ཕྱི་ལོ་༢༠༢༥ ལོའི་ཟླ་༡༡ པའི་ཚེས་༣ ནས་༤ བར་ཉིན་གཉིས་རིང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་དབུས་གནས་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚོགས་བཞིན་ཡོད་ཅིང་།
ཚོགས་འདུའི་དབྱེ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྐུ་སྒེར་ཡིག་ཚག་གི་སྐུ་ངོ་དྲུང་ཆེ་ཡང་སེང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཕྱིལ་དྲིལ་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཚོགས་འདུའི་དབུ་འབྱེད་གཏམ་བཤད་པ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། ཕྱོགས་མཐའ་ཁག་གི་མཐོ་རིམ་སློབ་གཉེར་ཁང་དང་རིག་གཞུང་ཞིབ་འཇུག་ཁང་བཅས་ས་གནས་ཁག་མི་འདྲ་བ་བཅུ་ནས་ཕེབས་པའི་ན་གཞོན་ཉམས་ཞིབ་པ་ཉི་ཤུ་རྩ་དྲུག་ཙམ་ཆེད་ཕེབས་ཀྱིས་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་སྒྲོག་སྦྱངས་གནང་རྒྱུ་ཡིན་པ་དང་། ཚོགས་བཅར་བའི་ཁྲོད་དུ་བུམ་རམས་པའི་བསླབ་པ་མཐར་སོན་པ་གསུམ་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བཅུ་གཉིས། གཞན་གཙུག་ལག་རབ་འབྱམས་པ་དང་དགེ་རྒན། ཉམས་ཞིབ་པ་བཅས་རེད་འདུག

ཚོགས་འདུའི་དབུ་འབྱེད་སྐབས་སུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། བོད་ཀྱི་ན་གཞོན་ཚོགས་འདུར་ཕེབས་པའི་ཉམས་ཞིབ་པ་རྣམ་པར་འཚམས་འདྲི་དང་འབྲེལ། ཚོགས་འདུ་འདིའི་གལ་ཆེན་རང་བཞིན་དང་། ཞིབ་འཇུག་གི་དགོས་དོན་སོགས་ཀྱིས་སྐོར་ནས་གསུང་བཤད་གནང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོ་སྐུ་སྒེར་དྲུང་ཆེ་ཡང་སྟེང་རིན་པོ་ཆེས་ནས། ཞིབ་འཇུག་དང་འབྲེལ་བའི་སྐོར་གསུང་དོན། ཉམས་ཞིབ་པ་ཞིག་ཡིན་ཕྱིན་རང་ཕྱོགས་དང་གཞན་ཕྱོགས་ཞེས་ཕྱོགས་སུ་ལྷུང་པ་མ་ཡིན་པར་ཕན་ཚུན་ཕྱོགས་གཉིས་ཀར་ཤེས་རྟོག་དང་བསམ་ཞིབ་ཀྱིས་ཕྱོགས་སུ་མ་ལྷུང་བ་ཞིག་བྱ་རྒྱལ་གལ་ཆེ་བ་དང་། དཔེར་ན། བོད་ཀྱི་ཆབ་སྲིད་སྐོར་འབྲི་སྐབས་རྒྱ་མི་དེ་མཐའ་གཅིག་ཏུ་དགག་པའི་ཡུལ་ལ་བཞག་ནས་འབྲི་རྒྱུ་དང་། རྣམ་པ་ཐམས་ཅད་དུ་ནག་པོའི་ཕྱོགས་སུ་བཞག་ནས་བྲིས་ཚེ་ཕྱོགས་ལྷུང་ཆགས་ཀྱི་ཡོད་ཙང་། རྒྱ་མིའི་ཕྱོགས་ནས་ག་རེ་བཤད་ཀྱི་ཡོད་མེད་ཆ་ཚང་རྒྱུས་ལོན་པའི་ཐོག བོད་པ་རང་གི་དངོས་ཡོད་ཀྱི་གནས་སྟངས་ག་རེ་ཡིན་པ་དེ་ཡང་ཆ་ཚང་ཞིག་རྒྱུས་ལོན་པའི་ཐོག་ནས་དངོས་ཡོད་ཀྱི་སྐུ་ཚབ་ལྟ་བུ་ཆགས་ཐུབ་དགོས་སྐོར་སོགས་གསུངས་སོང་།




