༄༅།།བོད་མིའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་དང་། འབུམ་རམས་པ་སློབ་གཉེར་བྱེད་བཞིན་པ། དེ་བཞིན་མཁས་པ་རྣམས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་རིམ་པ་དང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སྐབས་རིམ་པའི་ཚོགས་འདུ་ཁག་ཏུ་དངོས་ཞུགས་ཐུབ་རྒྱུ་དགེ་མཚན་ལྡན་པ་གཟིགས་ཏེ། བོད་མི་ཤེས་ཡོན་ཅན་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་བློ་སྤོབས་བསྐྱེད་ཆེད་མཐུན་འགྱུར་གང་ཐུབ་ཞུ་རྒྱུར་༸དཔལ་ལྡན་བཀའ་ཤག་ནས་དེ་སྔ་ཕྱི་ལོ་༢༠༠༩ ཟླ་ ༩ ཚེས་ ༡༥ ཉིན་གཏན་འབེབས་གནང་བའི་རྩ་འཛིན་ལམ་སྟོན་ལ་བཀའ་ཤག་རིམ་པས་སྐབས་དུས་ཀྱི་གནས་བབ་དང་བསྟུན་བསྐྱར་བཅོས་བྱས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༡ ཉིན་དཔལ་ལྡན་བཀའ་ཤག་ལྷན་རྒྱས་ནས་བོད་རིགས་མཁས་པ་དང་ཉམས་ཞིབ་པ་རྣམས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་དང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སྐབས་རིམ་པའི་ཚོགས་འདུ་ཁག་ལ་གང་མང་བཅར་ཐུབ་ཐབས་སུ་དམིགས་ནས་རྩ་འཛིན་ལམ་སྟོན་ལ་བསྐྱར་བཅོས་གནང་དོན་བཞིན།
ཕྱི་ལོ ༢༠༢༦ ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་ཉིན་བདུན་རིང་བལ་ཡུལ་ལ་འཚོགས་གཏན་འཁེལ་བའི་༼རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པར་༽ ཚོགས་བཅར་གནང་མཁན་དང་རྩ་འཛིན་ལམ་སྟོན་གཞི་བཟུང་ཆ་རྐྱེན་ཚང་བའི་བོད་རིགས་མཁས་པ་དང་ཉམས་ཞིབ་པ་གྲངས་ ༢༥ ལ་ཁང་གླ་དང་ལམ་གྲོན་ཆེད་དུ་སྔོན་རྩིས་ནང་གཏན་འབེབས་གནང་བ་ལྟར་སྤོམ་དངུལ་ཧིན་སྒོར་ ༥༠༠༠༠ ཐམ་པ་རེ་ཕུལ་རྒྱུའི་ཐག་གཅོད་གནང་དོན་བཞིན། འབྲེལ་ཡོད་རོགས་དངུལ་དགོས་རིགས་ཡོད་ཚེ་གཤམ་འཁོད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁ་བྱང་དང་གློག་འཕྲིན་ཁ་བྱང་གང་རུང་ཐོག་དགོས་ངེས་ཡིག་ཆ་ཁག་ཕྱི་ལོ་ ༢༠༢༦ཟླ་ ༦ ཚེས་ ༢༣ སྔོན་ཚུན་འདི་ལས་སུ་ཕུལ་འབྱོར་ཟིན་པ་དགོས་རྒྱུ་དང་།
འབྲེལ་གཏུགས་དང་ཡིག་ཆ་ཕུལ་སའི་ཁ་བྱང་།
Tibet Policy Institute
Central Tibetan Administration
Gangchen Kyishong
PO Dharamshala
District Kangra
Himachal Pradesh
India
ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་། Email: [email protected]
ལས་ཁུངས་ཀྱི་ཁ་པར་ཨང་གྲངས། Office Phone Number: 01892 310851
ཆ་རྐྱེན་ཅི་དགོས་གཤམ་འཁོད་རྩ་འཛིན་ལམ་སྟོན་གྱི་དོན་ཚན་དང་པོ་དང་དོན་ཚན་གཉིས་པའི་ནང་གསེས་ཁག་ལ་གཟིགས་གནང་ཡོང་བ་ཞུ།
རྩ་འཛིན་ལམ་སྟོན་གྱི་དོན་ཚན་དང་པོ། ཆ་རྐྱེན་དང་འོས་ཆོས།
༡་༡ རང་ཉིད་ནས་དྭངས་བླངས་དཔྱ་དངུལ་ཆད་ལུས་མེད་པ་གཙང་འབུལ་ཞུས་པའི་དན་རྟགས་སུ་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས་སྙན་ཞུའི་ལྷན་དུ་འབུལ་དགོས།
༡་༢ སྤྱིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་བཅར་མི་སུ་ཡིན་རུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་གང་རུང་ཞིག་ཏུ་ཉུང་མཐར་ཐེངས་གཅིག་མཉམ་ཞུགས་གནང་ཟིན་པའི་ལག་འཁྱེར་གྱི་ངོ་བཤུས་དགོས་ཀྱང་། ༼རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་༽ཁག་ཏུ་མཉམ་ཞུགས་གནང་མཁན་རིགས་ལ་དེ་ཉིད་ངེས་པར་དུ་མི་དགོས། འོན་ཀྱང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་འདུར་ཞུགས་མཁན་རིགས་ལ་གོ་སྐབས་སྔོན་ལ་འབུལ་དགོས།
༼རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་༽ཚོགས་འདུ་ཁག་ཏུ་བཅར་མཁན་རྣམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་གང་རུང་ཞིག་ཏུ་ཉུང་མཐར་ཐེངས་གཅིག་མཉམ་ཞུགས་གནང་ཟིན་པའི་ལག་འཁྱེར་ངེས་པར་དུ་དགོས།
༡་༣ རང་ཉིད་ཀྱི་སློབ་གཉེར་བྱ་ཡུལ་ལམ། ལས་ཀ་བྱ་ཡུལ་སོགས་འཁོད་པའི་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས (Curriculum Vitae) འབུལ་དགོས།
༡་༤ རོགས་སྐྱོར་ཞུ་སྙན་འབུལ་མཁན་སུ་རུང་ལ་ཚོགས་བཅར་མཐུན་འགྱུར་རོགས་རམ་ཞུ་ཕྱོགས་ཐད། ཐེངས་མང་ཉུང་ཐོབ་མིན་གཞི་བཞག་ཐོག་རོགས་དངུལ་ཞུ་མ་མྱོང་མཁན་དང་ཉུང་བ་ཐོབ་མཁན་རྣམས་ལ་གོ་སྐབས་སྔོན་དུ་སྤྲོད་རྒྱུ།
༡་༥ ཚོགས་འདུར་མགྲོན་འབོད་གནང་མཁན་ནས་དོ་བདག་རང་ཉིད་ཀྱི་མཚན་ཐོག་མགྲོན་ཤོག་བཏང་བའི་ངོ་བཤུས་འབུལ་དགོས།
༡་༦ རང་གི་དཔྱད་རྩོམ་གྱི་འགོ་བརྗོད་གང་ཡིན་པ་དེ་ཚོགས་འདུར་སྒྲོགས་སྦྱང་བྱ་འཐུས་ཚོགས་འདུར་མགྲོན་འབོད་གནང་མཁན་གྱིས་ངོས་ལེན་བྱས་པའི་དཔང་རྟགས་ཡིེ་གེ་འབུལ་དགོས།
༡་༧ རང་གི་དཔྱད་རྩོམ་ཆ་ཚང་ངམ། ཡང་ན་སྙིང་དོན་གང་རུང་ཞིག་སོ་སོའི་སྙན་ཞུའི་མཉམ་དུ་འབུལ་དགོས།
༡་༨ ཚོགས་འདུར་མགྲོན་འབོད་གནང་མཁན་ནས་ལམ་གྲོན་དང་ཁང་གླ་སོགས་སྤྲོད་ཀྱི་ཡོད་མེད་དང་། ཡོད་ན་ཆ་ཚང་ངམ་ཆ་ཤས་ཅི་ཙམ་གནང་གི་ཡོད་མེད་ཀྱི་དན་རྟགས་ཡིག་ཆ་འབུལ་དགོས།
༡་༩ ཚོགས་འདུར་མགྲོན་འབོད་གནང་མཁན་ནས་ཕར་ཚུར་གནམ་གླའམ་ཁང་གླ་ཆ་ཤས་མཐུན་འགྱུར་ཡོད་རིགས་ལ། དགོས་ངེས་ཆ་རྐྱེན་ཁག་ཚང་ན་སྔོན་རྩིས་ནང་གཏན་འབེབས་བྱས་པའི་རོགས་དངུལ་གྱི་བརྒྱ་ཆ་ ༥༠ རོགས་སྐྱོར་བྱེད་ཆོག
རྩ་འཛིན་ལམ་སྟོན་གྱི་དོན་ཚན་གཉིས་པ། ཞུ་སྙན་ངོས་བཞེས་དང་ཆ་འཛིན།
༢་༡ དོ་བདག་གི་ཞུ་སྙན་དང་གོང་གི་དོན་ཚན་ ༡ ནང་གསལ་ཡིག་ཆ་རྐྱེན་རྣམས་ཚད་ལྡན་ཅི་ཡིན་ཞིབ་འཇུག་དགོས་པར་བརྟེན། ཚོགས་འདུ་འགོ་འཛུགས་མ་གནང་བའི་ཟླ་གཉིས་སྔོན་དོ་བདག་གི་ཞུ་སྙན་དང་ཡིག་ཆ་ཁག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བརྒྱུད་རྒྱབ་གཉེར་དང་སྦྲགས་བཀའ་དྲུང་ཡིག་ཚང་དུ་འབུལ་འབྱོར་ཟིན་པ་དགོས་རྒྱུ། དུས་བཀག་ནང་ཚུན་མ་འབྱོར་ཚེ་རང་བཞིན་རྩིས་མེད་གཏོང་རྒྱུ།
༢་༢ རྒྱལ་སྤྱིའི་ཚོགས་འདུ་ཞིག་ཏུ་ཞུགས་རྒྱུར་སྙན་ཞུ་འབུལ་མི་མང་པོ་བྱུང་ཚེ། གོང་གསལ་ཆ་རྐྱེན་ཡིག་ཆ་དང་། དཔྱད་རྩོམ་ལ་ཞིབ་འཇུག་གིས་རོགས་སྐྱོར་བྱེད་དགོས་དང་མི་དགོས་མཐའ་མའི་ཐག་གཅོད་དུ་ངོས་འཛིན་དགོས་པ་ལས། སྙན་ཞུ་ཕུལ་བ་ཙམ་གྱི་རོགས་སྐྱོར་ཐོབ་པའི་ངེས་པ་མེད།
ཐུགས་སྣང་དགོས་རྒྱུ།
- སྤྱིར་འདི་ལས་ནས་སྙན་ཞུ་ཕུལ་འབྱོར་ཅི་བྱུང་ལ་འབྱོར་ལེན་གཏོང་ངེས་ཀྱང་། སྙན་ཞུ་ཕུལ་མཁན་དོ་བདག་སོ་སོ་ནས་འབྲེལ་ཡོད་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་བརྒྱུད་ངེས་པར་དུ་སྙན་ཞུ་འབྱོར་ཡོད་མེད་དང་ཡིག་ཆ་ཁ་སྣོན་དགོས་མིན་འདྲི་རྩོད་གནང་དགོས་རྒྱུ།
- དགོས་ངེས་ཡིག་ཆ་ཁག་དུས་བཀག་ནང་ཚུན་མ་འབྱོར་ཚེ་རང་བཞིན་རྩིས་མེད་གཏོང་རྒྱུ།
- རོགས་དངུལ་ཐོབ་ཡོད་མེད་ཀྱི་ཡིག་ལན་གཏན་འབེབས་ཟིན་པའི་སྙན་ཞུ་ཕུལ་འབྱོར་གྱི་དུས་བཀག་ཚེས་གྲངས་ནས་བདུན་ཕྲག་གཉིས་ནང་ཚུན་ལན་འབུལ་ཐབས་ཞུ་རྒྱུ།
- རོགས་དངུལ་ཐོབ་མཁན་རྣམས་ནས་རྩ་འཛིན་ལམ་སྟོན་དོན་ཚན་གསུམ་པའི་ནང་གསལ་དོན་ལྟར་ཚོགས་འདུ་གྲོལ་ནས་ཕྱིར་འཁོར་ཏེ་ཟླ་བ་གཅིག་ནང་ཚུན་དུ་ཚོགས་འདུར་ངོ་བཅར་ཞུས་པའི་མཐོང་ཚུལ་དང་། ཉམས་མྱོང་། ཕན་ཐོགས་ཅི་བྱུང་གི་ལས་བསྡོམས་སྙིང་བསྡུས་དང་། དེ་བཞིན་གནམ་གྲུའི་འཛིན་བྱང་དང་ཁང་བླའི་བྱུང་འཛིན་བཅས་རྩིས་ཁྲའི་ཡིག་ཆ་སོགས་འདི་ལས་སུ་ཕུལ་འབྱོར་བྱུང་རྗེས་གཞི་ནས་རོགས་དངུལ་དངོས་སུ་སྤྲོད་རྒྱུ།
- འདས་པའི་ལོ་ངོ་བཅུའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་ཞུས་པའི་༼བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་༽ལ་བཅར་ཡོད་མེད་དང་། བཅར་ཡོད་ན་ཐེངས་ག་ཚད་དང་ག་དུས་བཅར་མིན་དཔང་རྟགས་གསལ་པོ་དགོས་རྒྱུ།
- འདས་པའི་ལོ་ངོ་བཅུའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བརྒྱུད་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་རིམ་པ་དང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སྐབས་རིམ་པའི་ཚོགས་འདུ་ཁག་ལ་བཅར་ཆེད་དུ་རོགས་དངུལ་ཐོབ་ཡོད་མེད་དང་། ཡོད་ནས་ཐེངས་ག་ཚད་དང་ག་དུས་ཐོབ་མིན་གསལ་པོ་དགོས་རྒྱུ།
- རོགས་དངུལ་གཞན་ཡོད་མེད་དང་། ཡོད་ན་མང་ཉུང་ཅི་ཙམ་ཡོད་མེད་གསལ་པོ་དགོས་རྒྱུ།
- ཡིག་ཆ་དང་གནས་ཚུལ་ཆེད་དུ་རྫུན་བཟོ་ཡིན་པ་ཤེས་གསལ་བྱུང་ན་རང་བཞིན་བརྩིས་མེད་གཏོང་རྒྱུ།
- བོད་ཀྱི་རྩ་དོན་དང་བོད་མིའི་མཐུན་སྒྲིལ་ལས་སྐྱོན་གནོད་ཡོང་རིགས་ཀྱི་གཏམ་བཤད་བྱས་པའི་གནས་དོན་བྱུང་ཚེ་རོགས་དངུལ་སྤྲོད་རྒྱུ་མིན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན།
