ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་མཐའ་མཚམས་སུ་སྔར་རྒྱ་གར་ནག་གི་རྩོད་རྙོག་བྱུང་བའི་རྒྱབ་ལྗོངས་ལ་དཔྱད་ཞིབ་བགྱིས་ཏེ།བོད་དང་རྒྱ་ནག་གི་ས་མཚམས་སུ་ཤར་ནུབ་བར་གསུམ་བྱས་པའི་མཐའ་མཚམས་ཀྱི་ས་ཐིག་ལ་རྩོད་གཞི་བྱུང་ཚུལ་དང་ས་མཚམས་དང་འབྲེལ་ནས་དམག་འཁྲུག་བྱུང་ཚུལ་སྐོར་གླེང་ཡོད།
བརྡ་ཆད་གཙོ་བོ། ས་མཚམས།ས་ཐིགརྩོད་གཞི།བོད།
༄༅།།འཛམ་གླིང་ཐོག་སྐམ་སའི་ས་མཚམས་རིང་ཤོས་ཀྱི་རྒྱལ་ཁབ་ནི་ཁེ་ན་ཌ་དང་ཨ་རི་ཡིན་ཞིང་།སྤྱིའི་རིང་ཚད་ཀི་ལོ་མི་ཊར་༨༨༩༣ཡོད་པ་དང་།ཨང་གཉིས་པ་ནི་ཨུ་རུ་སུ་དང་ཧ་སག་སི་ཐན་གཉིས་ཡིན་ལ།སྤྱིའི་རིང་ཚད་ལ་ཀི་ལོ་མི་ཊར་༦༨༤༦ཡོད།འོན་ཀྱང་བོད་དང་རྒྱ་གར་བར་གྱི་ས་མཚམས་ཀྱི་རིང་ཚད་ལ་ཀི་ལོ་མི་ཊར་༣༣༨༠ཡོད་ཅིང་དེ་ནི་འཛམ་གླིང་གི་སྐམ་སའི་ས་མཚམས་རིང་ཤོས་ཀྱི་རྒྱལ་ཁབ་ཨང་དགུ་པ་ཆགས་ཡོད།ད་ལྟ་བོད་དང་རྒྱ་ནག་གི་ས་མཚམས་སུ་ཤར་དང་།ནུབ།བར་གསུམ་དུ་བྱས་ནས་མཐའ་མཚམས་ཀྱི་ས་ཐིག་ལ་རྩོད་གཞི་ལྷག་བསྡད་ཡོད།གཤམ་དུ་རྩོད་གཞི་ཅན་གྱི་ས་ཐིག་ཁག་གསུམ་ཡོད་པ་དེའི་བྱུང་ཚུལ་དང་།རྒྱ་དཀར་ནག་བར་༡༩༦༢ལོར་བྱུང་བའི་དམག་འཁྲུག་གཙོ་བྱས་པའི་མཐའ་མཚམས་རྩོད་གཞིའི་སྐོར་ཞུ་རྒྱུ་ཡིན།
གཅིག༡༩༦༢ལོའི་བོད་ཀྱི་མཐའ་མཚམས་སུ་རྒྱ་དཀར་ནག་བར་གྱི་དམག་འཁྲུག་དེའི་འབྱུང་རྐྱེན།
ཐོག་མར་ང་ཚོས་ཤར་ནུབ་བར་གསུམ་གྱི་ས་ཐིག་དེ་དག་ཇི་ལྟར་ཡོང་བ་ཡིན་མིན་ཤེས་དགོས།ནུབ་ཐིག་ནི་༡༨༦༥ལོར་རྒྱ་གར་ཨིན་ཇིའི་གཞུང་གི་ཐིག་ལེན་རིས་འབྲི་(测绘)བྱེད་མཁན་ཝེ་ལན་གཡོ་ཧན་ཤུན་ཟེར་བའི་མི་ཞིག་གིས་སྲིད་གཞུང་གི་དགོངས་དོན་ལྟར།ཨུ་རུ་སུ་ཡིས་ཨེ་ཤི་ཡ་དབུས་མའི་ས་ཁུལ་ལ་སྟོབས་ཤུགས་སྤེལ་པ་འགོག་ཆེད།ཁ་ལ་ཁུ་ནུ་རི་བོའི་མཚམས་ནས་བོད་དང་རྒྱ་གར་གྱི་མཐའ་མཚམས་དེ་བྱང་དུ་ཁུ་ནུ་རི་རྒྱུད་དུ་བསྣུར་ཏེ་འཐེན་པའི་ས་ཐིག་ཅིག་རེད།འདིར་“གཡོ་ཧན་ཤུན་ས་ཐིག་”ཅེས་བརྗོད་ཀྱི་ཡོད།[1]དེ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་སྐབས་ཡིན་ཞིང་།སྐབས་དེར་བོད་གཞུང་གིས་གཡོ་ཧན་ཤུན་གྱིས་ག་རེ་བྱས་ཡོད་པ་གཏན་ནས་ཤེས་ཀྱི་མེད་ལ་རྒོལ་གཏམ་གཏོང་རྒྱུ་ནི་དེ་ལས་ཀྱང་སྨོས་ཅི་དགོས།ལོ་རྒྱུས་ཐོག་ས་ཁུལ་དེ་དག་ནི་བོད་ཀྱི་ཡིན་ཞིང་།དེ་ནི་རྩོད་པ་མི་དགོས་པའི་དོན་དངོས་ཤིག་ཡིན།འོན་ཀྱང་རྒྱ་གར་ཨིན་ཇིའི་སྲིད་གཞུང་གིས་བོད་ཕྱོགས་ནས་ས་ཐིག་དེའི་ཐོག་ལ་ཚོར་བ་ཅི་ཡང་མེད་པས།ཁ་མ་གྲགས་པར་ཁོག་ནས་ཁས་ལེན་བྱས་པར་བརྩིས་ཏེ་ཀཤྨཱིར་གྱི་ཆ་ཤས་ཤིག་ལ་སྦྱར་བ་རེད།ཤར་རྒྱུད་དང་བར་རྒྱུད་ཀྱི་མཐའ་མཚམས་ས་ཐིག་དེ་ནི་༡༩༡༤ལོར་རྒྱ་གར་ཨིན་ཇིའི་སྲིད་གཞུང་གི་དཔོན་རིགས་ཧེན་རི་མག་མ་ཧན་གྱིས་ས་དབྱིབས་འཕེལ་ཕྱོགས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ས་མཚམས་ཤིག་ཡིན་ཞིང་།དེར་“མག་མ་ཧན་ས་ཐིག་”ཅེས་བརྗོད་ཀྱི་ཡོད།དེ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐབས་ཡིན།ས་མཚམས་རྩོད་གཞི་ས་ཁུལ་གྱི་རྒྱ་ཁྱོན་ལ་ཤར་ཐིག་ས་ཁུལ་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ཁྲི་༩ལྷག་དང་།ནུབ་ཐིག་ལ་ཀི་ལོ་མི་ཊར་གྲུ་བཞི་མ་༣༠༠༠༠ཙམ་ཡོད་པ་རེད།ཕྱིས་སུ་༡༩༤༧ལོར་རྒྱ་གར་རང་བཙན་ཐོབ་པ་དང་ཨིན་ཇིའི་མི་སེར་སྤེལ་བའི་སྲིད་དབང་གི་ཤུལ་བཞག་རྣམས་ཁྱོན་ཡོངས་ནས་རྒྱུན་འཛིན་བྱས་ནས།ཁྱོན་བསྡོམས་ཀི་ལོ་མི་ཊར་གྲུ་བཞི་མ་༡༢༠༠༠༠ཡི་ས་ཆ་བདག་བཟུང་བྱས།དེ་ནི་ཐའེ་ཝན་གྱི་ལྡབ་གསུམ་དང་ཕྱེད་ཀ་ཙམ་ཆགས་ཡོད།[2]དུས་མཚུངས་སུ་ད་ལྟའི་རྒྱ་དཀར་ནག་གི་མཐའ་མཚམས་ལ་རྩོད་གཞིའི་ས་བོན་བཞག་པ་རེད།
རྒྱ་དཀར་ནག་གཉིས་ཀྱིས་༡༩༤༠ལོ་མཇུག་ཏུ་སྲིད་དབང་གསར་འཛུགས་བྱས་རྗེས་ཐོག་མའི་དུས་སུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཧ་ཅང་མཛའ་མཐུན་བྱུང་ཡོད།སྐབས་དེར་རྒྱ་གར་གྱི་དབུ་བཞུགས་བློན་ཆེན་དང་པོ་ནེཧ་རཱུ་ཡིས་དམངས་གཙོའི་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དར་ཆ་མཐོན་པོ་བསྒྲེངས་ཡོད་མོད།འོན་ཀྱང་ཁོང་གི་བསམ་བློ་མང་པོ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོན་མདངས་ཡོད་ལ།ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་བསམ་བློས་མིའི་རིགས་ལ་གནོད་འཚེ་བཟོ་མི་སྲིད་སྙམ་པ་དང་།ཁོང་གི་མཐོང་སྣང་དུ་འཛམ་གླིང་ཡོངས་ཀྱི་དམངས་གཙོ་རྒྱལ་ཁབ་དང་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་བཅས་དཔུང་ཁག་ཆེན་པོ་འདི་གཉིས་ཁ་གཏད་དུ་ལངས་ཡོད་པ་དེ་ནི་དོན་དངོས་ཐོག་གལ་ཆེན་པོ་ཞིག་མ་རེད་བསམ་བསྡད་ཡོད།དེར་བརྟེན་ཁོང་གིས་རྒྱལ་སྤྱིའི་ཐོག་“མནའ་འབྲེལ་མི་བྱེད་པའི་ལས་འགུལ་”ཞིག་སྤེལ་ཞིང་།ཁོང་ནི་ལས་འགུལ་དེའི་འགོ་ཁྲིད་པ་རེད།[3]༡༩༤༩ལོར་རྒྱ་ནག་སྲིད་དབང་བཙུགས་རྗེས་ནེཧ་རཱུ་ཡིས་འགོ་ཁྲིད་པའི་རྒྱ་གར་གཞུང་ནི་རྒྱ་ནག་སྲིད་གཞུང་ཁས་ལེན་བྱེད་མཁན་རྒྱལ་ཁབ་དང་པོའི་གྲས་རེད།བྱང་ཁོ་རི་ཡའི་དམག་འཁྲུག་མཇུག་བསྒྲིལ་བ་དང་།འཛམ་གླིང་དང་རྒྱ་ནག་གི་བར་སྔར་བྱུང་མ་མྱོང་བའི་འགལ་ཟླ་ལྷག་ཡོད་མོད།འོན་ཀྱང་སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེཧ་རཱུ་ཡིས་ཀྲོའུ་ཨེན་ལའེ་དང་མཉམ་དུ་“ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་”ཞེས་པ་བཏོན་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་རྒྱ་ནག་ལ་བར་གསེང་ཞིག་སྤྲད་ཅིང་།བཙུགས་མ་ཐག་པའི་རྒྱ་ནག་རྒྱལ་ཁབ་ལ་ཁེ་ཕན་ཆེན་པོ་གནང་བ་རེད།ད་དུང་ཧང་སང་དགོས་པ་ཞིག་ལ།༡༩༥༠ལོར་ཨ་རི་ཡིས་རྒྱ་གར་གཞུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་ཁོངས་སུ་གདན་འདྲེན་ཞུས་ཀྱང་ནེཧ་རཱུ་ཡིས་དང་ལེན་མ་བྱས་པ་རེད།[4]དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་༡༩༥༤ལོར་ནེཧ་རཱུ་གདན་འདྲེན་བྱས་ནས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་རེད།སྐབས་དེར་མའོ་ཙེ་ཏུང་གིས་ཆེད་མངགས་པེ་ཅིན་གྲོང་ཁྱེར་གྱི་གྲོང་མི་ས་ཡ་གཅིག་ལྷག་ཙམ་སྲང་ལ་བསྐྱོད་ནས་ཁོང་ལ་དགའ་བསུ་ཞུ་བའི་བཀོད་སྒྲིག་གནང་།འདིས་ཀྱང་ནེ་རའོ་ལ་སེམས་འགུལ་ཆེན་པོ་ཐེབས་པ་རེད།
༡༩༥༠ལོའི་ཟླ་༡༠པར་རྒྱ་ནག་གི་བཅིངས་འགྲོལ་དམག་གིས་ཆབ་མདོ་བཙན་བཟུང་བྱས་པར་བརྟེན།རྒྱ་གར་སྲིད་གཞུང་དང་གྲོས་ཚོགས་ནང་“བོད་ཀྱི་གནད་དོན་”ཞེས་པར་དམིགས་ནས་རྩོད་གླེང་དྲག་པོ་བྱས།ལ་ལས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་གྲོས་འགོ་བཏོན་པ་དང་།རྒྱ་གར་སྲིད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་བཟོ་བཅོས་རྒྱག་དགོས་པ་མ་ཟད།ཐ་ན་དྲག་ཤུགས་ལ་བརྟེན་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་ཐེ་ཇུས་བྱ་རྒྱུའི་གྲོས་བསྡུར་ཡང་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།རྒྱ་གར་སྲིད་གཞུང་ནང་ནེཧ་རཱུ་ཡིས་“བོད་ཀྱི་གནད་དོན་”ཐད་ཞི་འཇམ་གྱི་ལྟ་བ་བཟུང་བ་ལ་ངོ་རྒོལ་བྱེད་མཁན་མི་སྣ་གཙོ་བོ་རྒྱ་གར་གྱི་སྲིད་འཛིན་སྐབས་དང་པོ་རཱ་ཇེནྡྲ་པྲ་སཱད་(Rajendra Prasad)དང་ནང་སྲིད་བློན་ཆེན་སར་དཱར་བལླ་བྷ་བྷཱཨཱི་པ་ཊེལ་བཅས་(SardarVallabhaihai Patel)ཡིན་ཞིང་།ཁོ་ཚོས་བོད་འདི་ཉིད་རྒྱ་གར་ནག་བར་གྱི་“བར་ཆོད་རྒྱལ་ཁབ་”ཅིག་ཏུ་འགྱུར་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ།ཕ་ཐེར་གྱིས་རྒྱ་གར་སྲིད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཡང་བསྐྱར་ལེགས་སྒྲིག་བྱས་ཏེ།རྒྱ་ནག་གིས་བོད་དུ་སྤེལ་བའི་བྱ་སྤྱོད་དེ་“དྲང་བདེན་མིན་པ་”རེད་ཅེས་མངོན་གསལ་དུ་སྐྱོན་བརྗོད་བྱས་པ་མ་ཟད།༡༩༥༠ལོའི་ཟླ་༡༡ཚེས་༧ཉིན་ཕ་ཐེར་གྱིས་ནེཧ་རཱུ་ལ་འཕྲིན་ཡིག་བཏང་སྟེ་རྒྱ་ནག་ནི་རྒྱ་གར་གྱི་“མངོན་མེད་དགྲ་བོ་”རེད་ཅེས་ཐ་ཚིག་བསྒྲགས།[5]
འཕྲིན་ཡིག་ནང་རྒྱ་ནག་གིས་བོད་བཙན་བཟུང་བྱེད་པ་ནི་སྐྱོ་གར་ཞིག་ཡིན་ཞིང་།བོད་མེད་པར་གྱུར་ན་རྒྱ་ནག་རྒྱ་སྐྱེད་བཏང་སྟེ་རྒྱ་གར་གྱི་སྒོ་འགྲམ་དུ་སླེབས་རྒྱུ་རེད།རྒྱ་ནག་གིས་བོད་དུ་ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་སྤེལ་བའི་གནས་ཚུལ་འོག་ཏུ།རྒྱ་ནག་ལ་ད་དུང་སོམ་ཉི་བྱས་ནས་ཐག་གཅོད་བྱེད་དཀའ་བའི་སྲིད་ཇུས་ལག་བསྟར་བྱས་ན་ཉེན་ཁ་ཆེན་པོ་རེད།གང་ལགས་ཤེ་ན།ད་ནས་བཟུང་རྒྱ་གར་གྱིས་རང་ཉིད་ཀྱི་བྱང་ཕྱོགས་དང་བྱང་ཤར་ཕྱོགས་ནས་ས་མཚམས་ཀྱི་རྩོད་གཞི་དང་ཧམ་སེམས་འཆང་མཁན།མཛའ་མཐུན་མིན་པའི་གུང་ཁྲན་རིང་ལུགས་ཀྱི་རྒྱ་ནག་ཞེས་པར་གདོང་གཏོད་དགོས།དགྲ་བོའི་དམིགས་ཡུལ་དང་ཧམ་སེམས་བཅས་ནི་རྒྱ་གར་གྱི་བདེ་འཇགས་དང་རྒྱབ་འགལ་དུ་འགྲོ་རྒྱུ་ཉག་གཅིག་ཡིན་པའི་རྐྱེན་གྱིས་རེད་”ཅེས་གསུངས།[6]
སྐབས་དེར་རྒྱ་གར་གྲོས་ཚོགས་ནང་ཚོགས་མི་ཁག་ཅིག་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་པར་ཡོངས་བསྒྲགས་ངང་ནས་རྒོལ་གཏམ་བཏང་།རྒྱ་གར་སྲིད་གཞུང་གིས་“བོད་ཀྱི་རང་དབང་”ནུས་ཤུགས་ཡོད་རྒུ་ཡིས་སྲུང་སྐྱོབ་བྱས་ནས་བྱང་རྒྱུད་མངའ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་ཀྱང་བྱས།ད་དུང་སྲིད་གཞུང་གིས་མིག་སྔར་རྒྱ་ནག་ལ་དོན་དངོས་དང་མི་མཐུན་པའི་“མགོ་འདོགས་”སྲིད་ཇུས་ལག་ལེན་བྱས་པར་སྐྱོན་བརྗོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།འོན་ཀྱང་སྐབས་དེར་རྒྱ་གར་གྱི་གྲོས་ཚོགས་ནང་སྤྱོད་ཚུལ་དེ་འཛིན་མཁན་དཔོན་རིགས་རྣམས་ནི་ནེཧ་རཱུ་ཡི་ལངས་ཕྱོགས་ཀྱིས་ཡོད་ཚད་མནན་སོང་བ་འདྲ།༡༩༥༧ལོར་རྒྱ་གར་གྱིས་གློ་བུར་དུ་རྒྱ་ནག་གིས་ཨ་ཁེ་སའེ་ཆིན་(阿克赛钦)དུ་བོད་དང་ཤིན་ཅང་འབྲེལ་མཐུད་བྱེད་པའི་རྒྱལ་ལམ་ཨང་༢༡༩ཞེས་པ་གསར་བཟོ་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་།དེ་ནས་བཟུང་རྒྱ་དཀར་ནག་བར་གྱི་འབྲེལ་བར་ལྡོག་ཕྱོགས་ཀྱི་འགྱུར་ལྡོག་ཐེབས་པའི་འགོ་བརྩམས།སྐབས་དེར་རྒྱ་དཀར་ནག་ཕྱོགས་གཉིས་པོས་གྲོས་མོལ་ཡང་ཡང་བྱས་ཀྱང་མཇུག་འབྲས་མ་ཐོན།༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་“རང་དབང་སྒེར་ལངས་ལས་འགུལ་”བྱུང་ནས་རྒྱ་དཀར་ནག་བར་གྱི་འབྲེལ་བ་དེ་བས་ཀྱང་སྡུག་ཏུ་སོང་།
དེ་ནས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་རྒྱ་གར་སྲིད་གཞུང་གིས་ངོས་ལེན་བྱས་རྗེས།མའོ་ཙེ་ཏུང་རྒྱ་གར་སྲིད་གཞུང་ལ་ཁོང་ཁྲོ་ཚད་མེད་ལངས་པ་མ་ཟད།མའོ་ཡིས་ད་དུང་བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་རྒྱབ་ཕྱོགས་སུ་ནེཧ་རཱུ་ཡོད་སྲིད་པ་རེད་བསམ་ནས་རྒྱ་ནག་གིས་བོད་དང་རྒྱ་གར་ས་མཚམས་ཀྱི་ཤར་ནུབ་དུམ་བུ་གཉིས་སུ་དམག་དཔུང་བཀོད་སྒྲིག་བྱས།གནས་ཚུལ་དེའི་འོག་ནེཧ་རཱུ་ཡིས་ཀྱང་དེ་བཞིན་རྒྱ་གར་དམག་ཕྱོགས་ཀྱི་“མདུན་སྐྱོད་པ་”ཟེར་བ་དེས་རྒྱ་ནག་གི་མཐའ་མཚམས་དམག་གི་རྒྱབ་ཕྱོགས་སུ་སོ་ལྟ་ཁང་བསྐྲུན་རྒྱུར་ཁས་ལེན་མི་བྱེད་ཐབས་མེད་བྱུང་།རྒྱ་ནག་གི་ཕྱོགས་ནས་ཀྱང་དེ་དང་འདྲ་བར་རྒྱ་གར་དམག་དཔུང་གི་རྒྱབ་ཕྱོགས་སུ་སོ་ལྟ་ཁང་བཙུགས།དེ་ལྟར་ཕྱོགས་གཉིས་ཀྱིས་སྣོལ་འདྲེས་བྱས་ནས་སོ་ལྟ་ཁང་གང་མང་བཙུགས་པ་རེད།མའོ་ཙེ་ཏུང་གིས་བསྟུད་མར་ཉིན་མཚན་བཅུ་ལ་བསམ་བློ་བཏང་ཡང་ནེཧ་རཱུ་ཡིས་བོད་ཀྱི་ས་བབ་མཐོ་བའི་ས་ཆ་དེར་དེ་འདྲའི་དགའ་པོ་བྱེད་དགོས་དོན་ཅི་ཡིན་མ་ཤེས་པ་མ་ཟད།ད་དུང་ཏཱ་ལའི་བླ་མ་དང་ལེན་གནང་བ་དང་།རྒྱ་གར་མི་དམངས་ཀྱིས་ཀྱང་རྒྱ་ནག་གིས་བོད་མིར་དྲག་གནོན་བྱེད་པར་ངོ་རྒོལ་ཡང་བྱས།འདི་དག་ཚང་མར་བལྟས་ཡོང་དུས་ནེཧ་རཱུ་ཡིས་ཏཱ་ལའི་བླ་མ་བཀོལ་སྤྱོད་བྱས་ནས་བོད་ས་ཡོངས་རྫོགས་ཁྱུར་མིད་གཏོང་འཆར་ཡིན་སྲིད་ཅེས་བསམ་པ་རེད།[7]ཡིན་ནའང་༡༩༥༨ལོ་ནས་༡༩༦༠ལོའི་བར་དུ་རྒྱ་ནག་ལ་མུ་གེ་ཆེན་པོ་བྱུང་ནས་ཐད་ཀར་མི་ཡ་ས་༡༥ལྷག་ལྟོགས་ཤི་ཐེབས།དེ་ནི་མའོ་ཙེ་ཏུང་གིས་“མཆོང་སྐྱོད་ཆེན་པོ་”དང་“མི་དམངས་ཀུང་ཧྲེའམ་(公社)”ཞེས་པའི་ལས་འགུལ་སྤེལ་ནས་གྲོང་གསེབ་ནས་ངར་ལྕགས་བཙོ་སྦྱངས་བྱས་ཤིང་།ཨིན་ཇི་བཞག་ནས་ཨ་རིར་བདའ་འདེད་ཅེས་གཡོན་ཐལ་གྱི་ནོར་འཁྲུལ་སྲིད་ཇུས་ལས་བྱུང་བའི་མཇུག་འབྲས་རེད།སྐབས་དེར་རྒྱ་ནག་ལ་རྒྱ་གར་དང་དམག་འཐབ་བྱེད་པའི་ནུས་པ་མེད།༡༩༦༢ལོར་གནས་ཚུལ་ཅུང་ལེགས་སུ་སོང་རྗེས།མའོ་ཙེ་ཏུང་གིས་དེ་མ་ཐག་དམག་དོན་བྱ་སྤྱོད་ཀྱིས་རྒྱ་གར་ནག་གི་མཐའ་མཚམས་གནད་དོན་ཐག་གཅོད་བྱ་རྒྱུའི་བཀའ་བཏང་།དོན་དངོས་ཐོག་ནེཧ་རཱུ་ཡིས་བོད་ལ་འཛིན་པའི་བསམ་ཚུལ་མའོ་ཙེ་ཏུང་གི་བསམ་པ་བཞིན་མིན་ཞིང་།མའོ་ཡི་བསམ་ཕྱོགས་དེ་༡༩༥༠ལོར་བྱང་ཀོ་རེ་ཡར་དམག་དྲངས་ནས་ཨ་རི་དང་དམག་འཐབ་བྱས་པ་དང་ཧ་ཅང་འདྲ་པོ་ཡོད་ལ།མའོ་ལ་དུས་རྟག་ཏུ་མཐའ་འཁོར་དུ་ཉེན་ཁ་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པས།ཁོས་བཀའ་བཏང་ནས་བཅིངས་འགྲོལ་དམག་གིས་བོད་རྒྱ་ས་མཚམས་ཀྱི་ནུབ་ཐིག་ས་ཁུལ་ནས་རྒྱ་གར་ལ་དཔུང་འཇུག་བྱས།
རྒྱ་ནག་བཅིངས་འགྲོལ་དམག་གིས་ལོ་བརྒྱད་རིང་འཇར་པན་གྱི་བཙན་འཛུལ་ལ་དམག་འཐབ་བྱས་པ་དང་།ལོ་བཞིའི་རིང་རྒྱ་ནག་ནང་འཁྲུག་(内战)བརྒྱབ་པས་དངོས་འཐབ་ཀྱི་ཉམས་མྱོང་ཧ་ཅང་ཆེན་པོ་ཡོད་པ་རེད།མ་ཟད་སྐབས་དེར་རྒྱ་ནག་གི་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་དབང་གིས་ངར་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད།འོན་ཀྱང་རྒྱ་གར་གྱི་སྲིད་བློན་ནེཧ་རཱུ་སོགས་ནི་སྤྱི་ཚོགས་ཀྱི་ལས་འགུལ་པ་(社会活动家,Social activist)ཞིག་རེད།རྒྱ་ནག་གི་མའོ་དང་ཀྲོའུ་སྣང་བཞིན་ནི་དམག་དོན་པ་མ་རེད།(军事家military strategist)ནེཧ་རཱུ་ནི་ཀུན་སྤྱོད་ཀྱི་གཞི་ཐིག་ཡོད་པའི་(道德底线,Ethical bottom line)མི་སྣ་ཡིན་ཞིང་།ཁོང་ཚོས་ཁྲོམ་སྐོར་གཏམ་བཤད་ཀྱི་ལས་འགུལ་སྤེལ་བ་བརྒྱུད་ནས་རྒྱ་གར་རང་བཙན་བླངས་པ་ཡིན་པས།རྒྱ་ནག་ལའང་ཨིན་ཇིར་སྤྱད་པའི་བྱེད་ཐབས་བཀོལ་སྤྱོད་བྱས་ནས།ཕྱོགས་གཅིག་ནས་མཐའ་མཚམས་ས་ཁུལ་དུ་རྙོག་གྲ་བཟོ་བ་དང་།ཕྱོགས་གཞན་ནས་རྒྱ་ནག་གིས་ཁོ་ཚོར་དངོས་གནས་མེ་མདའ་ལག་ལེན་བྱེད་ཀྱི་མ་རེད་བསམ་ཡོད་པ་རེད།དེར་བརྟེན་མཐར་དམག་འཐབ་ཐེངས་དང་པོར་ཉིན་བཞི་ཙམ་ལས་མ་འགོར་བར་རྒྱ་གར་གྱི་དམག་དཔུང་ཕམ་པ་རེད།སྐབས་དེར་རྒྱ་ནག་གིས་གྲོས་མོལ་བྱ་རྒྱུའི་འདོད་ཚུལ་བཏོན་ན་ཡང་རྒྱ་གར་གྱིས་ངོ་ཚ་དེ་དང་ལེན་བྱེད་འདོད་མེད་པར་གྲོས་མོལ་བྱ་རྒྱུ་ཁས་ལེན་མ་བྱས།དམག་ཐེངས་གཉིས་པ་བརྒྱབ་རྗེས།རྒྱ་ནག་གིས་ཐེངས་དེར་ཤར་ཐིག་དང་ནུབ་ཐིག་ཕྱོགས་གཉིས་ནས་ཚུར་རྒོལ་བྱས་ཤིང་།ཉིན་བཞིའི་ནང་དུ་འཐབ་འཛིང་མཇུག་སྒྲིལ་བྱུང་ཞིང་རྒྱ་གར་གྱི་དམག་དཔུང་ཡང་བསྐྱར་དམག་འཁྲུག་ལས་ཕམ་པ་རེད།
སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེཧ་རཱུ་ཡིས་སྔ་མོ་ནས་རང་ཉིད་མནའ་འབྲེལ་དུ་མི་ཞུགས་པའི་ཆབ་སྲིད་ལངས་ཕྱོགས་དེ་ནམ་མཁའི་མཐའ་ལ་གཡུགས་ནས་ལམ་སང་ཨ་རིའི་སྲིད་འཛིན་ལྗེ་ཁི་ཁེན་ཉེ་ཌི་(杰克·肯尼迪,Jack Kennedy)ལ་རོགས་སྐྱོར་བྱ་རྒྱུའི་རེ་བ་བཏོན།དེ་ཡང་ཨ་རི་ཡིས་དམག་འཐབ་གནམ་གྲུ་བཅུ་གཉིས་དང་རུ་འབྲིང་གཉིས་ཀྱི་འཕུར་མདའ་འབྲིང་བ་དང་།སྔོན་ཐོན་གྱི་རཱག་བརྡ་དང་འཕྲིན་སྐྱེལ་སྒྲིག་ཆས་མཁོ་སྤྲོད་བྱས་ན།རྒྱ་གར་གྱིས་རྒྱ་ནག་གི་མངའ་ཁོངས་ཀྱི་རྟེན་གཞི་གལ་ཆེན་ཁག་དང་།གནམ་གྲུ་འབབ་ཐང་སོགས་ལ་འབར་མདེལ་གཡུགས་ནས་རྒྱ་ནག་དམག་དཔུང་གི་རྒྱབ་ཕྱོགས་མཁོ་འདོན་བྱེད་མཚམས་འཇོག་ཐུབ་ཅེས་རེ་བ་བཏོན།༡༩༦༢ལོའི་ཟླ་༡༡ཚེས་༡༩ཉིན་ཁེན་ཉི་ཏི་ཡིས་ལས་རོགས་རྒྱལ་དོན་བློན་ཆེན་ཧ་རི་མན་(威廉·埃夫里尔·哈里曼,WilliamAverell Harriman)གྱིས་སྣེ་ཁྲིད་པའི་མཐོ་རིམ་དམག་དོན་འཐུས་མི་ཚོགས་པ་ཞིག་རྒྱ་གར་དུ་མངགས་གཏོང་བྱ་རྒྱུའི་ཐག་བཅད་པ་དང་།དུས་མཚུངས་སུ་C-130 སྐྱེལ་འདྲེན་གནམ་གྲུ་འབྲིང་གྲས་ཤིག་མངགས་གཏོང་བྱས་ནས་རྒྱ་གར་ལ་དཔུང་རོགས་བྱས།[8]ཟླ༡༡ཚེས༢༡ཉིན་ནེཧ་རཱུ་ཡིས་ཡང་བསྐྱར་ཁེན་ཉི་ཏི་ལ་རོགས་སྐྱོར་ཞུས།ཁེན་ཉི་ཏིས་ཨ་རིའི་མཁའ་སྐྱོད་མ་གྲུ་རུ་ཁག་ལ་བཀའ་ཕབ་ནས་ཛ་དྲག་ཐོག་བྷང་ག་ལ་མཚོ་ཁུག་ཏུ་བཏང་།[9]དེ་ནས་རྒྱ་དཀར་ནག་གི་མཐའ་མཚམས་དམག་འཁྲུག་རེ་ཞིག་མཇུག་སྒྲིལ་བྱུང་བ་རེད།
༢སྐབས་དེར་རྒྱ་ནག་དམག་འཁྲུག་ལས་རྒྱལ་ནའང་དེའི་སྐོར་བཀབ་བཀབ་སུབ་སུབ་བྱེད་དོན་ཅི།
༡༩༦༢ལོའི་རྒྱ་དཀར་ནག་གི་དམག་འཁྲུག་ལས་རྒྱ་ནག་ལ་རྒྱལ་ཁ་ཐོབ་ནའང་དམག་དོན་ཁ་གསབ་ལམ་ཐིག་རིང་བ་དང་།ཧི་མཱ་ལ་ཡའི་རི་རྒྱུད་བརྒལ་ནས་མུ་མཐུད་དེ་རྒྱབ་ཕྱོགས་མཁོ་སྒྲུབ་བྱེད་རྒྱུར་དཀའ་ངལ་ཤིན་ཏུ་ཆེ་བ་དང་།ད་དུང་སྐབས་དེར་མའོ་ཙེ་ཏུང་དང་ཨུ་རུ་སིའི་གཙོ་འཛིན་ཧི་ལུའུ་ཞའོ་ཧྥུ་(赫鲁晓夫,Nikita Khrushchev)བར་སྔ་ས་ནས་ཕན་ཚུན་ངོ་གདོང་ལོག་སྟེ་ཨུ་རུ་སི་རྒྱ་གར་གྱི་ཕྱོགས་སུ་ལངས།ད་དུང་རྒྱ་ནག་གིས་ཨ་འགོག་ཁྲའོ་རོགས་(抗美援朝,Resist U.S. and aid to North Korea)ཀྱི་དམག་འཁྲུག་བཅས་ཀྱི་དབང་གིས་ཨ་རི་ཡིས་སྔར་ནས་རྒྱ་ནག་ནི་འཚར་ལོངས་འབྱུང་བཞིན་པའི་དགྲ་བོར་བརྩི་བཞིན་ཡོད།དེར་བརྟེན་ཨ་རི་དང་ཨུ་རུ་སུ་བཅས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་འདི་གཉིས་རྒྱ་གར་གྱི་ཕྱོགས་སུ་ལངས་ཡོད་པས།རྒྱ་ནག་གིས་སྐབས་དེར་བཙན་བཟུང་བྱས་པའི་ས་ཁུལ་དེ་དག་རྩ་བ་ཉིད་ནས་སྲུང་ཐུབ་ཀྱི་མེད་པས།ལོ་དེའི་ཟླ་༡༠ཚེས་༢༡ཉིན་ནེཧ་རཱུ་ཡིས་ཨ་རིར་རོགས་སྐྱོར་ཞུ་བའི་ཉིན་གཉིས་པར་རྒྱ་ནག་ཕྱོགས་ནས་རང་འགུལ་གྱིས་དམག་མཚམས་བཞགདེ་ནས་ཟླ་གཅིག་གི་རྗེས་སུ་རྒྱ་ནག་གིས་ཤར་ཐིག་ནས་སྔར་དམག་འཁྲུག་མ་ཤོར་སྐབས་ཀྱི་ས་དེའི་བར་དུ་དམག་ཕྱིར་འཐེན་བྱས་པ་དང་།ནུབ་ཐིག་ནས་ཡང་ཀི་ལོ་མི་ཊར་༢༠ཕྱིར་འཐེན་བྱས།དམག་འཁྲུག་དེ་ནི་རྒྱ་གར་ཕམ་པ་དང་རྒྱ་ནག་རྒྱལ་བའི་ནང་མཇུག་བསྒྲིལ་བ་རེད།བསྡོམས་རྩིས་བྱས་པ་ལྟར་ན།རྒྱ་ནག་ཕྱོགས་ནས་དམག་འཐབ་ནང་དམག་མི་༢༤༠༠ལྷག་ཤི་རྨས་བྱུང་ཞིང་དེའི་ནང་མི་༧༠༠ལྷག་ཙམ་རྐྱེན་ལམ་དུ་ཤོར།དེ་བཞིན་རྒྱ་གར་ཕྱོགས་ནས་བསྡོམས་པས་དམག་མི་༨༨༥༣ཤི་རྨས་བྱུང་བ་དང་།དེའི་ཁྲོད་དུ་དམག་མི་༤༨༨༥ཤི་བ་དང་།དམག་མི་༣༩༦༨འཛིན་བཟུང་བྱས།[10]འོན་ཀྱང་རྒྱ་ནག་ནི་དོན་དངོས་ཐོག་རྒྱལ་ཁ་ཐོབ་པའི་ཁྲོད་ཀྱི་ཕམ་ཁ་མྱོང་མཁན་ཡིན་ལ།དམག་འཁྲུག་དེའི་ནང་དོན་དངོས་རང་བཞིན་གྱི་ཁེ་ཕན་ཅི་ཡང་ཐོབ་མེད།དེ་ལས་ལྡོག་སྟེ་དཔོན་དམག་༢༠༠༠ལྷག་ཤི་རྨས་བྱུང་བ་དང་།ལྷག་པར་དུ་རྒྱལ་སྤྱིའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་རྒྱ་གར་གཏན་དུ་ཤོར་བར་བརྟེན།རྒྱ་ནག་གིས་རྒྱ་ནག་དང་ཧིནྡཱུའི་བར་གྱི་དམག་འཁྲུག་འདིའི་སྐོར་ཐོག་མཐའ་བར་གསུམ་དུ་བཀབ་བཀབ་སུབ་སུབ་བྱེད་ཀྱིན་ཡོད་པ་དང་།རྒྱ་ནག་གི་ཉེ་རབས་ལོ་རྒྱུས་སྟེང་འདིའི་སྐོར་རགས་རིམ་ཙམ་ལས་བཀོད་མེད།
བལྟོས་བཅས་ཀྱི་ཐོག་ནས་བརྗོད་ན།རྒྱ་གར་དམག་འཁྲུག་དེ་ལས་ཕམ་ཉེས་བྱུང་ནའང་ནང་ཁུལ་དུ་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་བྱུང་བ་དང་།དེ་བཞིན་དམག་དཔུང་གིས་རང་ཉིད་ཀྱི་དམག་ཤུགས་ལ་བསམ་གཞིག་བྱས་ཏེ་ཡར་རྒྱས་བཏང་།དེ་མིན་དབུ་བཞུགས་བློན་ཆེན་ནེཧ་རཱུ་ལ་མཚོན་ན།ཁོང་ལ་སྐུ་ཚེའི་མཇུག་ཏུ་ཕམ་ཁ་ཆེན་པོ་རག་ཡོད།དེ་ཡང་དམག་འཁྲུག་དེའི་ཐོག་ནས་རང་ཉིད་ཀྱིས་རྒྱ་ནག་ལ་བཅངས་པའི་སྟོང་བསམ་དེ་ནི་བྱིས་བློ་ཅན་ཅི་འདྲ་ཞིག་ཡིན་པ་གསལ་པོ་ཤེས་པ་དང་།སྐུ་ཚེ་གང་ལ་མཐའ་འཁྱོངས་བྱས་པའི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་འདུ་ཤེས་ཐད་ཏོ་སྨི་ནུའོ་རུས་བྱང་(多米诺骨牌效应Domino Effect)ལྟ་བུའི་ནུས་པ་ཐོན་ནས་ཡོད་ཚད་ཕམ་པ་རེད།དཔེར་ན་ཁོང་ཐབས་ཟད་དེ་ཨ་རིར་མནའ་འབྲེལ་མི་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དོར་ནས་རོགས་སྐྱོར་ཞུས།དམག་འཁྲུག་དེས་ཀྱང་“ཞི་བདེ་མཉམ་གནས་དོན་ཚན་ལྔ་”དང་རྒྱབ་འགལ་དུ་འགྲོ་རུ་བཅུག་ཡོད།རྒྱ་ནག་གི་མགོ་གཙོ་མའོ་དང་ཀྲོའུ་ལ་ཡིད་ཆེས་བློ་འགེལ་བྱས་ནས་མགོ་སྐོར་ཐེབས།མཐའ་མཚམས་སུ་རྒྱ་ནག་གི་དམག་ལ་གདོང་བསུས་ནས་ཕམ་ཉེས་ཚབས་ཆེན་བྱུང་བ་སོགས།དེ་དག་ཚང་མ་རྒྱ་དཀར་ནག་གྱི་དམག་འཁྲུག་ལས་བྱུང་བའི་འབྲས་བུ་ཡིན་ཞིང་།མཇུག་མཐར་དབུ་བཞུགས་བློན་ཆེན་ནེཧ་རཱུ་ལ་གློ་བུར་སྐུ་སྙུན་གཞིས་བཟུང་ནས་དགོངས་པ་རྫོགས་པ་རེད།
༣རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་དེས་བཙན་བྱོལ་བོད་མིའི་ལས་དབང་ལ་འགྱུར་བ་ཐེབས།
དེ་སྔའི་བོད་མི་རྣམས་༸གོང་ས་མཆོག་དང་མཉམ་དུ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་ནེཧ་རཱུ་སྲིད་གཞུང་གིས་གདུང་སེམས་མཉམ་སྐྱེད་ཤུགས་ཆེན་པོ་གནང་བ་མ་ཟད།བཙན་བྱོལ་བོད་མི་ཁྲི་ཕྲག་ཁ་ཤས་དང་ལེན་གནང་ཡོད།འོན་ཀྱང་བཙན་བྱོལ་བོད་མི་རྣམས་ལ་གཞན་ཡུལ་དུ་བརྟེན་ས་མེད་པས་རྒྱུན་ལྡན་གྱི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན།བཙན་བྱོལ་གྱི་དུས་འགོར་ཕྱི་མིག་བལྟས་ཚེ་སྐབས་དེ་དུས་ནེཧ་རཱུ་ཡིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིར་དང་ལེན་གནང་བ་ནི།མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཅི་ཡིན་པ་ལས་བོད་རིགས་ལ་ཆབ་སྲིད་ཀྱི་ཉེན་སྲུང་དང་ལེན་གནང་བ་ཞིག་མིན་པ་ནི་གསལ་པོ་རེད།ཐ་ན་རྒྱ་གར་སྲིད་གཞུང་གིས་ད་ལྟ་ཡང་བཙན་བྱོལ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བར་བརྩི་བཞིན་མེད།དང་ཐོག་བཙན་བྱོལ་དུ་ཕེབས་ནས་ལོ་གཉིས་གསུམ་རིང་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་གནས་བབ་གང་འདྲ་ཡིན་མིན་ནི་༸གོང་ས་མཆོག་གིས་བརྩམས་པའི་《བཙན་བྱོལ་ནང་གི་རང་དབང་》ཞེས་པའི་དཔེ་དེབ་དེ་ཚོའི་ནང་ཆ་ཚང་མཐོང་ཐུབ།དེ་ཡང་“ཟླ་༤ཚེས་༢༤ཉིན་པཎྜི་ཏ་ནེཧ་རཱུ་སྐུ་དངོས་སུ་མ་སུ་རི་ལ་ཕེབས།ང་ཚོས་སྐད་སྒྱུར་པ་ཞིག་བརྒྱུད་ནས་དུས་ཚོད་བཞི་ལ་གྲོས་མོལ་གནང་།ངས་མུ་མཐུད་དུ་ཁོང་ལ་ཞུ་དོན།དང་ཐོག་ངས་ལྷུན་རྩེ་རྫོང་ནས་སྲིད་གཞུང་འཛུགས་རྩིས་བྱས་པ་ཡིན།ཡིན་ཡང་ལྷ་ས་ནས་ཐོན་པའི་གནས་ཚུལ་གྱིས་ངའི་བསམ་བློ་ལ་འགྱུར་བ་ཐེབས།ཞེས་བཤད་སྐབས་ནེཧ་རཱུ་དེ་བས་ཁོང་ཁྲོ་ལངས་ནས།ཁྱེད་ཀྱིས་སྲིད་གཞུང་བཙུགས་ནའང་རྒྱ་གར་གཞུང་གིས་དེ་ཁས་ལེན་བྱེད་ཀྱི་མ་རེད་”ཅེས་གསུངས།དང་ཐོག་ངས་བསམ་པར་ནེཧ་རཱུ་ཡི་མཐོང་སྣང་དུ་ཏཱ་ལའི་བླ་མ་ཞེས་པ་འདིར་དུས་རྒྱུན་དུ་བཀའ་བཀྱོན་གཏོང་དགོས་པའི་ན་གཞོན་ཞིག་ཡིན་ཚོད་འདུགང་ཚོའི་གྲོས་མོལ་བྱེད་པའི་དུས་ཚོད་གཞན་ཞིག་ལ་ནེཧ་རཱུ་ཡིས་ཅོག་ཙེ་ལ་མཛུབ་མོས་རྡུང་ཞོར་དུ་འདི་འདྲ་ཡིན་དོན་ཅི་ཡིན་ནམ།ཅི་ཡིན་ནམ།ཞེས་མཐོང་ཆུང་གི་སྒོ་ནས་ཡང་ཡང་བཙན་གྱིས་དྲིས།
༡༩༥༩ཟླ་༤པའི་ནང་གནས་སྐབས་བཞུགས་སྒར་མ་སུ་རིར་བོད་གཞུང་བཀའ་ཤག་གིས་དབུས་ལས་ཁུངས་ཆེ་ཁག་ལྔ་བསྐྱར་སྒྲིག་བསྐྱངས།རྒྱ་གར་གཞུང་གིས་དེ་མ་ཐག་ཏཱ་ལའི་བླ་མས་བཙུགས་པའི་བཙན་བྱོལ་གཞུང་ལ་ངོས་ལེན་མེད།ཅེས་གཞུང་འབྲེལ་ཁྱབ་བསྒྲགས་སྤེལ།[11]༸གོང་ས་མཆོག་གིས་ད་དུང་། “ཟླ་དྲུག་པའི་ནང་ང་དབུ་བཞུགས་བློན་ཆེན་ནེཧ་རཱུ་ལ་འཚམས་འདྲི་བྱེད་པར་བསྐྱོད་དེ་བོད་ཀྱི་སྐྱབས་བཅོལ་བ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན།སྐབས་དེར་བོད་རིགས་སྐྱབས་བཅོལ་བ་ཁྲི་གཉིས་ཙམ་ཡོད་པ་མ་ཟད།མི་གྲངས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད།ངས་རྒྱ་གར་གཞུང་ལ་ཞུ་དོན།གསར་དུ་འབྱོར་བའི་སྐྱབས་བཅོལ་བ་རྣམས་གནམ་གཤིས་མི་འཕྲོད་ས་ཏ་ཕུའུ་དང་སྦག་སུ་ལྟ་བུའི་བརླན་ཞིང་ཚ་བ་ཆེ་བའི་གནས་སུ་མི་འཇོག་པའི་རེ་བ་བཏོན།ངས་ནེཧ་རཱུ་ལ་གལ་སྲིད་བོད་རིགས་སྐྱབས་བཅོལ་བ་རྣམས་དེ་གར་ཉར་འཇོག་བྱས་ཚེ་མང་ཆེ་བ་འཆི་རྒྱུར་ངེས།ཞེས་ཞུས་རྗེས།ཁོང་ཐོག་མར་ཁོང་ཁྲོ་ལངས་པའི་རྣམ་པ་ཞིག་མངོན།ནེཧ་རཱུ་ཡིས་ཁྱོད་ལ་རེ་བ་ཞུ་རྒྱུ་ཧ་ཅང་མང་པོ་འདུགརྒྱ་གར་ནི་ད་དུང་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས།ཞེས་གསུངས།
ཡིན་ནའང་དེ་གསུངས་པ་དང་ནེཧ་རཱུ་ཡི་མི་གཤིས་བཟང་པོའི་རང་མདངས་དེ་མགྱོགས་པོའི་ངང་སླར་ཡང་ཤུགས་ཆེ་རུ་སོང་བ་མངོན།[12]ཞེས་གསུངས།དེ་ལས་གལ་ཆེ་བ་ཞིག་སྟེ།༡༩༥༠ལོའི་ཟླ་༡༡ཚེས་༡༥ཉིན་ལ་ཏིང་མེ་གླིང་གི་ས་ཨེར་ཝ་ཏུའོ་འཐུས་མི་ཚོགས་པའི་ཚོགས་གཙོ་ཧོ་ཁེ་ཐུང·ཏའེ་ཝེ·ཁ་སི་ཐེ་ལུའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུའི་གྲོས་འགོ་བཏོན་མོད།འོན་ཀྱང་ལོ་རྒྱུས་སམ་ཡང་ན་ས་ཁམས་སོགས་ཀྱི་རྐྱེན་པས་གཏམ་བརྗོད་དབང་ཆ་ཡོད་པའི་རྒྱལ་ཁབ་རྒྱ་གར་དང་དབྱིན་ཇི་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕོག་ཐུག་འབྱུང་རྒྱུར་དོགས་ནས།[13]མཐར་རྒྱ་གར་གྱིས་བོད་ཀྱི་གནད་དོན་དེར་“ཞི་བའི་ངང་ཐག་གཅོད་བྱེད་པའི་གོ་སྐབས་སྔར་བཞིན་ཡོད་པས།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་དེའི་ཐད་ལས་ཀ་བྱེད་ཆོག་པའི་”ནན་བཤད་བྱས།ལོ་དེའི་ཟླ་༡༡ཚེས་༢༤ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་དེར་དུས་ངེས་མེད་པར་གྲོས་བསྡུར་བྱ་རྒྱུ་ནར་འགྱངས་བྱས་པ་རེད།[14]འོན་ཀྱང་༡༩༦༢ལོའི་རྒྱ་གར་ནག་གི་དམག་འཁྲུག་མཇུག་བསྒྲིལ་རྗེས་རྒྱ་གར་སྲིད་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་འཛིན་པའི་སྲིད་ཇུས་དང་རྣམ་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།དེ་ཡང་༸གོང་ས་མཆོག་གི་མཛད་རྣམ་ལྟར་ན། “༡༩༦༣ལོར་བདག་གིས་གྲྭ་ཚང་བསྐྱར་འཛུགས་བྱས་ནས་ཅང་མ་འགོར་བར།ལྷོ་ཕྱོགས་ཀྱི་ཁ་ན་ཊ་ཁ་མངའ་སྡེ་རུ་དགའ་ལྡན་དང་།འབྲས་སྤུངས།སེ་ར་བཅས་གདན་ས་ཆེན་པོ་གསུམ་བསྐྱར་འཛུགས་བྱེད་ཐུབ་པ་བྱུང་།ཐོག་མར་སྦག་ས་ཆོས་སྒར་གྱི་ཤུལ་དུ་ལྷག་པའི་གྲྭ་པ་ཆིག་སྟོང་སུམ་བརྒྱ་ལྷག་གདན་ས་གསུམ་དུ་བཀོད་སྒྲིག་བྱས།[15]དེ་བཞིན་༡༩༦༥ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་ཐད།རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཐོག་སྔོན་གྱི་ལངས་ཕྱོགས་རྦད་དེ་དོར་ནས་བོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད།རྒྱ་གར་རྒྱལ་ནང་དུ་གཏོང་ཕོད་ཆེན་པོས་བཙན་བྱོལ་བོད་མིར་རོགས་སྐྱོར་བྱས་ཏེ་གཞིས་ཆགས་དང་།སློབ་གྲྭ།དགོན་སྡེ་སོགས་བཙུགས།” ཞེས་གསུངས།༡༩༦༧ལོར་༸གོང་ས་མཆོག་རྒྱ་གར་གྱི་རྒྱལ་མཚམས་ནས་ཐོན་ཏེ་ཉི་འོང་དང་ཐེ་ལན་ཌིར་འཚམས་འདྲིར་ཐོག་མར་ཕེབས།སྐབས་དེར་བཙན་བྱོལ་བོད་མི་རྣམས་སྡོད་གནས་གཏན་འཁེལ་མེད་པའི་དཀའ་ངལ་ལས་རྦད་དེ་གྲོལ་བ་མ་ཟད།ད་དུང་གསར་འཛུགས་བྱས་པའི་“བཙན་བྱོལ་བོད་གཞུང་”དང་།ས་གནས་ཁག་གི་སློབ་གྲྭ།དགོན་པ།གཞིས་ཆགས་སོགས་ནི་ཆར་རྗེས་ཀྱི་མྱུ་གུ་དང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་བྱུང་།[16]
གལ་ཏེ་རྒྱ་དཀར་ནག་མཐའ་མཚམས་དམག་འཁྲུག་མ་བྱུང་ཚེ།རྒྱ་གར་ནང་བཙན་བྱོལ་བོད་མིའི་ལོ་རྒྱུས་ད་ལྟ་དང་ཧ་ལམ་ཐ་དད་ཡིན་རྒྱུ་རེད་སྙམ།༡༩༦༢ལོའི་རྒྱ་དཀར་ནག་གི་དམག་འཁྲུག་གིས་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་ཐེབས་པ་མ་ཟད།བཙན་བྱོལ་བོད་མིའི་ལས་དབང་དང་བོད་མིར་འཛིན་པའི་རྣམ་འགྱུར་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།དེ་རྗེས་ཀྱི་ལོ་ངོ་༦༠ནང་བཙན་བྱོལ་བོད་མིའི་གནས་བབ་དང་།རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་ལག་བསྟར་བྱེད་པའི་སྲིད་ཇུས་བཅས་ནི།གཙོ་བོ་རྒྱ་དཀར་ནག་གི་ཕྱི་འབྲེལ་གྱི་འགྱུར་ལྡོག་ལ་བསྟུན་ནས་འགྲོ་བཞིན་ཡོད།རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཡག་པོ་བྱུང་ན།བཙན་བྱོལ་བོད་མིས་རང་དབང་འཐབ་རྩོད་ཀྱི་བར་གསེང་ཆུང་དུ་འགྲོ་བ་དང་།ཕྱི་འབྲེལ་སྡུག་ཏུ་སོང་ཚེ་བཙན་བྱོལ་བོད་མིར་འཕག་འཚག་གི་བར་གསེང་ཅུང་ཆེ་རུ་འགྲོ་གི་ཡོད་པ་དོན་དངོས་ཡིན།
༤རྒྱ་དཀར་ནག་གི་འབྲེལ་བའི་ཐད་དུས་ནམ་ཡང་གནམ་རྒན་གྱིས་གོ་སྒྲིག་བྱེད་ཀྱིན་ཡོད།
༡༩༦༢ལོའི་རྒྱ་དཀར་ནག་གི་དམག་འཁྲུག་དེ་ནི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་རྩོད་གཞི་མཇུག་བསྒྲིལ་བ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་རྩོད་རྙོག་འགོ་ཚུགས་པ་ཞིག་རེད།དེ་ནས་༡༩༩༦ལོར་ཕྱོགས་གཉིས་ཀྱིས་“དངོས་ཡོད་ཚོད་འཛིན་ས་ཐིག་”གཏན་འབེབས་བྱས།དེ་ནས་བཟུང་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གཞི་དེ་ཡ་ང་བའི་དམག་འཛིང་དུ་གྱུར།༢༠༡༤ལོ་ནས་བཟུང་མོ་ཏིས་རྒྱ་གར་གྱི་སྲིད་དབང་བཟུང་བ་དེ་དང་ལོ་༥༠ལྷག་ཙམ་གོང་གི་ནེཧ་རཱུ་ཡིས་སྲིད་དབང་འཛིན་སྟངས་དང་བསྡུར་ན་མི་འདྲ་ས་མང་པོ་ཡོད་མོད།འོན་ཀྱང་ནེཧ་རཱུ་དང་མོ་ཏིས་གཉིས་ཀྱིས་རྒྱ་ནག་ལ་གོ་བ་ལེན་སྟངས་ཐད་ཧང་སང་དགོས་པའི་འདྲ་ས་འདུག་སྟེ།མོ་ཏིས་རྒྱ་ནག་ལ་སྔ་རྗེས་སུ་འཚམས་འདྲི་ཐེངས་༥ཕེབས་པ་དང་།ཞི་ཅིན་ཕིང་དང་ཐུག་འཕྲད་ཐེངས་༡༩བྱས་པ་རེད།དེ་ནི་རྒྱ་གར་གྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བ་ཞིག་རེད།༢༠༡༨ལོར་རྒྱ་ནག་དང་རྒྱ་གར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་༩༥༥༌༤༣ལ་སླེབས་པ་དང་།དེའི་ནང་རྒྱ་ནག་གིས་རྒྱ་གར་ལ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་༧༦༧.༠༥ཟིན་ཡོད།[17]དེ་བཞིན་རྒྱ་གར་ལ་མཚོན་ནའང་རྒྱ་ནག་ནི་ཁོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་རེད།
ལོ་རྒྱུས་ལ་ཧང་སང་དགོས་པའི་འདྲ་མཚུངས་ཀྱི་ཆ་ཡོད།མོ་ཏིས་རྒྱ་ནག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་མཛེས་སྡུག་ལྡན་པའི་དུས་སྐབས་དེ་དང་།སྔོན་ནེཧ་རཱུ་ཡིས་རྒྱ་ནག་ལ་ཡིད་ཆེས་དང་རེ་བ་བྱས་པ་དང་འདྲ་བར་རྒྱ་གར་ནག་གི་མཐའ་མཚམས་གནད་དོན་གྱི་རྐྱེན་པས་སླར་ཡང་ཁོང་གཉིས་ཀ་འདམ་དོང་ནང་ལྷུང་བ་རེད།དེ་ཡང་༡༩༥༤ལོར་རྒྱ་གར་གྱི་དབུ་བཞུགས་བློན་ཆེན་ནེཧ་རཱུ་ཡིས་རྒྱ་ནག་ལ་འཚམས་འདྲི་གནང་ནས་མའོ་ཙེ་ཏུང་དང་དམིགས་བསལ་གྱི་མཛའ་གྲོགས་འབྲེལ་བ་བཙུགས།ལོ་གསུམ་གྱི་རྗེས་ཏེ་༡༩༥༧ལོར་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་ཡིན་ཟེར་བའི་ཨ་ཁེ་སེ་ཆེན་དུ་རྒྱལ་ལམ་ཨང་༢༡༩ཞེས་པ་གསར་བཟོ་བྱས་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལ་རྦད་དེ་འགྱུར་ལྡོག་ཕྱིན་པ་རེད།དེ་ནས་ལོ་༦༠ཙམ་གྱི་རྗེས་ཏེ་༢༠༡༤ལོར་རྒྱ་ནག་གི་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་རྒྱ་གར་དུ་འཚམས་འདྲིར་ཕེབས།རྒྱ་གར་གྱི་དབུ་བཞུགས་བློན་ཆེན་མོ་ཏིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཞི་ལ་སྣེ་ལེན་གཟབ་རྒྱས་གནང་།རྒྱལ་ཁབ་གཉིས་བར་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས།དེ་ནས་ལོ་གསུམ་རྗེས་ཏེ༢༠༡༧ལོར་རྒྱ་དཀར་ནག་གི་མཐའ་མཚམས་“དོག་ལམ་དུ་ཁ་གཏད་ལངས་པའི་དོན་རྐྱེན་”བྱུང་།དེར་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཕྱིན།༢༠༢༠ལོའི་ཟླ་༥པ་ནས་བཟུང་རྒྱ་དཀར་ནག་བར་གྷལ་ཝན་ལུང་གཤོང་གི་གདོང་ཐུག་ཤོར་ནས་རྒྱ་གར་གྱི་དམག་མི་༢༠རྐྱེན་ལམ་དུ་ཤོར་བ་དང་།རྒྱ་དཀར་ནག་བར་གྱི་འཁོན་འཛིན་གསར་རྙིང་མཚན་གཅིག་རིང་གློ་བུར་དུ་ལངས།མོ་ཏི་སྲིད་གཞུང་གིས་རྒྱ་ནག་ལ་མཉེན་ཆས་དང་།འཕྲིན་གཏོང་སྒྲིག་ཆས།ཕྱི་ཕྱོགས་ཚོང་དོན་སོགས་ཀྱི་ཐད་ངོ་རྒོལ་བྱེད་པའི་བྱེད་ཐབས་བཏོན་པ་མ་ཟད།ད་དུང་རྒྱ་གར་དང་ཨ་རིའི་དམག་མཉམ་འབྲེལ་བྱས་ཏེ་དམག་སྦྱོང་བྱས།དུས་ཐུང་ཟླ་བ་གཉིས་ནང་རྒྱ་དཀར་ནག་རྒྱལ་ཁབ་ཆེན་པོ་འདི་གཉིས་ཀྱི་ཕྱི་འབྲེལ་ལ་ཟློས་གར་རང་བཞིན་གྱི་འགྱུར་བ་ཐེབས།དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད།ནེཧ་རཱུ་དང་མའོ་ཏི་ལྟར་རྒྱ་གར་གྱི་དབུ་ཁྲིད་སུས་ཀྱང་རྒྱ་ནག་ལ་བློ་ཉེ་པོ་དེ་ལྟ་བུ་གནང་མེད་ལ།དེ་བཞིན་ས་མཚམས་སུ་ཡང་ཁོང་གཉིས་ཀྱི་སྐབས་ནང་བཞིན་རྙོག་གྲ་ཆེན་པོ་བྱུང་མྱོང་མེད།ང་ཚོས་དེར་ཕྱིར་མིག་ལྟ་སྐབས་ཚོར་སྣང་ཟབ་མོ་ཞིག་སྐྱེས་ཡོང་བ་ནི།རྒྱ་དཀར་ནག་བར་འབྲེལ་མཐུན་དམ་ཟབ་ཡོང་བཞིན་པའི་འགག་རྩའི་དུས་སུ་བལྟས་ཚོར་ལ་གཟུགས་མེད་ཀྱི་ལག་པ་ཆེན་པོ་ཞིག་གིས་ཁོ་ཚོ་ཕན་ཚུན་ཁ་བྲལ་དུ་འཇུག་གི་ཡོད་པ་རེད།འདི་ནི་གནམ་རྒན་གྱིས་བཀོད་སྒྲིག་ཡིན་པར་ཡིད་ཆེས་ཡོད།འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ང་ཚོ་དང་ཕུང་པོ་གཅིག་ཏུ་གྲུབ་ཡོད།འདི་འཇིག་རྟེན་གྱི་དོན་དངོས་དང་ཆོས་ཉིད་རེད།ང་ཚོས་ཆོས་ཉིད་འདི་ངེས་པར་དུ་བརྩི་སྲུང་བྱེད་དགོས།
༥ཨེ་ཤི་ཡའི་ཡུལ་དབུས་སུ་བོད་ཀྱི་འཐབ་ཇུས་གོ་གནས།
བོད་འདི་ཉིད་ཨེ་ཤི་ཡའི་ལྟེ་གནས་སུ་གནས་པ་དང་།དེའི་བྱང་ཤར་རྒྱུད་དུ་རྒྱ་ནག་དང་ལྷོ་ནུབ་ཏུ་རྒྱ་གར་གནས་ཤིང་།ཏག་ཏག་ཡུ་རོབ་དང་ཨེ་ཤི་ཡ་སྐམ་ས་ཆེན་མོའི་གླིང་གཉིས་གདོང་གཏུག་ལས་གྲུབ་པའི་ས་བབ་མཐོ་ཤོས་སུ་གནས་ཡོད།རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་༤༠༠༠ཡན་གྱི་ས་ཁུལ་དེ་བོད་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་༨༠% ལྷག་ཙམ་བཟུང་བས། “འཛམ་གླིང་ཡང་རྩེ་”དང་“སའི་གོ་ལའི་སྣེ་གསུམ་པ་”ཞེས་འབོད་ཀྱི་ཡོད།དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་ཆ་ཞིག་ཡིན་ལ།འགྲོ་བ་མིའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འཐབ་ཇུས་གནས་བབ་མངོན་གསལ་དོད་ཤོས་ཀྱི་ས་ཆ་ཞིག་ཀྱང་ཡིན།བོད་ཀྱི་འཐབ་ཇུས་གནས་བབ་ནི་འགྲན་ཟླ་བྲལ་བའི་མཐོ་གནོན་བཙན་ས་ཞིག་ཡིན་པས།གལ་ཏེ་རྒྱ་ནག་ལ་བོད་མེད་ན།བརྟན་ལྷིང་གི་ལྷོ་ནུབ་ཆེན་པོ་མེད་ལ།ནུབ་བྱང་ས་ཁུལ་དུའང་འགན་སྲུང་བྱེད་དཀའ།རྒྱ་ནག་གིས་བོད་ས་མཐོ་སྒང་བཙན་བཟུང་བྱས་པ་དེས་ཀྱང་རྒྱ་གར་དང་དམག་འཁྲུག་བྱུང་ན་རྒྱ་ནག་མི་ཕམ་པའི་གནས་སུ་ལངས་ཐུབ།དེ་ཡང་བོད་ཀྱི་མཐའ་མཚམས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཀི་ལོ་མི་ཊར་༤༠༠ཙམ་ལས་མེད།རྒྱ་གར་ནས་རྒྱ་ནག་རྒྱལ་ས་པེ་ཅིན་བར་ཀི་ལོ་མི་ཊར་༤༠༠༠ཟིན་ཡོད།ཧ་ལམ་ལྡབ་བཅུ་ཡས་མས་རེད།དེའི་ཐོག་ནས་གལ་ཏེ་རྒྱ་གར་དང་རྒྱ་ནག་བར་གདོང་ཐུག་ཤོར་ན།རྒྱ་ནག་གིས་བོད་དུ་རྒྱང་ཐག་ཀི་ལོ་མི་ཊར་༤༠༠ཅན་གྱི་འཐབ་རྩལ་འཕུར་མདེལ་གཅིག་བཀོད་སྒྲིག་བྱས་ན་འགྲིགའོན་ཀྱང་རྒྱ་གར་གྱིས་ངེས་པར་དུ་མདའ་རྒྱང་ཀི་ལོ་མི་ཊར་༤༠༠༠ཡན་གྱི་འཕུར་མདའ་བཀོད་སྒྲིག་བྱ་དགོས།དེ་ནི་རིན་གོང་ཤིན་ཏུ་མཐོ་བའི་འཐབ་ཇུས་རིམ་པའི་མཚོན་ཆ་རེད།དེ་བཞིན་ས་བབ་མཐོ་བའི་དབང་གིས་བོད་ས་མཐོ་སྒང་ནས་རྒྱལ་ཁབ་གང་རུང་ལ་འཕུར་མདའ་འཕེན་དགོས་བྱུང་ན།མ་གནས་དམའ་བ།མདའ་རྒྱང་རིང་བ།གནད་ཁེལ་ཚད་མཐོ་བ་བཅས་ཡོད།འཕུར་མདའ་འགོག་པའི་མ་ལག་གི་ཕྱོགས་ལ་ཡང་འབུར་དུ་ཐོན་པའི་བཟང་ཆ་མང་པོ་ཡོད།ད་ཆ་རྒྱ་ནག་གིས་བོད་དུ་བཙུགས་པའི་ཁུང་ཡན་ཁ་ལའི་རེག་བརྡ་ས་ཚིགས་ཆེ་གྲས་(空颜喀拉巨型雷达站)དེས་གཏིང་ཟབ་པའི་རྒྱ་གར་གྱི་ས་ཁོངས་ཡོངས་ལ་བལྟ་ཐུབ།དེས་ཀྱང་རྒྱ་གར་གྱི་བྱ་སྤྱོད་ཚང་མ་སྟངས་འཛིན་བྱེད་བཞིན་ཡོད།དེར་བརྟེན་རྒྱ་དཀར་ནག་གྱི་ངོས་ནས་བརྗོད་ན་བོད་ནི་དམག་དོན་ཐོག་ངེས་པར་དུ་རྩོད་ལེན་བྱེད་པའི་མཐོ་གནོན་བཙན་ས་ཞིག་ཡིན་ཞིང་།དེའི་འཐབ་ཇུས་གནས་བབ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་།སུ་ལ་བོད་ཡོད་ན་དེར་འཐབ་ཇུས་ཀྱི་ལེགས་ཆ་དང་རང་འགུལ་གྱི་ནུས་པ་ལྡན་ཡོད།གཞན་ཡང་བོད་ས་མཐོ་སྒང་ནི་ཨེ་ཤི་ཡའི་ཆུ་གསོག་མཐོ་ལྕོག་དང་།ཨེ་ཤི་ཡ་ཤར་མ་དང་།ཨེ་ཤི་ཡ་ཤར་ལྷོ།ཨེ་ཤི་ཡ་ལྷོ་མ་བཅས་ཀྱི་གཙང་པོ་ཆེ་གྲས་ཚང་མ་བོད་ནས་ཐོན་ཀྱི་ཡོད།ལྷག་པར་དུ་རྒྱ་དཀར་ནག་གི་ངོས་ནས་བརྗོད་ན།བོད་ནི་རྒྱལ་ཁབ་ཆེན་པོ་དེ་གཉིས་ཀྱི་ཆུ་སྒོ་(水龙头Faucet)དང་གཅིག་མཚུངས་ཡིན་ཞིང་།ཨེ་ཤི་ཡའི་གླིང་ཕྲན་གྱི་མི་གྲངས་དུང་ཕྱུར་༢༠ཙམ་གྱི་འཚོ་བའི་ཐད་མེད་དུ་མི་རུང་བའི་ཚྭ་མེད་ཆུ་ཡི་འབྱུང་ཁུངས་ཡིན།
༦རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས།
གོང་སྨྲས་ལྟར།༡༩༦༢ལོར་མཐའ་མཚམས་ཀྱི་གནད་དོན་ཁྲོད་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྐབས་ཤིག་རིང་སྡུག་ཏུ་སོང་བ་རེད།༡༩༨༨ལོར་རྒྱ་གར་གྱི་དབུ་བཞུགས་བློན་ཆེན་ལཱ་ཅི་ཧྥུའུ·ཀན་ཏིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་དང་།ཕྱོགས་གཉིས་ཀྱི་འབྲེལ་བ་གནས་སྐབས་སུ་ཡག་ཏུ་ཕྱིན་ཡོད།༢༠༠༣ལོར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་རྒྱ་གར་དུ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གིས་འབྲས་ལྗོངས་རྒྱལ་ཕྲན་རྒྱ་གར་གྱི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་པ་དང་།རྒྱ་གར་གྱིས་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་དངོས་སུ་ཁས་ལེན་བྱས་པ་རེད།[18]འོན་ཀྱང་ཕྱོགས་གཉིས་པོས་ཨ་ཁེ་སེ་ཆེན་ས་ཁུལ་དང་ཨ་རུ་ཎཱ་ཅལ་ས་ཁུལ་བཅས་ཀྱི་བདག་དབང་བློས་བཏང་མི་འདུགདུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་རྒྱ་དཀར་ནག་གི་འབྲེལ་བ་གཞི་རྩའི་ཆ་ནས་དེ་ལྟ་བུ་ཛ་དྲག་བྱུང་མེད།ཡིན་ནའང་༢༠༡༧ལོ་ནས་བཟུང་རྒྱ་དཀར་ནག་གི་མཐའ་མཚམས་སུ་སྔོན་གྱི་ལྷིང་འཇགས་མེད་པར་གྱུར།དང་ཐོག་དོག་ལམ་དུ་རྒྱ་གར་ནག་བར་ཉིན་༧༣རིང་བསྟུད་མར་ཁ་གཏད་དུ་ལངས་རེས་བྱས།༢༠༢༠ལོའི་ཟླ་༥པར་རྒྱ་དཀར་ནག་བར་རྣ་ཐོས་ལར་གདོང་ཐུག་ཤོར་ནས་ཕྱོགས་གཉིས་ཀྱི་དམག་མི་༡༡ལ་རྨས་སྐྱོན་བྱུང་བ་དང་།དེ་ནས་དཔལ་མགོན་མཚོའི་ཉེ་འགྲམ་དུའང་གདོང་ཐུག་ཤོར།༢༠༢༠ལོའི་ཟླ་༦ཚེས་༡༥ཉིན་རྒྱ་གར་ནག་བར་ལ་དྭགས་གྷལ་ཝན་ལུང་གཤོང་དུ་དེ་བས་ཛ་དྲག་པའི་གདོང་ཐུག་ཤོར་བ་མ་ཟད།ཕྱོགས་གཉིས་ཀྱི་དཔོན་དམག་༢༤རྐྱེན་ལམ་དུ་ཤོར།གྷལ་ཝན་ལུང་གཤོང་གི་གདོང་ཐུག་དེ་ནི་རྒྱལ་ཁབ་གཉིས་པོས་ལོ་༤༥ཡི་རིང་ཚབས་ཆེ་ཤོས་ཀྱི་མཐའ་མཚམས་གདོང་ཐུག་ཅིག་རེད།དེར་བརྟེན་རྒྱ་དཀར་ནག་བར་གྱི་འགལ་ཟླ་ཆེ་རུ་མི་འགྲོ་བའི་ཆེད།༢༠༢༢ལོའི་ཟླ་༧ཚེས་༡༧ཉིན་ལ་སླེབས་པའི་བར་དུ་ཕྱོགས་གཉིས་པོས་ཅུན་ཀྲང་རིམ་པའི་གྲོས་མོལ་སྔ་རྗེས་སུ་ཐེངས་༡༦འཚོགས།དེར་དོན་དངོས་ཀྱི་མཇུག་འབྲས་ཐོན་མེད་ནའང་མཐའ་མཚམས་སུ་གང་འཚམས་བདེ་འཇགས་བྱུང་ཡོད།
མིག་སྔར་རྒྱ་དཀར་ནག་གི་མཐའ་མཚམས་སུ་ཕྱོགས་གཉིས་ཀས་བཟོད་སྒོམ་ཆེན་པོ་བྱེད་བཞིན་གནས་བསྡད་ཡོད།བཟོད་སྒོམ་དེའི་ཁྲོད་དུ་རང་རང་སོ་སོར་བཀག་རྒྱའི་རང་བཞིན་དང་འཐབ་ཇུས་ཀྱི་དམིགས་ཡུལ་འདུས་ཡོད།ཐད་ཀར་བརྗོད་ན།རྒྱ་གར་གྱི་བཟོད་སྒོམ་ནི་དེང་སྐབས་ཁོའི་དམག་དོན་སྟོབས་ཤུགས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྲལ་བ་དང་།གལ་ཏེ་དམག་འཁྲུག་ལངས་པ་དང་།ལྷག་པར་དུ་དགུན་དུས་ཤིག་ལ་ཁེལ་ཚེ་རྒྱ་གར་གྱིས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གཏན་ནས་བྱེད་མི་ཐུབ།དེ་ནི་རྩོད་པ་མི་དགོས་པའི་དོན་དངོས་ཤིག་ཡིན། “དམག་དཔུང་མ་འགུལ་གོང་དུ་དམག་རྒྱགས་སྔོན་ལ་གཏོང་དགོས་”ཟེར་བ་ནི་གནའ་སྔ་མོ་ནས་བཟུང་དམག་འཐབ་ཀྱི་མན་ངག་ཅིག་ཡིན་ཞིང་།འཐབ་འཛིང་གི་ནུས་ཤུགས་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན།གཞན་ཡང་རྒྱ་གར་གྱི་སྐམ་དམག་དང་།མཚོ་དམགམཁའ་དམག་བཅས་ཀྱི་དམག་དོན་སྒྲིག་ཆས་དང་དེ་བཞིན་ཉིང་རྡུལ་འཕུར་མདེལ་འཕེལ་རྒྱས་ཐད་རྒྱ་ནག་དང་དཔུང་པ་མཉམ་གཤིབ་བྱེད་ཐབས་བྲལ་བཟོ་འདུགད་ལྟ་རྒྱ་གར་གྱིས་མནའ་འབྲེལ་མི་བྱེད་པའི་རྩ་དོན་རྦད་དེ་དོར་ནས་མནའ་འབྲེལ་རྒྱ་ཆེན་བྱེད་བཞིན་ཡོད་མོད།དེ་ཡང་རྒྱ་གར་དང་ཨ་རི།ཉི་ཧོང་།ཨོ་སི་ཊི་ལི་ཡ་བཅས་ཀྱིས་“རྒྱལ་ཁབ་བཞིའི་ཚོགས་པ་”བཙུགས།ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་“དམིགས་བསལ་གྱི་འཐབ་ཇུས་དང་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་”བཙུགས།ཨོ་སི་ཊི་ལི་ཡ་དང་ཧིན་རྡུ་ཉི་ཞི་ཡ།རྒྱ་གར་བཅས་ཀྱི་བར་“ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་”སོགས་བཙུགས་ཡོད།ཡིན་ནའང་དངོས་སུ་དམག་འཐབ་སྐབས་རང་ཉིད་ཀྱི་སྟོབས་ཤུགས་དངོས་ལ་བརྟེན་དགོས་པ་གལ་ཆེ།ཕྱིའི་སྟོབས་ཤུགས་ལ་བློས་འགེལ་མི་རུང་།དེར་བརྟེན་རྒྱ་གར་གྱིས་མཐའ་མཚམས་གནད་དོན་ཐད་བཟོད་སྒོམ་བྱས་པ་དེ་ནི་ཡང་དག་པའི་འདམ་ག་ཞིག་རེད།མིག་སྔར་རྒྱ་གར་གྱི་ལེགས་ཆ་ཆེ་ཤོས་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས།རྒྱ་གར་གྱི་དམག་ཁུངས་ནི་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་།འདིའི་ཐད་རྒྱལ་ཁབ་གང་ཡིན་རུང་རྒྱ་གར་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་ཀྱི་མ་རེད།
རྒྱ་ནག་གི་དམག་དོན་ཐོག་ཞན་ཆ་ཆེ་ཤོས་ནི་ཏག་ཏག་རྒྱ་གར་གྱི་དམག་དོན་ཐད་ཀྱི་ལེགས་ཆ་དེ་ཡིན་པ་མ་ཟད།དངོས་ཞབས་དམག་མིའི་ཁྲོད་ཁེར་སྐྱེས་དམག་མི་(独生兵)༨༠% ཡན་ཟིན་ཞིང་།[19]ལང་ཤོར་དུ་སོང་བའི་མི་རབས་འདིས་དམག་དཔུང་དུ་དམག་ཞབས་ཞུ་བཞིན་ཡོད་ནའང་རྒྱ་ནག་གི་དམག་དཔུང་གི་འཐབ་འཛིང་སྟོབས་ཤུགས་ནི་གང་འདྲ་ཡིན་མིན་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ།དེ་བས་ཚབས་ཆེ་བའི་གནད་དོན་ཞིག་ནི་རྒྱལ་སྲུང་པུའུ་ཡིས་ཇི་ལྟར་དམག་བསྡུའི་ཆ་རྐྱེན་དམའ་རུ་བཏང་ནའང་[20]ད་དུང་མི་གྲངས་འདང་ངེས་ཤིག་བསྡུ་ཐུབ་ཀྱི་མེད།ཨུ་རུ་སུའི་སྲིད་འཛིན་ཕུའུ་ཏན་གྱིས་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ལོ་ཕྱེད་རྒྱུན་མཐུད་བྱས་རྗེས་གཞི་ནས་དམག་ཁུངས་ཀྱི་གནད་དོན་ལ་འཕྲད་མོད།འོན་ཀྱང་རྒྱ་ནག་གིས་དམག་མ་བརྒྱབ་གོང་ནས་དམག་ཁུངས་ཀྱི་གནད་དོན་འཕྲད་བསྡད་ཡོད་པ་རེད།ཕྱོགས་གཞན་ནས་བཤད་ན།རྒྱ་ནག་གི་འཕེལ་རྒྱས་ཀྱི་མྱུར་ཚད་དང་ཕྱོགས་བསྡུས་རྒྱལ་སྟོབས་རྒྱ་གར་ལས་ལེགས་པས།རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྟོབས་ཀྱིས་མཐའ་མཚམས་འཛུགས་སྐྲུན་ལ་དངོས་པོའི་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།ལྷག་པར་དུ་རྒྱ་ནག་གིས་བོད་དང་མཐའ་མཚམས་སུ་ལྕགས་ལམ་འཛུགས་སྐྲུན་བྱས་པ་དང་།མཐའ་མཚམས་སུ་དམག་དང་དམངས་མཉམ་འབྲེལ་ཐོག་གྲོང་སྡེ་གསར་འཛུགས་བཅས་ནི་དམག་དོན་འཐབ་ཇུས་ཀྱི་ནུས་ཤུགས་གལ་ཆེན་ཞིག་ཆགས་བསྡད་ཡོད།དེར་བརྟེན་རྒྱ་ནག་གིས་མཐའ་མཚམས་སུ་རྒྱ་གར་ལ་བཟོད་སྒོམ་བྱེད་པ་ནི།རྒྱ་གར་གྱི་སེམས་ཚོར་དང་གདོང་མདོག་ལ་བལྟས་པ་ཞིག་མ་རེད་ལ།རྒྱ་གར་ལ་ཞེད་སྣང་སྐྱེས་པ་ནི་དེ་བས་ཀྱང་མ་རེད་དོ།།དེ་ནི་རྒྱ་ནག་རང་ལ་ཞི་བདེའི་ཁོར་ཡུག་ཅིག་དགོས་པ་དང་།ཁོར་ཡུག་དེའི་ནང་རང་ཉིད་འཕེལ་རྒྱས་གཏོང་དགོས་པའི་དབང་གིས་རེད།དེ་ཡང་རྒྱ་ནག་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་“ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་བ་བྱས་ཏེ་དུས་མཚམས་གཉིས་སུ་དབྱེ་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་སྟེ།༢༠༣༥ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་གྱུར་བྱ་རྒྱུ་དང་།དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་ཡིན་”ཞེས་བསྟན་ཡོད།ཁ་གསལ་པོ་བྱས་ན།དེ་ནི་རྒྱ་ནག་གིས་རྒྱལ་སྟོབས་ཨ་རི་ལས་བརྒལ་ནས་འཛམ་གླིང་ཧམ་འཛིན་བྱ་རྒྱུ་དེ་རེད།
རྒྱ་གར་ནག་གི་མཐའ་མཚམས་གནད་དོན་འདིའི་མ་འོངས་པར་ང་ཚོས་ཕྱོགས་ཁ་ཤས་ནས་ཚོད་དཔག་བྱས་ཆོག་སྟེ།གཅིག་ནི།ཞི་ཅིན་ཕིང་གིས་ཐེངས་གསུམ་བསྟུད་མར་རྒྱ་ནག་གི་དབང་ཆ་གཙོ་བོ་བཟུང་ཚར་བ་རེད།ཡིན་ནའང་ཁོས་དབང་ཆ་བཟུང་བ་དེར་ཁ་མོས་ཞེ་མོས་བྱེད་མཁན་ཤིན་ཏུ་ཉུང་།དེར་བརྟེན་ཁོས་ཐེངས་གསུམ་དབང་ཆ་བཟུང་བ་ལ་ཁྲིམས་མཐུན་གྱི་རང་བཞིན་ཡོང་ཆེད།ཞི་ཅིན་ཕིང་གིས་ཀྱང་དྲག་ཤུགས་ལ་བརྟེན་ནས་ཐའེ་ཝན་གཅིག་གྱུར་བྱས་ཏེ་མའོ་ཙེ་ཏུང་གིས་སྒྲུབ་མ་ཐུབ་པའི་དོན་དག་གལ་ཆེན་ཞིག་ཁོས་སྒྲུབ་ཐུབ་ཡོད་པ་སྟོན་རྒྱུ་དང་།དེའི་རྗེས་སུ་གནས་བབ་དང་བསྟུན་ནས་རྒྱ་ནག་དང་རྒྱ་གར་གྱི་མཐའ་མཚམས་རྩོད་གཞིའི་ས་ཁུལ་ཡང་ཚུར་ལེན་ཤོས་ཆེའོ།།
དེ་ཡང་སྔར་མའོ་དང་ཀྲུའུ་གཉིས་ཀྱིས་ཐག་གཅོད་མ་ཐུབ་པའི་མཐའ་མཚམས་གནད་དོན་དེ་ཁོས་ཐག་གཅོད་བྱས་ཏེ།རྒྱལ་ཁབ་ཕྱི་ནང་དུ་ཞི་ཅིན་ཕིང་ནི་མའོ་ལས་ལྷག་པ་ཞིག་ཡིན་ཚུལ་དང་།རང་ཉིད་ཀྱི་རྒྱ་ནག་ཡང་དང་བསྐྱར་དུ་དབང་སྒྱུར་བྱེད་པར་ཁྲིམས་མཐུན་རང་བཞིན་དེ་ལྟར་ཡོང་ཐབས་བྱེད་ཀྱི་རེད།གཉིས་ནི།གལ་སྲིད་ཐའེ་ཝན་གཅིག་གྱུར་བྱེད་མ་ཐུབ་ན།རྒྱ་དཀར་ནག་གི་མཐའ་མཚམས་ལ་བདེ་འཇགས་ཡོང་རྒྱུར་ཐེ་ཚོམ་མེད།རྒྱ་ནག་གཞུང་གིས་དྲག་ཤུགས་ཀྱིས་ཐའེ་ཝན་གཅིག་གྱུར་བྱེད་པ་ལ་ཉེན་ཁ་དང་ངེས་མེད་རང་བཞིན་གང་མང་ཡོད།གསུམ་ནི།གལ་ཏེ་རྒྱ་ནག་གིས་“ལོ་བརྒྱ་གཉིས་པ་”ཞེས་པ་མངོན་གྱུར་བྱེད་ཐུབ་ན།སྐབས་དེར་རྒྱ་ནག་དང་རྒྱ་གར་བར་དམག་འཁྲུག་ཅིག་ཡོད་པ་ནི་གཡོལ་ཐབས་མེད་པ་རེད།རྒྱ་ནག་གི་དཔོན་རིགས་ཁག་གིས་རྒྱུན་དུ་བཤད་བཞིན་པའི་སྐད་ཆ་ཚིག་གཉིས་ལས་རྒྱ་དཀར་ནག་གི་མཐའ་མཚམས་གནད་དོན་ཐད་ཚོད་དཔག་བྱེད་ཐུབ།
དེ་ཡང་རྒྱ་དམར་དཔོན་རིགས་རྣམས་ཀྱི་ཁ་ཅིག་གི་ནང་“དམག་འཁྲུག་ནི་རྒྱ་ནག་གི་ཁེ་ཕན་དང་མཐུན་པ་མ་རེད་”ཅེས་དང་།ཡང་ཁ་ཅིག་གི་ནང་“མཐའ་མཚམས་ཀྱི་གནད་དོན་དེ་ངེས་པར་དུ་དམག་འཁྲུག་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་”ཞེས་ཀྱང་བརྗོད་ཀྱི་ཡོད།སྐད་ཆ་དེ་གཉིས་ལ་ཉན་དུས་འགལ་བ་ཡོད་པ་འདྲ་མོད།འོན་ཀྱང་དོན་དངོས་ཐོག་འགལ་བ་མེད། “དམག་འཁྲུག་ནི་རྒྱ་ནག་གི་ཁེ་ཕན་དང་མཐུན་པ་མ་རེད་”ཅེས་པ་ནི།དེང་གི་དུས་མཚམས་འདིར་ཞི་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་དགོས་ཟེར་པ་མ་གཏོགས་དུས་ནམ་ཡང་ཟེར་བ་མ་རེད།བཞི་ནི།ད་ལྟ་ཞི་ཅིན་ཕིང་གིས་དབང་ཆ་བསྟུད་མར་བཟུང་བའི་དབང་གིས་ཁོ་ལ་ཁ་གཏད་བྱེད་མཁན་ཇེ་མང་དུ་སོང་ཡོད།དེ་ཡང་ཁ་གཏད་བྱེད་མཁན་གོང་འོག་སྡེ་ཚན་ཆེན་པོ་གཉིས་སུ་དབྱེ་ཆོག་སྟེ།གོང་རིམ་གྱི་སྡེ་ཚན་ནང་རྒྱ་ནག་གི་བསླབ་པ་རྒན་གྲས་དང་།རྒྱལ་སྲས་ཤོག་ཁགདབང་འཛིན་དཔོན་རིགས་མི་རབས་གཉིས་པའི་ཤོག་ཁགཅང་ཕའེ་ཤོག་ཁགཐོན་ཕའེ་ཤོག་ཁགསྤྱི་ཚོགས་ཀྱི་ཕུལ་བྱུང་ཅན་ཤོག་ཁག་བཅས་ཡིན།འོག་རིམ་གྱི་སྡེ་ཚན་ནང་རྒྱ་ནག་ནང་གི་ཡེ་ཤུ་ཆོས་ལུགས་པ་དང་།ཡུ་གུར་རིགས།བོད་རིགས།སོག་རིགས།ཧོང་ཀོང་པ།ཤེས་ཡོན་ཅན།དམངས་གཉེར་ཁེ་ལས་པ།དངུལ་རྩའི་སྐྱབས་བཅོལ་བ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་གྲས།ལས་ཀ་ཤོར་བའི་བཟོ་པ།ས་ཞིང་ཤོར་བའི་ཞིང་པ།གོང་གཏུག་ཞུ་བར་ཡོང་བའི་མང་ཚོགས།སྤྱི་དམངས་ཀྱི་གསར་འགོད་པ།ཁེ་དབང་སྲུང་སྐྱོབ་ཁྲིམས་རྩོད་པ་སོགས་ཡིན།སྡེ་ཚན་ཆེན་པོ་འདི་གཉིས་ཞི་ཅིན་ཕིང་ལ་འཁོན་འགྲས་ཡོད།དམངས་ཀྱི་འཁོན་འཛིན་ནི་མེ་རིའི་རྡོ་ཞུན་དང་འདྲ་བར་ས་འོག་ཏུ་གནས་ཡོད།མཇུག་མཐར་ཡར་འཕྱུར་ངེས་ཡིན།
སྐབས་དེར་རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་དེ་རྦད་དེ་འཇིག་འགྲོ་བ་དང་།དེ་བཞིན་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གཞི་ཡང་མེད་པར་འགྱུར་བ་ཡིན་ཏེ།མ་མཐར་ཡང་ཛ་དྲག་གི་རྣམ་པ་འདི་འདྲར་འཕྲད་སྲིད་ཀྱི་མ་རེད་སྙམ།གང་ལྟར་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་འགྱུར་ལྡོག་འཕེལ་ཕྱོགས་ཐད།ཉེ་དུས་སུ་ཐའེ་ཝན་དྲག་ཤུགས་ཀྱིས་གཅིག་གྱུར་ཡོང་མིན་ལ་ལྟ་རྒྱུ་དང་།ཡུན་རིང་བྱས་ན་རྒྱ་ནག་གིས་ལོ་བརྒྱ་གཉིས་པ་མངོན་སུམ་དུ་འགྱུར་ཐུབ་མིན་ལ་ལྟ་རྒྱུ།འདི་རྒྱ་དཀར་ནག་ས་མཚམས་ཀྱི་རླུང་ཁ་ཕྱོགས་སྟོན་ལྟ་བུ་ཡིན་སྙམ།
མཇུག་བསྡོམས།
རྒྱ་དཀར་ནག་གཉིས་མཐའ་མཚམས་ཀྱི་གནད་དོན་ཐད་གདོང་ཐུག་བརྒྱབ་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་སོང་ཡང་མཐའ་མཚམས་ཀྱི་གནད་དོན་རང་འཇགས་སུ་གནས་པ་མ་ཟད།དེ་ལས་ལྡོག་སྟེ་དེ་བས་རྣོ་ངར་ཆེ་བ་དང་དེ་བས་རྙོག་འཛིང་ཆེ་བ་ཞིག་ཏུ་ཆགས་ཡོད།དེ་ནི་ལོ་རྒྱུས་དང་།བཅའ་ཁྲིམས།ས་ཁམས།ཆོས་ལུགས་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་ལ།རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་བརྩེ་དུང་བཅས་ལའང་འབྲེལ་བ་ཡོད་པས།མཐའ་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་སྣེ་མང་རྙོག་འཛིང་དུ་གྱུར་ཡོད།གོང་དུ་བརྗོད་པ་ལྟར།རྒྱ་དཀར་ནག་གི་མཐའ་མཚམས་གནད་དོན་ནི་ནུབ་ཕྱོགས་མི་སེར་སྤེལ་ཡུལ་རིང་ལུགས་པས་ང་ཚོར་བཟོས་པའི་ལོ་རྒྱུས་རང་བཞིན་གྱི་གོད་ཆགས་རྙོག་གྲ་ཞིག་ཡིན་ཞིང་།གནས་བབ་དམིགས་བསལ་དང་གནད་དོན་རྙོག་འཛིང་ཆེ་བ་བཅས་ཡིན་པས།དེར་ཆབ་སྲིད་དང་དེ་བཞིན་དམག་དོན་བྱེད་ཐབས་སྤྱད་ཀྱང་ཐག་གཅོད་བྱེད་མི་ཐུབ།དེ་ཐག་གཅོད་བྱེད་ཐབས་ཡག་ཤོས་ནི།རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡང་ན་མི་དམངས་ཀྱི་བསམ་འདུན་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་ཡིན།གང་ལྟར་ང་ཚོས་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱེད་དགོས་སོ།།
[1].ཝེ་ཁི་ཤེས་བྱ་ཀུན་བཏུས།维基百科
[2]. ཐེ་ཝན་གླིང་ཕྲན་གྱི་རྒྱ་ཁྱོན་ལ་ཀེ་ལོ་སྨི་ཊ་གྲུ་བཞི་མ་ཁྲི༣.༦རེད།
[3].第三世界主义(英语:Third-Worldism)是一个在1940年代晚期至1950年代早期冷战时期出现的政治理念与意识形态,旨在团结起不愿加入美国或苏联阵营的国家。https://zh.wikipedia.org/zh-cn/ འཛམ་གླིང་གསུམ་པའི་རིང་ལུགས་ནི་༡༩༤༠ལོའི་དུས་མཇུག་ནས་༡༩༥༠ལོའི་ཐོག་མའི་དུས་སུ་བྱུང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན་ཞིང་།དེའི་དམིགས་ཡུལ་ནི་ཨ་མེ་རི་ཀའམ་སུའུ་ལེན་གྱི་དཔུང་ཚོགས་སུ་ཞུགས་འདོད་མེད་པའི་རྒྱལ་ཁབ་རྣམས་ལ་མཐུན་སྒྲིལ་བྱ་རྒྱུ་དེ་རེད།
[4]. https://www.zhihu.com/question/332253691/answer/1784656534
[5]. Ajay B. Agrawal, India, Tibet and China: the Role Nehru played, N. A. Books International, 2003, P.21.
[6].Bhim Sandhu, Unresolved Conflict China and India, New Delhi, Radiant Publishers, 1988, P.89.
[7].https://zhuanlan.zhihu.com/p/149994026
[8].ཚའོ་ཡུང་ཧྲེང་།ལུའོ་ཅན་བཅས་ཀྱིས།ཨེ་ཤི་ཡ་ལྷོ་མའི་གླང་ཆེན་རྒྱ་གར་གྱི་དམག་དོན་འཐབ་ཇུས་ཀྱི་འཕེལ་རྒྱས་དང་ད་ལྟའི་གནས་ཚུལ།(pdf)པེ་ཅིན།བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་།༢༠༠༢ ISBN 7-5065-4191-2.
[9].https://zh.m.wikipedia.org/zh/中印边境战争རྒྱ་གར་གྱི་མཐའ་མཚམས་དམག་འཁྲུག
[10].ཝེ་ཁི་ཤེས་བྱ་ཀུན་བཏུས།维基百科
[11]. ༸གོང་ས་མཆོག་གི་མཛད་རྣམ།བཙན་བྱོལ་ནང་གི་རང་དབང་།
[12].༸གོང་ས་མཆོག་གི་མཛད་རྣམ།བཙན་བྱོལ་ནང་གི་རང་དབང་།
[13]. རྒྱ་གར་གྱིས་བོད་ཀྱི་ཆེད་དུ་དེ་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་ནང་ཚུད་འདོད་མེད་པ་དང་།དབྱིན་ཇིས་ཧོང་ཀོང་གི་སྟེང་ཁོང་ཚོའི་ཁེ་ཕན་ལ་གནོད་འཚེ་ཕོག་ཡོང་བ་དོགས་ནས་དེ་བས་དོ་ཁུར་མ་བྱས་པ་རེད།
[14].https://zh.m.wikipedia.org/zh/中印边境战争རྒྱ་གར་གྱི་མཐའ་མཚམས་དམག་འཁྲུག
[15].༸གོང་ས་མཆོག་གི་མཛད་རྣམ།བཙན་བྱོལ་ནང་གི་རང་དབང་།
[16].༸གོང་ས་མཆོག་གི་གསུམ་བཅུ་དུས་དྲན་སྐབས་སོ་སོར་བསྩལ་བའི་གསུང་འཕྲིན་ཕྱོགས་བསྒྲིགས།༡༩༦༦ལོ།
[17]. རྒྱ་ནག་གི་ཕྱི་འབྲེལ་པུའུ་དྲ་བ།རྒྱ་ནག་དང་རྒྱ་གར་བར་གྱི་འབྲེལ་བ།ཞེས་པའི་ནང་།
[18].Wikiwand:2020年,中印边境冲突
[19]. 新浪军事网:http://www.sina.com.cn.北京晚报:“我军作战部队独生子女所占比例超过80%”
[20]. གཟུགས་པོའི་མཐོ་ཚད་དང་།ལྗིད་ཚད།ལོ་ཚད།ཤེས་ཚད་སོགས།