༄༅། ། ཕྱི་ལོ་༢༠༢༤ཟླ༡༠ཚེས༡༧་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཉིན་གཉིས་རིང་ “རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ”་ཡི་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལམ་སྲོལ་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དཔོན་ཆེན་མོ་ར་མུ་མ་ནི་ཝ་ནན་(Prof . Ramu Manivannan) གཉིས་སྐུ་མགྲོན་གཙོ་བོར་གདན་ཞུས་དང་། དེ་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ལྷག་པར་དུ་རྒྱ་གར་གྱི་ས་གནས་ཁག་ནས་ཕེབས་པའི་བོད་རིག་པའི་ཉམས་ཞིབ་པ་ཁྱོན་ ༢༤ དང་། སློབ་དཔོན་ཆེན་མོ་བཞི་བཅས་མཉམ་ཞུགས་གནང་སོང་།།
ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གནད་དོན་གསུམ་གྱི་ཐོག་གསུང་བཤད་གནང་སོང་། དེ་ཡང་། དང་པོ།་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་པས། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ཡུན་རིང་ལྷག་པའི་རྐྱེན་གྱིས། ལྷོ་ཨེ་ཤ་ཡ་དང་དམིགས་བསལ་འཛམ་གླིང་ཁྱོན་ཡོངས་ཀྱི་ས་ཁམས་ཆབ་སྲིད་དང་། ཐབས་ཇུས། ཚོང་དོན་སོགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། གཉིས་པ། བོད་དེ་ཨེ་ཤ་ཡའི་ཆུའི་ཐོན་ཁུངས་གཙོ་བོ་དང་། འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པ་ལྟར། ཨེ་ཤ་ཡའི་ནང་དུ་རྒྱུག་ཆུའི་ཐོན་ཁུངས་རྒྱ་ཆ་༡༠ བོད་ཀྱི་འཁྱགས་རོམ་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅུའི་ནང་མི་འབོར་ཐེར་འབུམ་ ༡.༨ གྱི་འཚོ་བ་དེ་ལ་བརྟེན་གྱི་ཡོད། གསུམ་པ། ལྷོ་ཨེ་ཤ་ཡའི་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཀྱི་ནང་དུ་ནང་ཆོས་ཉམས་ལེན་བྱེད་མཁན་མང་བས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་ལ་ཐེ་ཇུས་བྱེད་བཞིན་པ་ནི་འཛམ་གླིང་ཡོངས་ཀྱི་ནང་པའི་སྤྱི་ཚོགས་ནང་སིམ་འཛུལ་བྱེད་ཕྱིར་ཡིན།།
དེ་བཞིན་གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལམ་སྲོལ་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དཔོན་ཆེན་མོ་ར་མུ་མ་ནི་ཝ་ནན་(Prof. Ramu Manivannan) མཆོག་གིས། ང་ཚོ་རྒྱ་གར་མི་མང་གིས་བོད་མི་རིགས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ངོས་འཛིན་གསལ་བོ་དགོས་པ་མ་ཟད། བོད་དང་འབྲེལ་བའི་གནད་དོན་སྤྱི་ལ་འགན་འཁུར་དགོས་སྟེ། རྒྱ་གར་ཀྱི་ས་མཚམས་དཀའ་རྙོག་དང་། མི་རིགས་བདེ་འཇགས་བཅས་ལ་དོ་སྣང་བྱས་དགོས་པ་ཅེས་བརྗོད་སོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཉིན་གཉིས་རིང་གི་ཚོགས་ཆེན་འདིའི་དགོས་པ་གཙོ་བོ་ནི་རྒྱ་གར་ན་གཞོན་ཉམས་ཞིབ་པ་རྣམ་ལ་བོད་ཀྱི་གནད་དོན་ཐོག་བསམ་ཚུལ་བརྗེ་ལེན་དང་། སྡིངས་ཆ་བསྐྲུན་ཐབས། དེ་བཞིན་སྔར་བོད་བཙན་པོའི་སྐབས་ནས་བཟུང་བོད་དང་རྒྱ་གར་མཁས་པའི་དབར་རིག་གནས་བགྲོ་གླེང་དང་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་ཕྱུག་པ་དེ་བཞིན་བསྐྱར་གསོ་དང་གོང་འཕེལ་གཏོང་ཐབས་ཤིག་ཡིན་ཞེས་གསུངས་སོང།།