ་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་ཁང་བརྩེགས་དུ་མས་ཁེངས་བསྡད་ཡོད་པ་དང་། སྔར་འབའ་འབུར་གྱི་ཁོར་ཡུག་དེ་ད་ལྟ་གོ་རིམ་ལྡན་ཞིང་གྲལ་འགྲིག་པོའི་འཛུགས་སྐྲུན་དང་བར་ཁྱམས་ཀྱི་ཚབས་བྱས་འདུག ཐ་ན་སློབ་གྲྭར་འགྲོ་སའི་གཞུང་ལམ་གཡས་གཡོན་ལའང་འགྱུར་ལྡོག་ཆེན་པོ་ཐེབས་ཏེ་སྔར་གྱི་སྤང་ཁ་ད་ལྟ་ཤིང་སྡོང་དང་ཁང་བརྩེགས་སུ་གྱུར་འདུག སྣང་ཚུལ་འདི་དག་ལ་བརྟེན་སྔོན་བྱུང་གི་གནས་ཚུལ་རྣམས་སླར་ཡང་མིག་ལམ་དུ་གསལ་ལྷམ་མེར་ཤར་ཏེ་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཞིང་རང་ཡུལ་དུ་གྱུར་བའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་སེམས་ལས་བྱུང་བའི་ཚོར་བ་དེ་ཡང་དུ་མ་སྐྱེས། དེ་དག་ཁྲོད་ཆེས་བརྗོད་འོས་པ་ཞིག་ནི་ལོ་གསུམ་རིང་མདོ་དབུས་གཙང་གསུམ་གྱི་སློབ་གཉེར་པའི་ཁྲོད་དགའ་སྐྱོ་གཉིས་ལྡན་གྱི་སློབ་གྲྭའི་འཚོ་བ་དང་ཕྲན་སོགས་ས་མཐའི་འཁྱམ་པོ་དག་ལ་ཕ་མ་ལྟར་དཀའ་ངལ་ལ་གདོང་གཏད་དེ་བྱམས་སྐྱོང་གནང་མཁན་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་སྐུ་ངོ་བྱམས་པ་ལགས་ཡིན། དུས་མཉམ་དུ་ང་མ་ཡུམ་སློབ་གྲྭའི་འགྱུར་ལྡོག་ལ་དགའ་སྤྲོ་ཚད་མེད་སྐྱེས།
དུས་ཚོད་ཀྱི་དབང་གིས་གནས་དེར་སླེབས་མ་ཐག་ང་ཚོས་གཏམ་བཤད་ཀྱི་འགོ་བརྩམས་པ་ཡིན། གུས་པའི་གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་སྤྱིར་རྒྱ་ནག་གི་དམག་དོན་དང་། ཡང་སྒོས་བོད་ཁུལ་དུ་རྒྱ་ནག་གི་དམག་དོན་སྒྲིག་གཤོམ་སྐོར་ཡིན་པ་རེད། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲུང་དང་འགོ་ཁྲིད་ལམ་ལུགས་ངོ་སྤྲོད་དང་། རྒྱ་ནག་གི་དམག་དོན་འགྲོ་གྲོན། རྒྱ་ནག་གི་སྐམ་དམག་དང་། མཚོ་དམག མཁའ་དམག འཕུར་མདའ་དམག་དཔུང་བཅས་དཔུང་ཁག་ཆེན་པོ་བཞི་ངོ་སྤྲོད་མདོར་བསྡུས། བོད་ཀྱི་ས་ཁུལ་དུ་རྒྱ་ནག་གི་དམག་དཔུང་འགྲེམ་ཚུལ་ལས། ལན་ཀྲོའུ་དང་ཁྲིན་ཏུའུ་དམག་ཁུལ་གཉིས་ཀྱིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་བཟུང་བསྡད་པ། ནང་གསེས་གཙོ་བོ་མཐའ་སྲུང་དམག་གི་སྐོར་སོགས་ཞུས་པ་ཡིན།
ཤེས་རབ་དགའ་ཚལ་སློབ་གླིང་དུ་མིག་སྔར་སློབ་མ་ ༡༦༠ ཡོད་པ་དང་། གཏམ་བཤད་སྤེལ་བའི་བྱེད་སྒོ་འདི་རེས་གཟའ་པ་སངས་ཀྱི་ཉིན་རྒྱབ་ཏུ་རྟག་པར་ཡོད་ཅེས་སློབ་སྤྱི་མཆོག་གིས་གསུངས་སོང་། ང་ཚོའི་བྱེད་སྒོ་འདི་ཡང་ཉིན་རྒྱབ་ཀྱི་ཆུ་ཚོད་གཉིས་པ་ཡོལ་ཙམ་ནས་འགོ་ཚུགས་པ་ཡིན་ཞིང་། གཏམ་བཤད་དང་དྲི་བ་དྲིས་ལན་བཅས་བསྡོམས་ཆུ་ཚོད་གཅིག་དང་ཕྱེད་ལྷག་འགོར་སོང་། འཛིན་གྲྭ་ཡང་གོང་འོག་ཡོངས་རྫོགས་ཀྱི་སློབ་མ་གཏམ་བཤད་ཚོགས་འདུའི་སྟེང་སླེབས་འདུག དེ་བཞིན་སློབ་མ་རྣམས་ཀྱིས་གུས་པའི་གཏམ་བཤད་ལ་བློ་རྩེ་གཅིག་སྒྲིམ་གྱིས་གསན་ཉན་གནང་སོང་ལ། མཇུག་མཐར་དྲི་བ་ཡང་བརྗོད་བྱ་དང་འབྲེལ་ཆགས་པ་མ་ཟད་གནད་ལ་འཁེལ་བ་འགའ་དྲིས་སོང་། དཔེར་ན། སྲིད་བྱུས་ཉམས་ཞིབ་ཁང་གིས་ཆབ་སྲིད་དང་དམག་དོན་སོགས་ལ་ཉམས་ཞིབ་བྱས་ན་བོད་མིའི་རང་དབང་བརྩོན་ལེན་ཐད་ཕན་ཐོགས་ག་རེ་ཡོད་དམ་ཟེར་བ་དང་། ཁྱེད་ཀྱིས་རྒྱ་ནག་གི་དམག་དོན་ཉམས་ཞིབ་བྱས་ཏེ་དམིགས་ཚད་ཇི་ཙམ་ལ་སླེབས་ཐུབ་པ་བྱ་རྒྱུ་ཡིན་ནམ་ཟེར་བ་སོགས་ཧ་ཅང་སྤྲོ་སྣང་ལྡན་ཞིང་བསམ་གཞིགས་གཏིང་ཟབ་གཏོང་འོས་པ་རེད་སྙམ། ཁ་རྒྱུན་དུ“མི་སྤྱང་པོས་དྲི་བ་ཡག་པོ་འདོན་ཤེས”ཟེར་བ་དེ་དངོས་གནས་རེད། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་འདི་རྣམས་ཀྱི་གྲལ་དུ་སློབ་ཆེན་ཐོན་པའི་སློབ་མ་མེད་པ་འདྲ་ཡང་དྲི་བ་རིན་ཐང་ཅན་དྲིས་སོང་སྙམ་པའི་ཚོར་སྣང་བྱུང་།
སྤྱིར་བཏང་ཤེས་རབ་དགའ་ཚལ་སློབ་གླིང་གིས་སློབ་མར་གཏམ་བཤད་ཀྱི་བྱེད་སྒོ་འདི་འདྲ་ཞིག་གནང་ཐུབ་པ་དེ་ཧ་ཅང་ཡག་པོ་འདུག དེ་བཞིན་སློབ་སྤྱིས་བརྗོད་ཚུལ་ལྟར་ན་འདི་འདྲ་བའི་གཏམ་བཤད་སློབ་མའི་རང་ངོས་ནས་ཀྱང་སྤེལ་བཞིན་ཡོད་ཟེར། སློབ་ཚན་ནམ་བྱེད་སྒོ་འདི་སློབ་མ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ངེས་ཡིན། ཡིན་ཡང་འདིར་ཞུ་དགོས་པའི་གནད་དོན་ཞིག་ནི། གཏམ་བཤད་གནང་མཁན་གྲ་སྒྲིག་གི་སྐབས་སུ་གོ་རིམ་ལྟར་འགྲོ་རྒྱུ་དང་། བརྡ་ཐོ་གཏོང་བ་དང་གཏམ་བཤད་སྤེལ་བའི་བར་ཉུང་མཐར་ཉིན་གསུམ་ཡོད་དགོས། དེ་ལྟར་ན་གཏམ་བཤད་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་ལ་ཉན་མཁན་ལའང་ཕན་ཐོགས་ཡོད། དེ་ནས་གཏམ་བཤད་གནང་མཁན་ལ་བྱེད་སྒོ་སྤེལ་ས་ཡུལ་དང་དུས་གསལ་པོ་སྔོན་ལ་བརྡ་གཏོང་དགོས་པ་སོགས་ཡིན།
མཇུག་མཐར་སློབ་སྤྱི་མཆོག་གིས། དེ་རིང་ཁྱེད་ཀྱི་གཏམ་བཤད་དེའི་བརྗོད་བྱ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། ང་ཚོ་དགེ་སློབ་རྣམས་ལ་མཐོང་ཐོས་གསར་པ་ཞིག་དང་བློ་སྐྱེད་ཡག་པོ་བྱུང་སོང་། རྗེས་མ་ད་དུང་འདི་འདྲ་བའི་གཏམ་བཤད་སྤེལ་ཐུབ་ན་ཡག་པོ་འདུག ཅེས་གསུངས་སོང་།