རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ངོ་སྤྲོད།

February 21, 2016 By Tenzin Pema

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི། ཕྱི་ལོ་ ༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཚན་རིག་གསུམ་ལྷན་ཁང་ནས་གསལ་བསྒྲགས་གནང་བ་བཞིན་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ད་བར་སྲུང་བརྩི་ཞུ་བཞིན་ཡོད། ཟླ་འདིའི་ཚེས་ ༢༡ ཉིན་ལོ་ལྟར་སྲུང་བརྩི་ཞུ་བའི་རྒྱབ་ལྗོངས་གནས་ཚུལ་ནི། ཕྱི་ལོ་ ༡༩༥༢ ལོའི་གོང་ཚེས་ཉིན་དེའི་སྐབས་ཀྱི་པཱ་ཀིསྟཱན་གྱི་ཌྷཱ་ཀཱ་ས་གནས་དང་། ད་ལྟའི་ཆར་བཱངྒ་ལཱ་དེཤ་ཡི་རྒྱལ་ས་ཡིན་པར་སློབ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྐད་ཡིག་གཉིས་ཀྱི་ནང་ཁོ་ཚོའི་ཕ་སྐད་བཱངྒ་ལཱ་ངོས་འཛིན་དགོས་པའི་ཞི་བའི་ངོ་རྒོལ་བྱས་པར་དེ་དུས་ཀྱི་པཱ་ཀིསྟཱན་གཞུང་ནས་ངོས་ལེན་མ་བྱས་པ་མ་ཟད། ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་སློབ་ཕྲུག་བཞི་བསད་པ་རེད། དེ་ནས་ལོ་བཞིའི་རྗེས་ལ་ཕྱི་ལོ་ ༡༩༥༦ ལོར་པཱ་ཀིསྟཱན་གཞུང་ནས་ཤར་པཱ་ཀིསྟཱན་གྱི་ཕ་སྐད་བཱངྒ་ལཱ་དེ་ཉིད་རྒྱལ་ཁབ་ཀྱི་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱས་ཡོད། དེར་བརྟེན་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མོ་དེ་བཱངྒ་ལཱ་དཱེཤ་རྒྱལ་ཁབ་ནས་མུ་མཐུད་དྲན་རྟེན་ཞུ་བཞིན་ཡོད་པ་མ་ཟད། འཛམ་གླིང་ཡོངས་ལའང་གོང་གསལ་ལྟར་ཕྱི་་ལོ་ ༢༠༠༠ ལོ་ནས་ཉིན་དེར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཚན་རིག་གསུམ་ལྷན་ཁང་ནས་ལོ་ལྟར་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་ཕ་སྐད་དང་འབྲེལ་བའི་བརྗོད་གཞི་གལ་ཆེན་འདྲ་མིན་འཇོག་སྲོལ་ཡོད་པ་ལྟར། འདི་ལོའི་བརྗོད་གཞིར། ཤེས་ཡོན་ཚད་ལྡན་དང་། སློབ་ཁྲིད་བརྒྱུད་ལམ་སྐད་ཡིག  སློབ་གཉེར་གྱི་གྲུབ་འབྲས། ཞེས་པ་བཞག་ཡོད། དེ་ཡང་ཕྲུ་གུ་སློབ་གྲྭར་འགྲོ་འགོ་བཙུགས་པ་ནས་ཐོག་མའི་སློབ་ལོ་ཁག་གི་ནང་ལ་ཕ་སྐད་ཐོག་ནས་སློབ་ཁྲིད་བྱས་ཚེ། ཕྲུ་གུས་སྐད་ཡིག་གཉིས་པ་དང་གསུམ་པ་མ་ཟད། རིག་གནས་གཞན་རྣམས་ཤེས་སླ་བའི་དགེ་མཚན་ཆེན་པོ་ཡོད་པ་ཚང་མས་ངོས་འཛིན་གནང་གི་ཡོད་པའི་གནད་འགག་གསལ་སྟོན་བྱས་པ་རེད།

རྒྱལ་སྤྱིིའི་ཕ་སྐད་ཉིན་མོ་དེ་ཉིད་སྲུང་བརྩི་ཞུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཚན་རིག་གསུམ་ལྷན་ཁང་ལ་རྒྱུ་མཚན་གཙོ་བོ་བཞི་ཡོད་དེ། དང་པོ། འཛམ་གླིང་ནང་གི་རིག་གཞུང་དང་སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད་པ་སྲུང་བརྩི་ཞུ་རྒྱུ་དང་། གཉིས་པ། དུས་རྟག་ཏུ་སྐད་ཡིག་རྩ་བརླག་འགྲོ་བའི་ཉེན་ཁར་དོགས་ཟོན་དགོས་རྒྱུ། གསུམ་པ། སྤྱི་ཚོགས་ནང་སྐད་ཡིག་གི་གོ་གནས་ངོས་འཛིན་ཐོག་སྲུང་སྐྱོབ་བྱེད་རྒྱུ། བཞི་པ། འཛམ་གླིང་ཞི་བདེ་ཡོང་ཆེད་སྐད་ཡིག་སྣ་མང་གི་བྱེད་སྒོར་གོ་རྟོགས་བསམ་ཤེས་དགོས་པ་བཅས་ཡིན།

སྤྱིར་འཛམ་གླིང་ནང་སྐད་ཡིག་འདྲ་མིན་བདུན་སྟོང་ཙམ་ཡོད་ཀྱང་། མང་པོ་ཞིག་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་རྩ་བརླག་ཏུ་ཕྱིན་ཟིན་པ་མ་ཟད། མང་པོ་ཞིག་རྩ་བརླག་ཏུ་འགྲོ་བཞིན་ཡོད། སྐད་ཡིག་སོ་སོར་སྤྱི་ཚོགས་དེ་གའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཡོན་ཏན་སྣ་ཚོགས་ཡོད་པར་བརྟེན། སྐད་ཡིག་དེ་དག་རྩ་བརླག་ཏུ་ཕྱིན་ཚེ་ས་གནས་ཁག་གི་ཡོན་ཏན་དེ་དག་ཀྱང་རྩ་མེད་དུ་འགྲོ་ཡི་ཡོད་སྟབས། འཛམ་གླིང་གི་སྐད་ཡིག་ཚང་མ་སྲུང་སྐྱོབ་བྱེད་རྒྱུ་མི་རིགས་སོ་སོའི་ལས་འགན་ནམ་ཐོབ་ཐང་གལ་ཆེན་ཞིག་ཡིན།

བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག

Print Friendly, PDF & Email