ནང་དོན་གནད་བསྡུས།དཔྱད་རྩོམ་འདིའི་ནང་རྒྱ་ནག་དམར་ཤོག་གི་སྲིད་དབང་ཚུགས་པའི་ཚུན་ནས་ད་ལྟའི་བར་རྒྱ་ནག་གི་སྲིད་འཛིན་རེ་རེའི་སྐབས་སུ་བོད་ཀྱི་ནང་བསྟན་ལ་འཛིན་པའི་སྲིད་བྱུས་དང་།སྲིད་བྱུས་དེ་དག་གི་རྒྱབ་ལྗོངས་ལ་དབྱེ་ཞིབ་བགྱིས་ནས།རྒྱ་ནག་གིས་བོད་ཀྱི་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བ་ལ་དཔྱད་ཞིབ་བྱས་ཡོད།
བརྡ་ཆད་གཙོ་བོ།ནང་བསྟན།སྲིད་བྱུས།ཀྲུང་གོ་ཅན།སྲིད་དབང་།
གཅིག །མའོ་ཙེ་ཏུང༌དུས༌སྐབས་ཀྱི་ཆོས་ལུགས་སྲིད་བྱུས། ༡༩༤༩ ནས་ ༡༩༧༦
༄༅།།ཕྱི་ལོ་༡༩༢༡ནས་༡༩༤༩བར་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་པ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དབར།གུང་ཁྲན་ཏང་ངམ་དམར་ཤོག་ཚོགས་པས་ཆོས་ལུགས་ཐོག་འཛིན་པའི་སྲིད་བྱུས་ནི་ཆོས་ལུགས་མི་སྣར་ངོ་དགའ་ཆེན་པོ་བྱེད་པ།ཆོས་ལུགས་མི་སྣར་རྔན་སླུ་དང་འཐབ་ཕྱོགས་གཅིག་གྱུར་ནང་བཅུག་ནས་གུང་ཁྲན་ཏང་གིས་སྲིད་དབང་འཛིན་ཆེད་བེད་སྤྱོད་བྱས་ཡོད།རྒྱ་ནག་གུང་ཁྲན་ཏང་གིས་༡༩༤༩ལོར་སྲིད་དབང་ཟིན་རྗེས།ཆོས་ལུགས་ཚོགས་པ་ཁག་བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་དཔོན་ངན་མ་རྩ་རིང་ལུགས་སྟོབས་ཤུགས་ཀྱིས་ཚོད་འཛིན་དང་བེད་སྤྱོད་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་ལ་འགལ་རྐྱེན་བཟོ་བའི་མིང་འོག་ཆོས་ལུགས་དང་ཆོས་ལུགས་མི་སྣར་གནོད་འཚེ་གཏོང་བའི་དུས་ཤིག་ཆགས་ཡོད།ལྷག་པར་དུ་ཕྱི་ལོ་༡༩༥༥ལོའི་ལོ་མཇུག་དང་༡༩༥༦ལོ་ནས་བཟུང་རྒྱ་གཞུང་གིས་ས་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་ཟེར་བའི་བོད་ཁུལ་དང་།ཕྱི་ལོ་༡༩༥༧ནས་༡༩༥༨ནང་ཀན་སུ་དང་མཚོ་སྔོན་ཞིང་ཆེན་བོད་ཁུལ།ཕྱི་ལོ་༡༩༥༩ནས་བོད་རང་སྐྱོང་ལྗོངས་ནང་དམངས་གཙོ་བཅོས་བསྒྱུར་རམ་ཆོས་ལུགས་བཅོས་བསྒྱུར་མིང་འོག་བོད་ཀྱི་ཕྱི་ནང་སྣོད་བཅུད་རྩ་མེད་བཟོ་བའི་སྲིད་བྱུས་ཟིན་ཡོད།ཆོས་ལུགས་བཅོས་བསྒྱུར་ནས་རིག་གནས་གསར་བརྗེ་མ་རྫོགས་པའི་༡༩༧༦ལོའི་བར་བོད་ནང་ཆོས་ཀྱི་དྲི་མ་ཙམ་མེད་པ་བཟོས་ཡོད།
གཉིས། ཏེང་ཞའོ་ཕིང་དུས་སྐབས་ཀྱི་ཆོས་ལུགས་སྲིད་བྱུས།༡༩༧༨ནས་༡༩༨༩
ཕྱི་ལོ་༡༩༧༨ཟླ་༡༢རྒྱ་ནག་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཆོས་ལུགས་སྲིད་བྱུས་སླར་གསོ་བྱེད་པའི་ཐག་གཅོད་བྱུང་ཡོད།ཕྱི་ལོ་༡༩༨༢《རང་རྒྱལ་སྤྱི་ཚོགས་རིང་ལུགས་དུས་སྐབས་ཆོས་ལུགས་གནད་དོན་ཐོག་གཞི་རྩའི་སྲིད་བྱུས་》ཟེར་བའི་ཡིག་ཆ་ཨང་༡༩དང་།《རྒྱ་ནག་རྩ་ཁྲིམས་》ནང་གསེས་དོན་ཚན་༣༦ཆོས་དད་རང་དབང་ཡོད།ཅེས་འཁོད་ཡོད།དེ་དུས་བོད་དང་རྒྱ་ནག་ཁྱོན་ཡོངས་ལ་ཅུང་གུ་ཡངས་ཅན་གྱི་དུས་སྐབས་ཤིག་བྱུང་ཡོད།༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་གཙོ་འགན་བཞེས་པ་དང་བོད་མི་སེར་སྐྱ་ཡོངས་ནས་ཐུན་མོང་གིས་དགོན་སྡེ་བསྐྱར་བཞེངས་དང་ཆོས་དད་སླར་གསོ་གནང་ཡོད།བོད་རང་སྐྱོང་ལྗོངས་ནང་ལ་ཆ་མཚོན་ན།ཕྱི་ལོ་༡༩༨༥ལོ་མཇུག་བར་དགོན་སྡེ་གྲངས་༢༢༩ཙམ་བསྐྱར་གསོ་བྱས་ཡོད།
གསུམ། ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ༌དུས་སྐབས་ཀྱི་ཆོས་ལུགས་སྲིད་བྱུས།༡༩༨༩ནས་༢༠༡༢
ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ་དུས་སྐབས་ཁྱོན་ལོ་ངོ་ཉི་ཤུ་ལྷག་ཙམ་ནང་དོན་དངོས་ཐོག་སྲིད་དབང་ཅང་ཙེ་མེན་གྱི་ལག་ཏུ་ཡོད་པ་དང་ཧུའུ་ཅིན་ཐའོ་གཞན་དབང་ཅན་གྱི་གནས་སུ་ལུས་ཡོད།ཕྱི་ལོ་༡༩༨༩ལོ་འགོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གཞིས་ཀ་རྩེར་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་བྱུང་ཡོད།ཕྱི་ལོ་༡༩༩༥རྒྱ་གཞུང་ནས༌ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུའི་ཡང་སྲིད་ངོས་འཛིན་ཚོད༌འཛིན་བྱས་པ་དང༌རྒྱལ་མཚན་ནོར་བུ་ཁྲིར་བཀོད།ཆུང་སྲིད་བསྟན་འཛིན་དགེ་འདུན་བསྟན་འཛིན་ཡེ་ཤེས་མཆོག་གར་སོང་ཆ་མེད་གནས་སུ་གྱུར་ཡོད།དེ་ནས་བོད་ནང་གི་གནས་སྟངས་གཞན་དུ་ཕྱིན་ཡོད།༡༩༩༦ལོ་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ནས་ཆོས་ཕྱོགས་ལ་དམ་བསྒྲགས་བྱེད་འགོ་བཙུགས་ཡོད།ལྷག་པར་དུ་༢༠༠༨ལོར་བོད་ས་ཡོངས་ལ་ས་བྱི་ལོའི་ཞི་རྒོལ་བྱུང་བ་དང་།༢༠༠༩ལོར་རྔ་བ་ཀིརྟི་དགོན་པའི་གྲྭ་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་འགོ་ཚུགས་རྗེས།བོད་རང་སྐྱོང་ལྗོངས་གཙོས་པའི་ཁམས་དང་ཨ་མདོའི་ས་ཆ་ཁྱོན་ཡོངས་ནས་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད།༢༠༡༡ལོ་ནས་བཟུང་དྲྭ་མི་ཅན་གྱི་དོ་དམ།དགོན་སྡེ་དང་གྲོང་གསེབ་བཅའ་སྡོད་ལས་བྱེད་བཏང་ནས་དགོན་པའི་ཆོས་ཕྱོགས་བྱེད་སྒོ་དང་གྲྭ་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་ཡོད།
བཞི། ཞི་ཅིང་ཕིང་དུས་སྐབས་ཀྱི་ཆོས་ལུགས་སྲིད་བྱུས།༢༠༡༢ནས་ད༌བར།
ཕྱི་ལོ་༢༠༡༢ལོ་ནས་བཟུང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཀྲུའུ་ཞིའམ་དམར་ཤོག་ཚོགས་པའི་ཧྲུའི་ཅིའམ་དྲུང་ཆེའི་ལས་གནས་བཟུང་པ་ནས་ད་བར་རྒྱ་ནག་ནང་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་གལ་ཆེ་ཤོས་བཞི་བཏོན་ཡོད།ཕྱི་ལོ་༢༠༡༤ལོར་འགྲེམས་སྤེལ་བྱས་པའི་《རྒྱལ་ཁབ་བདེ་འཇགས་དེབ་སྔོན་པོ་》དང་།ཕྱི་ལོ་༢༠༡༨སྤེལ་བའི་《ཆོས་ལུགས་ལས་དོན་སྲོལ་ཡིག》ད་དུང་༢༠༡༨ལོར་《རྒྱལ་ཁབ་ཀྱི་ཆོས་དད་རང་མོས་འགན་སྲུང་སྲིད་བྱུས་དང་ལག་བསྟར་》དང་།༢༠༢༢ལོར་《དྲྭ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་དོ་དམ་བྱ་ཐབས་》བཅས་སོ།།དེས་ཞི་ཅིན་ཕིང་ནས་རྒྱ་ནག་ནང་མིའི་འདུ་ཤེས་འཛིན་སྟངས་སམ་བསམ་བློ་གཏོང་ཕྱོགས།ད་དུང་མི་དམངས་ཀྱི་ཆོས་དད་རང་མོས་ཐོག་ཚོད་འཛིན་ནམ་དམ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད།དེ་ལྟར་བོད་ནང་ཆོས་ལུགས་དང་དགོན་སྡེའི་དོ་དམ་སོགས་འབྲེལ་བའི་ཡིག་ཆ་ཡང་ན་སྲོལ་ཡིག་བཅུ་གྲངས་ཤིག་བཏོན་ཡོད།བྱེད་སྟངས་དེ་ནི་ཁྲིམས་ལུགས་ཁ་ལ་ཁྱེར་ནས་དགོན་སྡེའི་དབང་ཆ་ཆ་ཚང་རྒྱ་ནག་གཞུང་གིས་བཟུང་ནས་བོད་ཀྱི་དགོན་སྡེ་ཏང་གི་སློབ་གྲྭ་ལྟ་བུར་འགྱུར་བཞིན་ཡོད།༢༠༡༨ལོའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་ཞིབ་བཤེར་གྲོས་མོལ་(十二届全国人大一次会议西藏代表团审议)སྐབས་སུ་ཞི་ཅིན་ཕིན་གྱིས་“རྒྱལ་ཁབ་སྐྱོང་བ་ལ་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་ཤིང་།མཐའ་མཚམས་སྐྱོང་བ་ལ་ཐོག་མར་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱ་དགོས་”( 治国必治边、治边先稳藏)ཞེས་བོད་ཐོག་སྐད་གྲགས་ཅན་གྱི་བསམ་བློའི་འཐབ་ཇུས་ཤིག་བཏོན་ཡོད།འཐབ་ཇུས་དེ་ནི་ཡོངས་གྲགས་རེད་ཀྱང་།ཚིག་གནད་དེའི་འོག་ཏུ་ཚིག་དུམ་གཉིས་ཡོད་པ་དེ་ཞི་ཅིན་ཕིན་གྱིས་ཁ་ནས་མངོན་གསལ་དུ་བརྗོད་མེད་མོད།འོན་ཀྱང་《ཀྲུང་གོའི་བོད་རིག་པ་》དང་།《སྤྱི་ཚོགས་ཚན་རིག་གླིང་》གཞན་རྒྱ་ནག་གི་ཁྲུང་ཆིན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་(重庆社会主义学院)འདོན་སྤེལ་བྱེད་བཞིན་པའི་《འཐབ་ཕྱོགས་གཅིག་གྱུར་རིག་པ་ཞིབ་འཇུག་》(《统一战线学研究》)ཟེར་བའི་དུས་དེབ་ཁག་ཏུ་མཚམས་རེར་མཐོང་རྒྱུ་འདུགདེ་ནི་“བོད་ལྗོངས་སྐྱོང་བ་ལ་ཐོག་མར་དགོན་པ་སྐྱོང་དགོས་པ་དང་།དགོན་པ་བརྟན་ལྷིང་ཡོང་བར་ཐོག་མར་གྲྭ་བཙུན་བརྟན་ལྷིང་ཡོང་བ་བྱ་དགོས་”(治藏先治寺、稳藏先稳僧)ཟེར་བ་དེ་ཡིན་ནོ།།
ད་དུང་རྒྱ་ནག་དམར་ཤོག་གིས་༧གོང་ས་མཆོག་གི་ཞལ་ནས་“བོད་ནང་སྤྲུལ་སྐུ་གཅིག་འཇུ་ཐུབ་ན་དགོན་པ་གཅིག་འཇུ་ཐུབ་པ་རེད།དགོན་པ་གཅིག་འཇུ་ཐུབ་ན་ས་གནས་གཅིག་འཇུ་ཐུབ་གི་རེད།”(控制一个活佛就等于控制了一个寺庙,控制了一个寺庙就等于控制了一片地区)ཁ་བྲལ་རིང་ལུགས་པས་དགོན་པ་དང་གྲྭ་བཙུན་ལ་བརྟེན་ནས་བོད་ནང་བརྟན་ལྷིང་མེད་པ་བཟོ་གི་འདུག་ཅེས་ངོས་འཛིན་དང་འཁྱོག་བཤད་བྱེད་ཀྱི་ཡོད།བྱས་ཙང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་ལ་ཧ་ཅང་གིས་སྡང་ཟུག་བྱེད་ཀྱི་ཡོད།དགོན་སྡེ་ཁག་ཁྱོན་ཡོངས་ལ་གུང་ཁྲན་ཏང་གིས་དོ་དམ་དང་ཏང་གི་བཀའ་བཞིན་བྱེད་དགོས་པ།དགོན་སྡེའི་སྲོལ་རྒྱུན་རིག་གཞུང་ཉམས་ཆག་དང་མི་དམངས་ཁྲོད་ཤུགས་རྐྱེན་མེད་པ་བཟོ་ཐབས་བྱེད་རྒྱུ་དེ་ཡིན།མི་དམངས་ཀྱི་སེམས་དེ་དགོན་སྡེ་དང་ཚོས་ལུགས་ནས་ཕར་གུང་ཁྲན་ཏང་ལ་འཁྲིད་རྩིས་བྱེད་ཀྱི་ཡོད།ཞི་ཅིན་ཕིང་གིས་ལག་བསྟར་བྱེད་བཞིན་པའི་ཆོས་ལུགས་སྲིད་བྱུས་དེས་༡༩༨༢ལོར་གཏན་འབེབས་བྱས་པའི་ཡིག་ཆ་ཨང་༡༩པར་རྡོག་རོལ་བཏང་སྟེ།རིག་གནས་གསར་བརྗེ་ཕྱིར་ལོག་བྱས་པ་ལྟར་ཆགས་ཡོད་པས།འདས་པའི་ལོ་བཅུའི་ནང་བོད་ནང་ཁྲིན་ཆོན་གོའི་སྐབས་ཀྱི་དྲག་གནོན་སྲིད་བྱུས་མུ་ཐུད་ལག་བསྟར་བྱས་ཡོད་ཅིང་།ཞི་ཅིན་ཕིན་གྱི་དུས་ཡུན་དང་པོའི་སྲིད་དབང་སྐབས་སུ་མིའི་འགྲོ་འདུག་སྤྱོད་གསུམ་ཐད་ཚོད་འཛིན་བྱས་པ་དང་།དུས་ཡུན་གཉིས་པའི་སྲིད་དབང་སྐབས་སུ་མིའི་འདུ་ཤེས་འཛིན་སྟངས་(意识形态)ཐད་ཚོད་འཛིན་བྱེད་རྒྱུ་གཙོར་བཟུང་ཡོད།བོད་ནང་གི་གཞི་རྩའི་ཆོས་ལུགས་སྲིད་བྱུས་ནི་ཁྲིན་ཆོན་གོའི་སྐབས་སུ་གཏན་འབེབས་བྱས་པའི་མཁྲེགས་འཛིན་སྲིད་བྱུས་འགྲོ་བཞིན་ཡོད་པ་དང་།ཞི་ཅིང་ཕིན་གྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བ་ཞིག་གསར་གཏོད་བྱས་ཡོད།གཤམ་གསལ་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་སྲིད་བྱུས་དེའི་ཐད་འགྲེལ་བརྗོད་ཞུ་རྒྱུ་ཡིན།
ལྔ།ཀྲུང་གོ་ཅན་ཟེར་བའི་འབྱུང་ཁུངས།
༡༩༣༨ལོར་མའོ་ཙེ་ཏུང་གིས་རྒྱ་ནག་སྐབས་དྲུག་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དུས་རིམ་གསར་པ་གླེང་བ་ཟེར་བའི་ཆབ་སྲིད་སྙན་ཐོའི་ནང་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བ་ཞིག་བཀོད་ཡོད།ཉེ་སྔོན་པེ་ཅིང་ནས་བསྐོང་འཚོགས་བྱས་པའི་ཏང་གི་ཚོགས་ཆེན་༢༠ཐོག་ཞི་ཅིན་ཕིང་ནས་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་བསྐྱར་བརྗོད་བྱས་ཡོད།ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་བརྗོད་སྟངས་ཐེངས་ཐོག་མ་དེ་༢༠༡༢ལོར་པེ་ཅིང་གཙུག་ལག་སློབ་ཆེན་ནང་ཡེ་ཤུའི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་མིང་དེ་བྱུང་ཡོད།
དྲུགཞི་ཅིན་ཕིན་གྱིས་ཆོས་ལུགས་ཀྲུང་གོ་ཅན་བསྒྱུར་བ།
༢༠༡༥ལོའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུའི་སྟེང་ཞི་ཅིན་ཕིང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཕྱོགས་ལ་འཁྲིད་དགོས་པ་དང་།ངེས་པར་དུ་རྒྱ་ནག་ཅན་ཕྱོགས་སུ་རྒྱུན་འཁྱོངས་བྱེད་དགོས།ཞེས་བཤད་ཡོད།དེ་ནི་ཞི་ཅིན་ཕིན་གྱིས་ཡོངས་གྲགས་ཕྱིར་བསྒྲགས་བྱས་པ་ཐོག་མ་དེ་ཆགས་ཡོད།དེ་ནས་༢༠༡༦ལོའི་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་སྟེང།ཞི་ཅིན་ཕིང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཕྱོགས་ལ་འཁྲིད་དགོས་པ༌དང་རང་རྒྱལ་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ནི་ལས་འགན་ཆེན་པོ་ཞིག་རེད།ཅེས་བཤད་ཡོད།༢༠༡༧ལོའི་རྒྱ་ནག་ཚོགས་ཆེན་བཅུ་དགུ་པའི་སྐབས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་(坚持我国宗教的中国化方向)ཟེར་བ་སྙན་ཐོའི་ནང་བཀོད་ཡོད།ཉེ་སྔོན་རྒྱ་ནག་རྒྱལ་ས་པེ་ཅིང་ནས་བསྐོང་འཚོགས་བྱས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཐོའི་ནང་དུ་ཡང་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་བྱུས་རྒྱུན་ཁྱོངས་བྱེད་དགོས་པ་བཀོད་ཡོད།བྱས་ཙང་ཞི་ཅིན་ཕིན་གྱིས་དུས་ཡུན་གསུམ་པའི་སྲིད་དབང་སྐབས་སུ་ཡང་སྲིད་བྱུས་དེ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད།
བདུན།བོད་ཀྱི་ནང་བསྟན་ཀྲུང་གོའམ་རྒྱ་ནག་ཅན་དུ་བསྒྱུར་བ།
དེང་སྐབས་རྒྱ་ནག་ནང་གནའ་བོའི་ཆོས་ལུགས་རུའུ་ལུགས་དང་ཏའོ་ལུགས།ནང་ཆོས།ད་དུང་ཡེ་ཤུས་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་ལྔ་ཡོད་ཅིང་།ནང་ཆོས་ཀྱི་ཁོངས་སུ་རྒྱ་ནག་གི་ནང་བསྟན་དང་བོད་ཀྱི་ནང་བསྟན་གཉིས་ཚུད་ཡོད།རྒྱ་ནག་གཞུང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་བྱུས་ལག་བསྟར་བྱེད་སྐབས་ཆོས་ལུགས་སོ་སོར་དམིགས་ནས་བྱེད་ཚུལ་དང་བྱེད་ཤུགས།ཡང་ན་སྲིད་བྱུས་དང་ལྟ་ཚུལ་མི་འདྲ་བ་རེ་འཛིན་གྱི་ཡོད།དེའི་ནང་ནས་བོད་ཀྱི་ནང་བསྟན་ལ་འཛིན་པའི་སྲིད་བྱུས་ནི་དེ་བས་དམིགས་གསལ་ཅན་ཞིག་ཡོད།༢༠༡༧ལོར་ཝུའུ་དབྱིན་ཅི་(吴英杰)ཡིས་བོད་ལྗོངས་ཆོས་ལུགས་ཚོགས་ཆེན་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པ་ཕྱིར་བསྒྲགས་བྱས་ཡོད།དེ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བ་ཡོངས་གྲགས་ཕྱིར་བསྒྲགས་བྱས་པ་ཐོག་མ་དེ་ཆགས་ཡོད།༢༠༢༠ཟླ་༨ཚེས་༢༨ནས་༢༩ཉིན་བར།རྒྱ་ནག་པེ་ཅིན་གྲོང་ཁྱེར་ནང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཞི་ཅིན་ཕིང་ནས་བོད་ཀྱི་ལས་དོན་སྒྲུབ་ཐབས་ཀྱི་ངེས་པར་བྱེད་དགོས་པའི་དོན་ཚན་བཅུ་ཞིག་བཏོན་ཡོད།དེའི་ནང་ངེས་པར་དགོས་པའི་དོན་ཚན་བདུན་པ་ནི་བོད༌ཀྱི༌ནང༌བསྟན་སྤྱི་ཚོགས༌རིང༌ལུགས་ཀྱི་སྤྱི་ཚོགས་དང༌མཐུན་དགོས།བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས།ཞེས་ནན་བརྗོད་བྱས་པ་དང་སྲིད་བྱུས་ཀྱི་འཆར་གཞིའི་ནང་བཀོད་ཡོད།
༢༠༢༢ལོར་བོད་ལྗོངས་ཆོས་ལུགས་ལས་དོན་ཚོགས་ཆེན་སྟེང་ཝང་ཅུན་ཀྲང་ནས་ཡང་བསྐྱར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པ་ནན་བརྗོད་བྱས་ཡོད།བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་དེ་གང་འདྲ་ཞིག་རེད་ཅེས་དྲི་བ་བཀོད་ཚེ།རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་འགྲེལ་བཤད་རྒྱག་ཁག་པོ་ཞིག་རེད།མདོར་ན་དེང་སྐབས་བོད་ནང་ལག་བསྟར་བྱེད་བཞིན་པའི་ཆོས་ལུགས་སྲིད་བྱུས་ནི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་གོ་ཡི་སྐབས་སུ་གཏན་འབེབས་བྱས་པའི་སྲིད་བྱུས་རྒྱུན་འཁྱོངས་ནས་འགྲོ་བཞིན་ཡོད་པ་ཞིག་རེད།འོན་ཀྱང་ཞི་ཅིན་ཕིང་ནས་མཁྲེགས་བཟུང་ཅན་གྱི་རྒྱ་མི་རིགས་རིང་ལུགས་ཅན་ཞིག་རེད།ཁོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་(实现中华民族伟大复兴)དང་།ད་དུང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ་(铸牢中华民族共同体意识)ཟེར་བའི་མིང་འོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་མཚུངས་བསྒྱུར་གྱི་སྲིད་བྱུས་དེའི་མེ་ཤུགས་ཆེ་རུ་བཏང་ཡོད།བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་དང།ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ།ད་དུང་རྒྱ་ནག་གི་སྤྱི་སྐད་ཁྱབ་སྤེལ་(推广国家通用语言)ཟེར་བའི་མི་རིགས་མཚུངས་སྒྱུར་གྱི་སྲིད་བྱུས་དེ་གསུམ་མཉམ་རུབ་ངང་ལག་བསྟར་བྱེད་བཞིན་ཡོད་ལ།དེ་གསུམ་ནི་ཁ་འབྲལ་མི་ཐུབ་པ་ཞིག་རེད།བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་ནི་བོད་མི་ཚོས་རང་ཉིད་ཀྲུང་ཧྭ་མི་རིགས་ཟེར་བའི་རྒྱ་མི་རིགས་ཀྱི་རིག་གཞུང་ལྡན་པའི་རྒྱ་ནག་གི་གྲུབ་ཆ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་པའི་མི་རིགས་རྩ་གཏོར་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད།རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་དེའི་ལག་བསྟར་བྱེད་སྟངས་ཁག་ཅིག་འགྲེལ་བརྗོད་ཞུ་རྒྱུ།
༡ བོད་ཀྱི་ནང་བསྟན་གྱི་འབྱུང་ཁུངས་འཁྱོག་བཤད་བྱས་པ།
རྒྱ་ནག་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཞི་ཅིན་ཕིང་ནས་བོད་ནི་གནའ་སྔ་མོ་ནས་མི་རིགས་གཞན་བར་འགྲོ་འོང་དང་བརྗེ་རེས།གཅིག་ཏུ་འདྲེས་པའི་ལོ་རྒྱུས་དོན་ངོ་མ་སྔོག་པ་དང་ལེགས་བསྒྲིགས།དྲིལ་བསྒྲགས་བྱས་ནས།མི་རིགས་ཁག་གི་མི་དམངས་ཚོས་མི་རིགས་ཀྱི་མཆེད་ཕྱོགས་དང་མ་འོངས་ཤེས་རྟོགས་ཡོང་བར་སྐུལ་འདེད་དང།ཀྲུང་ཧྭ་མི་རིགས་ནི་བདེ་སྡུག་གཅིག་མཐུན་ཡིན་པ།མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས།གཅིག་ཏུ་འདྲེས་པའི་ངོས་འཛིན་གཏིང་ཟབ་དགོས་པ།བོད༌བརྒྱུད་ནང༌བསྟན་སྤྱི་ཚོགས༌རིང༌ལུགས་ཀྱི་སྤྱི་ཚོགས་དང༌མཐུན་དགོས།བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་དགོས།ཞེས་ནན་བརྗོད་བྱས་ཡོད།དེར་བརྟེན་རྒྱ་ནག་ནང་བོད་ཀྱི་གནའ་རྫས་རིག་པ་ནས་བཟུང་གནའ་རྫས་སྔོག་འདོན་དང་དཔྱད་པ་མ་བྱས་གོང་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྒྲུབ་བྱེད་འདོན་དགོས།བོད་ཀྱི་ནང་བསྟན་གྱི་འབྱུང་ཁུངས་སྐོར་འཁྱོག་བརྗོད་དང་ལོ་རྒྱུས་རྫུན་མ་བཟོ་བའི་ལས་གཞི་ཆེན་པོ་ཞིག་སྤེལ་དང་སྤེལ་བཞིན་པ་རེད།དེའི་ཁྲོད་བོད་ཀྱི་ནང་བསྟན་གྱི་འབྱུང་ཁུངས་ལོ་རྒྱུས་འཁྱོག་བཤད་བྱས་པ་ལ་རྒྱ་གཞུང་གིས་བཤད་པར།བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ནི་ད་ལྟ་ཙམ་མིན་པར་ལོ་རྒྱུས་ཐོག་མི་ཉག་དུས་སུ་བྱུང་བ་དང་།སོག་པོ་ཡོན་གྱི་དུས་སུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་འགོ་བཙུགས་པ།བོད་ཀྱི་ནང་བསྟན་ཀྱི་འབྱུང་ཁུངས་ནི་རྒྱ་ནག་དང་བལ་ཡུལ།བྷང་ལ་དེཤ་སོགས་ཡིན་པ་ལས་རྒྱ་གར་མིན་པ།བཙན་པོའི་སྐབས་ཀྱི་བོད་ཀྱི་ནང་བསྟན་ནི་ནང་བསྟན་ཙམ་ཡིན་པ་ལས་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ཚང་མེད་པ་དང་།བསྟན་པ་ཕྱི་དར་རྗེས་སུ་བོད་བརྒྱུད་ནང་བསྟན་ཅན་དུ་འགྱུར་ཡོད་པ།ད་ལྟའི་སྐབས་གུང་ཁྲན་ཏང་གི་སྲིད་བྱུས་བཟང་པོའི་འོག་བོད་བརྒྱུད་ནང་བསྟན་ནི་བསྟན་པ་ཡང་དར་བཞིན་འཕེལ་རྒྱས་བྱུང་ཡོད་པ་འཁྱོག་བརྗོད་བྱེད་བཞིན་ཡོད།
འོ་ན་བོད་ཀྱི་ནང་བསྟན་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ན་ག་རེ་བྱས་ནས་རྒྱ་ནག་ཅན་དུ་བསྒྱུར་དགོས་སམ།རྒྱ་ནག་གཞུང་གིས་དྲི་བ་དེར་བོད་ཀྱི་ནང་བསྟན་ལོ་རྒྱུས་འཕེལ་རིམ་ཁྲོད་ཆོས་སྲིད་ཟུང་འབྲེལ་སོགས་ཀྱི་ཤུགས་རྐྱེན་ངན་པ་ལྷག་ཡོད་ཕྱིར།བོད་ཀྱི་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་སྲིད་བྱུས་དང་མཐུན་པའི་ལེགས་པའི་ཕྱོགས་ལ་བསྒྱུར་དགོས་ཞེས་འཁྱོག་བརྗོད་བྱེད་བཞིན་འདུགརྒྱ་ནག་གཞུང་ངོས་ནས་བཤད་ན།བོད་ཀྱི་ནང་བསྟན་སྲིད་བྱུས་ནི་ཆོས་ལུགས་སྲིད་བྱུས་ཙམ་མིན་པར་ཐབས་བྱུས་སྲིད་བྱུས་ཤིག་ཀྱང་ཡིན།ལོ་རྒྱུས་ཁྲོད་བོད་དང་རྒྱ་གར་བར་རིག་གཞུང་ཐད་འབྲེལ་བ་ཤུགས་ཆེན་ཡོད།བོད་མི་ཚོས་རྒྱ་གར་ལ་འཕགས་པའི་ཡུལ།སངས་རྒྱས་ཆོས་དར་ས་ཞེས་ལྟ་སྟངས་ཧ་ཅང་གི་ལེགས་པོ་ཡོད།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་ནས་ཀྱང་།བོད་པ་ནི་རྒྱ་གར་གྱི་སློབ་ཕྲུག་དང་དཔལ་ནཱ་ལེན་དྲའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བརྒྱུད་འཛིན་བྱས་ཡོད་ཅེས་ལན་མང་བཀའ་སློབ་གནང་ཡོད།བཀའ་སློབ་དང་བོད་མིའི་ལྟ་ཚུལ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཕོགས་པ་དང་སུན་སྣང་སྤྲད་ཡོད།རྒྱ་གཞུང་ངོས་ནས་བཤད་ན་དེས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་བསྐྲུན་པ་ཟེར་བའི་བོད་མི་རྣམས་རྒྱ་མིར་བཟོ་བའི་མི་རིགས་མཚུངས་བསྒྱུར་སྲིད་བྱུས་ལ་འགོག་རྐྱེན་བཟོ་ཡི་ཡོད་པ་མཐོང་ནས།བོད་ཀྱི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་འཁྱོག་བརྗོད་དང།བོད་ཀྱི་ནང་བསྟན་གྱི་འབྱུང་ཁུངས་རྒྱ་ནག་ཡིན་པ་རྫུན་བཟོ་བྱས་ནས་བོད་མི་ཚོས་རྒྱ་ནག་ལ་དགའ་ཞེན་ཡོངས་ཐབས་བྱེད་ཀྱི་ཡོད།
༢ གུང་ཁྲན་ཏང་ཡོན་གྱིས་ཆོས་བྱེད་མི་ཆོག་པའི་མིང་ཐོག་ནས་ཆོས་དད་རང་མོས་དམ་བསྒྲགས།
༢༠༢༡ལོའི་ནང་གཏན་འབེབས་བྱས་པའི་《བོད་རང་སྐྱོང་ལྗོངས་གུང་ཁྲན་ཏང་ཡོན་གྱིས་ཆོས་བྱེད་མི་ཆོག་པའི་བྱ་སྤྱོད་ཚད་གཞིའི་ཚོད་ལྟ་》ཟེར་བའི་སྒྲིག་གཞི་དེས་བོད་མི་གུང་ཁྲན་ཏང་ཡོན་མི་སྒེར་ཙམ་མིན་པར་ནང་མི་ཚང་མས་ཆོས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད།བྱེད་ཐབས་དེ་ནི་ཁྲིན་ཆོན་གོའི་དུས་སུ་གཞུང་ཞབས་པས་ཆོས་ལ་དད་མོས་བྱས་མི་ཆོག་ཟེར་བའི་བྱེད་ཐབས་དང་གཅིག་མཚུངས་ཤིག་རེད།ད་ལྟའི་སྐབས་བོད་ནང་གུང་ཁྲན་ཏང་ཡོན་མི་གྲངས་ཁྲི་༤༣ཙམ་ཡོད།གྲངས་ཐོ་དེ་ནི་རྒྱ་ནག་གི་ཞིང་ཆེན་ཆེ་གྲས་གཞན་གྱི་ལྡབ་གྲངས་གསུམ་ཙམ་ཡིན།ད་དུང་གཞུང་ཞབས་པ་ཁྲི་༢༠ལྷག་ཡོད།དེས་བོད་
མི་བཅུ་ལས་ཉུང་བའི་ནང་གུང་ཁྲན་ཏང་ཡོན་གཅིག་ཡོད་པ་དང་ཕལ་ཆེར་ཁྱིམ་ཚང་གཅིག་ནང་གཞུང་ཞབས་པའམ་ཡང་ན་གུང་ཁྲན་ཏང་ཡོན་གཅིག་ཡོད་པ་མངོན་གསལ་རེད།དེའི་ཕྱིར་བྱེད་ཐབས་དེས་ཐ་ན་བོད་མི་དཀྱུས་མའི་ནང་དུ་ཡང་ཆོས་དད་རང་མོས་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཤེས་ཐུབ།ལྷག་པར་དུ་བོད་ཀྱི་བྱིས་པ་ཚོར་ཁྱིམ་ཚང་ནང་དུ་བོད་ཀྱི་ཆོས་ལུགས་དང་སྲོལ་རྒྱུན་གོམས་སྲོལ་གྱི་ཞག་རྩི་ཙམ་ཡང་མེད་པ་གཏོང་ཐབས་བྱེད་ཀྱི་ཡོད་པ་ཞིག་ཆགས་ཡོད།བྱེད་ཐབས་དེ་དང་བོད་ནང་༢༠༡༦ལོ་ནས་ལག་བསྟར་བྱེད་བཞིན་པའི་སྔོན་འགྲོའི་སློབ་གྲྭ་དང་དེང་སྐབས་ཀྱི་བཅའ་སྡོད་སློབ་གྲྭ་ཟེར་བའི་བོད་ཀྱི་བྱིས་པ་ཚོ་རྒྱ་མིར་བསྒྱུར་བའི་སྲིད་བྱུས་མཉམ་རུབ་ཀྱིས་བོད་ཀྱི་བྱིས་པ་ཚོ་བོད་ཀྱི་ཆོས་དང་གཞུང་དབར་བར་ཐག་རིང་པོ་དང་རྒྱ་ནག་གི་རིག་གཞུང་ཁོ་ན་སློབ་སྦྱོང་སྤྲད་ནས་རྒྱ་བསྒྱུར་སྲིད་བྱུས་ཀྱི་མེ་ཤུགས་ཆེ་རུ་བཏང་ཡོད།ད་དུང་ཆོས་དང་གོམས་སྲོལ་དབྱེ་དགོས་ཟེར་བའི་མིང་འོག་བོད་པའི་ཁྱིམ་ཚང་གི་གོམས་སྲོལ་རྩ་མེད་བཟོས་ཡོད།
༣ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་བདག་དབང་རྒྱ་གཞུང་ལ་ཡོད་པ་འཁྱོག་བརྗོད།
འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད༌ནང༌རང་བཞིན་གསུམ་དང་ཞྭ་མོ་ལྔ་ཞེས༌པའི་མིང་འོག༌ཏུ།༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད།ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས།དེའི་ནང་ལྷག་པར་དུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་ཟེར་བ་ཞིག་གསལ་པོ་བཏོན་ཡོད།དེ་ནི་༸གོང་ས་མཆོག་གི་ཤུགས་རྐྱེན་དང་བོད་མི་ཚོས་༸གོང་ས་མཆོག་ལ་དད་པ་མེད་པ་བཟོ་བ་ཞིག་རེད།དེ་མཚུངས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་པ་དེ་རྒྱ་ནག་གཞུང་གི་བོད་ཀྱི་ཆོས་ལུགས་སྲིད་བྱུས་ནང་གི་ལས་དོན་གལ་ཆེ་ཤོས་ཤིག་རེད།
རྒྱ་ནག་གཞུང་ནས་སྤྲུལ་སྐུའི་ལམ་ལུགས་ཀྱི་འགྲེམས་སྟོན་ཁང་གསར་འཛུགས་དང་བོད་ས་ཡོངས་སུ་ཡང་སྲིད་སྐོར་གྱི་ཚོགས་འདུ་འཚོགས་པ།ལྷག་པར་དུ་རྒྱ་ནག་གཞུང་ནས་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གསེར་བུམ་དཀྲུག་པ་དེ་དབང་གྲགས་ཅན་ཡིན་པ་དང་།ཡང་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་པའི་སྐོར་འཁྱོག་བཤད་ཤུགས་ཆེན་བྱེད་བཞིན་ཡོད།ད་དུང་རྒྱ་ནག་གཞུང་ནས་ལོ་རྒྱུས་ཐོག་གུང་ཁྲན་ཏང་དང་འབྲེལ་བ་ཆེ་བའི་བོད་ཀྱི་བླ་ཆེན་པཎ་ཆེན་སྐུ་ཕྲེང་དགུ་པ་དང་།༸ཀུན་གཟིགས་བཅུ་པ་ཆེན་མོ།རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།དགེ་སྟག་བླ་མ་སོགས་དཔེ་མཚོན་དུ་དྲངས་ནས་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན་བྱེད་པ་ནི་གྲྭ་བཙུན་གྱི་གཞི་རྩའི་སྡོམ་པ་ཡིན་པར་ངོས་འཛིན་བྱེད་དགོས།དགོན་སྡེ་དང་གྲྭ་བཙུན་ཚོས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་དང་བོད་མིའི་ཁྲོད་སྐུལ་འདེད་བྱེད་དགོས་ཞེས་བོད་ཀྱི་གྲྭ་བཙུན་བེད་སྤྱོད་ལོག་པ་བཏང་ནས་མི་དམངས་ཁྲོད་སྐུའི་ཡང་སྲིད་སྐོར་ལ་ཀླད་པ་བཀྲུ་བའི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད།དེ་ནི་བོད་མི་བེད་སྤྱོད་བྱས་ནས་བོད་མི་དམངས་ཀྱི་ཀླད་པ་བཀྲུ་བའི་སྲིད་བྱུས་ངན་པ་ཞིག་རེད།
༤ བོད་ཀྱི་ནང་བསྟན་བསླབ་གཞི་རྒྱ་ཡིག་ཐོག་ཁྲིད་ནས་བོད་ཀྱི་སྐད་ཡིག་རྩ་གཏོར་སྲིད་བྱུས།
རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེའི་ནང་རྒྱ་སྐད་སློབ་དགོས་པའི་བཙན་བཀའ་བཏང་བ་དེ་གནས་ཚུལ་གསར་པ་གང་ཡང་མིན།དེར་མ་ཟད་ལོ་སྔོན་མའི་ཕྱི་ཟླ་༡༠ཙམ་ནས་རྒྱ་གཞུང་གིས་བོད་ཀྱི་ནང་བསྟན་གྱི་བསླབ་གཞི་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་པའི་སློབ་དེབ་བཟོས་ནས།ཨ་མདོ་མཚོ་སྔོན་ནས་འགོ་བཙུགས་ཏེ་དགོན་སྡེའི་ནང་ནང་བསྟན་བསླབ་གཞི་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་འགོ་བཙུགས་ཡོད།དེ་ནི་རྒྱ་ནག་གིས་བོད་ནང་མི་རིགས་མཚུངས་སྒྱུར་བྱེད་པའི་སྲིད་བྱུས་དེ་རིམ་པ་འཕར་བ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་སྟེ།དེ་ནི་མི་རིགས་མཚུངས་སྒྱུར་གྱིས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་ཉར་ཚགས་དང་དར་སྤེལ་བྱེད་སའི་དགོན་སྡེ་ཚོར་ཐད་དཀར་མེ་མདའ་བརྒྱབ་པ་དང་གཅིག་མཚུངས་རེད།ད་ལྟའི་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོག་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན།རྒྱ་ནག་གིས་སྤྱི་སྐད་དར་སྤེལ་གཏོང་བའི་མིང་འོག་ཏུ་བོད་ནང་དང་།ལྷག་པར་དུ་ལྷ་ས་དང་ཉིང་ཁྲི་སོགས་གྲོང་ཁྱེར་ཁག་ནང་ལོ་༡༥འོག་གི་ན་གཞོན་བྱིས་པ་ཚོས་བོད་སྐད་གཙང་མ་བཤད་ཐུབ་ཀྱི་མེད་པ་ཆགས་ཡོད།ད་ལྟ་བོད་ཀྱི་དགོན་སྡེའི་ནང་ནང་བསྟན་བསླབ་གཞི་རྒྱ་ཡིག་ཐོག་སློབ་ཁྲིད་བྱས་པ་དེས་མ་འོངས་བོད་ཀྱི་སྐད་ཡིག་གི་གནས་བབ་དང་བོད་ཀྱི་དགོན་སྡེའི་ཆོས་དད་རང་དབང་ཇེ་སྡུག་འགྲོ་ངེས་རེད།༢༠༡༣ལོར་བོད་ཀྱི་ནང་བསྟན་བཅོས་འཆད་འགྲེལ་གསར་པ་ཟེར་བའི་ཚོགས་འདུ་ཐོག་མ་དེ་འཚོགས་ཡོད།དེ་ནས་ད་བར་བསྟུད་མར་ཐེངས་མང་འཚོགས་ཡོད།དེས་ནང་བསྟན་གྱི་བསྟན་བཅོས་རྒྱ་ནག་སྲིད་དབང་དགོས་མཁོ་བཞིན་འཁྱོག་བརྗོད་བྱས་ཡོད།
༥ ནང་ཆོས་ཀྱི་བདག་དབང་རྒྱ་ནག་གཞུང་ནས་གཙོ་ཁྲིད་བྱེད་པ།
རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་གི་ཀྲོའི་ཤིན་ཕིང་ནས་ནང་ཆོས་ནི་རྒྱ་ནག་རིག་གཞུང་གི་གདེང་སྤོབས་རེད།རྒྱ་ནག་རིག་གཞུང་དང་ནང་ཆོས་རིག་གཞུང་ཟུང་འབྲེལ་བྱས་ནས་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་ཡིན་ཞེས་བཤད་ཡོད།ཞི་ཅིན་ཕིང་ངོས་ནས་ཀྱང་ནང་ཆོས་དེ་རྒྱ་ནག་ལ་གལ་ཆེན་པོ་ཡིན་པའི་སྐོར་ཐེངས་མང་བརྗོད་ཡོད།རྒྱ་ནག་གིས་ཁུང་ཙི་སློབ་གླིང་(Confucius Institute,孔子学院)ཕྱི་བསྒྲགས་ལས་གཞི་ཕམ་ཉེས་ཤོར་རྗེས།ད་ལྟའི་སྐབས་ནང་ཆོས་བེད་སྤྱོད་བྱས་ནས་ཕྱི་བསྒྲགས་སྲིད་བྱུས་གསར་པ་ཞིག་འགོ་རྩོམ་བཞིན་ཡོད།བྱེད་སྟངས་དེར་ང་ཚོས་ངེས་པར་དོ་སྣང་བྱ་དགོས།བོད་ཀྱི་དགོན་སྡེའི་ནང་རྒྱ་སྐད་སློབ་དགོས་པའི་བཙན་བཀའ་བཏང་བ།བོད་ཀྱི་ནང་བསྟན་གྱི་སློབ་གཞི་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་པ།ཧིན་བོད་ནང་བསྟན་(Indo-Tibetan Buddhsim) ནས་རྒྱ་བོད་ནང་བསྟན་(Sino-Tibetan Buddhsim) ཕྱོགས་སུ་ཁ་ལོ་བསྒྱུར་ནས་བོད་ཀྱི་ནང་བསྟན་དང་རིག་གཞུང་ནང་རྒྱ་གར་གྱི་ཤུགས་རྐྱེན་མེད་པ་བཟོ་བ།རྒྱ་བོད་ནང་བསྟན་དང་འཇིག་རྟེན་ནང་བསྟན་(人间佛教)མིང་འོག་ཏུ་བོད་ཀྱི་ནང་བསྟན་གྱི་འབྱུང་ཁུངས་འཁྱོག་བཤད་དང་བོད་ཀྱི་ནང་བསྟན་རྒྱ་ནག་གི་རིག་གཞུང་ནང་བཅུག་པ།ལྷག་པར་བོད་ཀྱི་ནང་བསྟན་རྒྱ་ནག་ནང་དར་སྤེལ་བྱེད་པར་བཀག་སྡོམ་ཤུགས་ཆེན་པོ་བྱེད་པ་དང།བོད་ཀྱི་ནང་བསྟན་གྱི་མཆོད་རྟེན་སོགས་ཀྱི་ཕྱི་གཟུགས་བོད་ཀྱི་རིག་གཞུང་ཀྱི་མཚོན་རྟགས་མེད་པ་བཟོ་བ།ཕྱོགས་གང་ཅིའི་ཐད་ནས་བོད་ཀྱི་ནང་བསྟན་གྱི་ཤུགས་རྐྱེན་མེད་པ་བཟོ་ཐབས་བྱེད་པའི་སྲིད་བྱུས་ཤིག་རེད་དོ།།