སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཉེ་སྔོན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཉེར་བའི་ ༢༠༡༥ ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་པེ་ཅིང་གྲོང་ཁྱེར་གྱི་ནུབ་ལྷ་ཁང་སེར་པོ་རུ་འཚོགས།
ཚོགས་འདུའི་དུས་ཡུན་ཉིན་གཅིག་དང་ཕྱེད་ཀའི་ནང་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་དང་བོད་རིག་པའི་ཁྱབ་ཁོངས་ཀྱི་མཁས་པ། གཞན་གདན་ཞུས་སྐུ་མགྲོན་སོགས་ ༦༠ ལྷག་གཅིག་ཏུ་འཛོམས་ཏེ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་ཚོགས་ཆུང་བགར་ནས་གྲོས་གླེང་གནང་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པན་ཆེན(རྫུན་མ)ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་དུས་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་བཏོན་གནང་བའི་བླང་བྱར་དམིགས་ནས“བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་ནང་དགེ་སྒྲུབ་སྡིག་སྤོང་དང་། འདྲ་མཉམ་དཀྱེལ་ཡངས། དབུལ་སྐྱོར་དཀའ་སེལ་ལ་སོགས་པའི་དགེ་བའི་བསམ་པ་དར་སྤེལ་གཏོང་བ”ཞེས་པ་བརྗོད་གཞི་གཙོ་བོར་བྱས་ནས་ཞིབ་གྲོས་དང་སྤེལ་རེས་གཏིང་ཟབ་པོ་གནང་།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པན་ཆེན(རྫུན་མ)ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགན་འཛིན་འཇམ་དབྱངས་བཞད་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་འགོ་ཚུགས་མཛད་སྒོར་ཞུགས། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༤ ཉིན༽
༢༽ ཉེ་ཆར《བོད་ལྗོངས་ལོ་རྒྱུས་དེབ་ཐེར་ཆེ་མོ》ཞེས་པའི་དཔེ་དེབ་པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཐོག་མར་འགྲེམས་སྤེལ་བྱས་ཤིང་། དཔེ་དེབ་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་ནས་འགན་འཁུར་བའི་རྒྱལ་ཁབ་ཀྱི་ཚན་ཞིབ་གཙོ་གནད་ཅིག་ཡིན་པ་དང་། ཁྱོན་བམ་པོ་ ༨ དང་། དེབ་ ༡༣ ཡིག་འབྲུ་ཁྲི་ ༩༠༠ ལྷག་ཟིན་པ་དང་། དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། དེ་ནི་རྒྱལ་ནང་དུ་འཐུས་ཚང་དང་། ཁྱོན་ཡོངས། བརྒྱུད་རིམ་བཅས་ལྡན་པའི་ངང་བོད་ས་གནས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱས་པའི་བརྩམས་ཆོས་ཐོག་མ་ཡིན་པ་མ་ཟད། ཀྲུང་གོའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་ཁར་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
《བོད་ལྗོངས་ལོ་རྒྱུས་དེབ་ཐེར་ཆེ་མོ》ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྷག་པ་ཕུན་ཚོགས་ཀྱིས《བོད་ལྗོངས་ལོ་རྒྱུས་དེབ་ཐེར་ཆེ་མོ》ཡི་ནང་ལོ་རྒྱུས་དོན་དངོས་མང་པོ་དང་། དཔྱད་ཡིག་འབོར་ཆེན། དབྱེ་ཞིབ་ནན་པོ་བཅས་ལ་བརྟེན་ནས་ལོ་རྒྱུས་ཀྱི་གནད་དོན་མང་པོ་གསལ་བར་བྱས་ཡོད་པར་བརྟེན། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་འཛིན་སྐྱོང་སྤེལ་གསུམ་དང་། མི་རིགས་ཀྱི་སྤོབས་པ་ཆེར་གཏོང་། བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། ཞབས་འདེགས་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༡༡ ཚེས་ ༥ ཉིན༽
༣༽ ཉེ་ཆར་གཞིས་ཀ་རྩེ་གྲོང་ཁྱེར་དུ་མཁའ་སྐྱོད་སྦྲག་ལམ་ཐོག་མ་ཤར་གཏོང་བྱས་ཏེ་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པས། སྦྲག་དངོས་སྐྱེལ་འདྲེན་སྔར་ལས་དུས་ཐོག་ཏུ་བྱེད་ཐུབ་རྒྱུ་རེད།
དེ་སྔོན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མྱུར་སྐྱེལ་ཕྱིར་གཏོང་སྦྲག་དངོས་ཚང་མ་ལྷ་སའི་སྦྲག་ཁུལ་ལ་བརྒྱུད་སྤྲོད་བྱས་ཏེ་སྒྲུག་གསེས་བཏང་རྗེས་ལྷ་སའི་མཁའ་སྐྱོད་ས་ཚིགས་བརྒྱུད་དེ་ཁྲེན་ཏུའུ་ལ་གཏོང་གི་ཡོད་པས། དུས་ཚད་ཅུང་རིང་བ་རེད། གཞིས་ཀ་རྩེ་གྲོང་ཁྱེར་དུ་མཁའ་སྐྱོད་སྦྲག་ལམ་ཤར་གཏོང་བྱས་རྗེས་མྱུར་སྐྱེལ་སྦྲག་བསྐུར་སྡེབ་སྒྲིལ་ཐད་ཀར་གཞིས་ཀ་རྩེ་མཁའ་སྐྱོད་ས་ཚིགས་ནས་ཁྲེན་ཏུའུ་ལ་གཏོང་སྐྱེལ་བྱས་ཆོག་པས། སྐྱེལ་འདྲེན་དུས་ཚོད་ཉིན་གཉིས་སམ་གསུམ་ཐུང་དུ་འགྲོ་རྒྱུ་རེད།
གཞིས་ཀ་རྩེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འབྲུའི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རིག་གནས་དར་ཡུལ་གལ་ཆེན་ཞིག་ཀྱང་རེད། དེའི་ས་ཁོངས་སུ་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་དང་། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་པ་ལ་སོགས་པའི་གནས་ལྗོངས་གྲགས་ཅན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༦ ཉིན༽
༤༽ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོ་སིང་ཀ་ཕོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐའེ་ཝན་ཕྱོགས་ཀྱི་འགོ་ཁྲིད་མ་དབྱིང་ཅིའུ་དང་མཇལ་འཛོམས་གནང་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། དེ་ནི་ ༡༩༤༩ ལོ་ཚུན་ངོགས་གཉིས་ཀྱི་འགོ་ཁྲིད་མི་སྣ་མཇལ་འཛོམས་གནང་ཐེངས་དང་པོ་དེ་ཡིན་པ་རེད།
ཞིས་ཅིན་ཕིང་གིས་དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན། ངོགས་གཉིས་ཀྱི་འགོ་ཁྲིད་པ་མཇལ་འཛོམས་བྱུང་བ་དེས་ངོགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་ལེའུ་ཕྱེ་ཡོད། ལོ་རྒྱུས་ཀྱིས་དེ་རིང་གི་དུས་འདི་ངེས་སྲིད། དུས་ཡུན་རིང་པོའི་ནང་ཐའེ་ཝན་དུ་སྤྲིན་ནག་འཁྲིགས་པ་དང་། ངོགས་གཉིས་དམག་དོན་ཐད་ཁ་གཏད་དུ་ལངས་པ། སྤུན་ཟླ་དབར་རྒྱ་མཚོས་ཆོད་ནས་རྒྱང་ལྟ་བྱེད་པ། སྤུན་མཆེད་དབར་འབྲེལ་བ་ཆད་པ་བཅས་ཁྱིམ་ཚང་མང་པོར་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་རྨ་ཁ་བཟོས་ཡོད་ལ་ཐ་ན་སུབ་ཐབས་བྲལ་བའི་བློ་ཕམ་ཡང་བྱུང་ཡོད། དེ་ལྟར་ན་ཡང་། མཚོ་འགག་གིས་སྤུན་ཟླའི་བརྩེ་སེམས་གཅོད་མི་ཐུབ་ལ། ཕ་ཡུལ་ལ་བཅངས་པའི་དྲན་སེམས་དང་ཁྱིམ་ཚང་མཉམ་འཛོམས་ཀྱི་སྤུན་ཟླའི་འདུན་པ་དེ་འགོག་མི་ཐུབ། སྤུན་ཟླའི་དབར་གྱི་བརྩེ་དུང་སྟོབས་ཤུགས་ཀྱིས་མཐར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ངོགས་གཉིས་ཀྱི་བཀག་སྡོམ་གྱི་རྒྱལ་སྒོ་དེ་ཕྱེ་ཡོད། ༢༠༠༨ ལོ་ཚུན་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད། འདས་ཟིན་པའི་ལོ་བདུན་ནང་། ཐའེ་ཝན་གྱི་དུས་བབ་བརྟན་ལྷིང་ཞི་མཐུན་ཡིན་ལ། ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ངོགས་གཉིས་དང་རྒྱ་ཆེའི་སྤུན་ཟླ་ཚོས་དེའི་ཐད་རྔུལ་ཆུ་འབོར་ཆེན་བཏོན་ཡོད། དེ་ལྟ་བུའི་ལོ་བདུན་གྱི་འབད་བརྩོན་འོག་ངོགས་གཉིས་ཀྱིས་གཞི་ནས་དེ་རིང་གི་ལོ་རྒྱུས་རང་བཞིན་གྱི་གོམ་པ་དེ་སྤོ་ཐུབ་པ་བྱུང་ཡོད་ཅེས་གསུངས།
ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ལོ་ ༦༦ གི་འཕེལ་རྒྱས་ལོ་རྒྱུས་ཐོག་ནས་ངོགས་གཉིས་ཀྱི་སྤུན་ཟླར་དྲག་ཆར་རླུང་འཚུབ་གང་རུང་འཕྲད་པ་དང་ཡུན་རིང་འབྲེལ་བ་ཆད་ཀྱང་སྟོབས་ཤུགས་གང་རུང་གིས་ང་ཚོ་ཁ་ཕྲལ་གཏོང་མི་ཐུབ་པ་གསལ་བཤད་བྱས་ཡོད། མིག་སྔར་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་དང་འགྲོ་ལམ་གྱི་གདམ་ག་འཕྲད་ཡོད། ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ནས་ངོགས་གཉིས་ཀྱིས་བློ་སྒོ་འབྱེད་ཐུབ་པ་བྱས་ཏེ་མི་རིགས་ལ་འཛིན་པའི་འགན་འཁྲི་དང་ལོ་རྒྱུས་ལ་འཛིན་པའི་འགན་འཁྲི་འཁུར་ནས་ལོ་རྒྱུས་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་ཡང་དག་གདམ་ག་བྱེད་དགོས་ཞེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་དེ་རིང་ང་ཚོ་མཉམ་དུ་སྡོད་པ་འདི་ནི་ལོ་རྒྱུས་ཀྱི་ཡ་ང་བའི་སྡུག་བསྔལ་བསྐྱར་དུ་མི་ཐོན་པ་བྱེད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་ཤོར་བ་བྱེད་པ། ངོགས་གཉིས་ཀྱི་སྤུན་ཟླར་མུ་མཐུད་དེ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་གཏོད་རྒྱུ། ང་ཚོའི་ཕ་ཚ་བུ་རྒྱུད་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྤྱོད་ཐུབ་རྒྱུ་བཅས་ཀྱི་ཆེད་དུ་ཡིན། དུས་བབ་གསར་པར་ཕྱོགས་པ་དང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ངོགས་གཉིས་ཀྱིས་བློ་ལ་མི་རིགས་ཧྲིལ་པོའི་ཁེ་ཕན་འཆང་བ་དང་དུས་རབས་མདུན་སྐྱོད་ཀྱི་གོམ་སྟབས་ཀྱི་རྗེས་བསྙེགས་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་གནས་བབ་ཆེན་པོ་སྲ་བརྟན་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས་ཞེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་དེའི་ཐད་དགོངས་འཆར་བཞི་བཏོན་གནང་བ་སྟེ།
གཅིག ངོགས་གཉིས་ཀྱིས་ཐུན་མོང་གི་ཆབ་སྲིད་རྨང་གཞིར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ལོ་བདུན་རིང་གི་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་མངོན་འགྱུར་ཐུབ་མིན་གྱི་འགག་རྩ་དེ་ཕྱོགས་གཉིས་པོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་འཛུགས་རྒྱུར་ཐུག་ཡོད། དེ་ལྟ་བུའི་རྨང་གཞི་མེད་ན། ཞི་བའི་འཕེལ་རྒྱས་ཀྱི་གྲུ་གཟིངས་ལ་རྦ་རླབས་ཀྱི་འཇིགས་པ་འཕྲད་སྲིད་ལ། ཐ་ན་རྦད་དེ་མགོ་རྟིང་ལོག་སྲིད།
“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ལ་ངོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་དབང་བསྐུར་ཁས་ལེན་ཐོབ་པ་མ་ཟད། ངོགས་གཉིས་པོའི་དམངས་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཀྱང་ཐོབ་ཡོད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གལ་འགངས་ཆེ་དོན་ནི་དེའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི་ཐོག་ངོགས་གཉིས་ཀྱི་འབྲེལ་བའི་རྩ་བའི་ངོ་བོ་གསལ་པོ་བཟོས་ཡོད་པས་ཡིན། དེས་སྐམ་ས་ཆེ་མོ་དང་ཐའེ་ཝན་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་མིན་པ་དང“ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག”གི་འབྲེལ་བ་མིན་པ་གསལ་པོ་བསྟན་ཡོད། ངོགས་གཉིས་ད་བར་གཅིག་གྱུར་བྱུང་མེད་ཀྱང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ཁ་བྲལ་མེད། ངོགས་གཉིས་རྒྱལ་ཁབ་གཅིག་གི་ཁོངས་སུ་གཏོགས་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་ནི་མི་རིགས་གཅིག་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་རིགས་རྨང་གཞི་དེར་འགྱུར་ལྡོག་བྱུང་མེད་ལ། འགྱུར་ལྡོག་འགྲོ་ཡང་མི་སྲིད།
གཉིས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སྲ་བརྟན་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ལོ་སུམ་ཅུ་ལྷག་ཙམ་རིང་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ཡོད། ༢༠༠༨ ལོའི་རྗེས་ངོགས་གཉིས་ཀྱི་འབྲེལ་བ་དེ་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ ༡༩༤༩ ལོ་ཚུན་གྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཞི་བདེ་དགོས་པ་ལས་གདོང་ཐུག་མི་དགོས་པ་དང་། སྤེལ་རེས་བྱེད་པ་ལས་ལོགས་སུ་མི་དགར་བ། མཐུན་སྦྱོར་མཉམ་ལས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་བཅས་དེ་དག་ནི་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་ཐུན་མོང་གི་བསམ་འདུན་ཡིན། ངོགས་གཉིས་ཀྱི་འབྲེལ་བ་དེ་སྔ་ལྟར་གདོང་ཐུག་དྲག་པོ་དང་རྣོ་ངར་ཁ་གཏད་ཀྱི་དགྲར་འཛིན་རྣམ་པར་གནས་རྒྱུ་མེད།
ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱིས་ང་ཚོར་ཐའེ་ཝན་ཟང་ཟིང་ཛ་དྲག་དང་ངོགས་གཉིས་གདོང་ཐུག་དགྲར་ལངས་ན་དམངས་ཚོགས་ལ་གནོད་འཚེ་ཕོག་རྒྱུ་ཉག་གཅིག་ཡིན་པ་དང་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ནས་གཉིས་ཁེ་གཉིས་ཕན་གྱི་ལམ་བུ་དོན་གཉེར་བྱ་རྒྱུ་དེ་ངོགས་གཉིས་ལ་ཕན་པ་དང་བྱས་རྗེས་མི་རིགས་ལ་འཇོག་པའི་བྱ་བ་ཞིག་ཡིན་པ་བསྟན་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཞི་བདེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་། ངོགས་གཉིས་ཀྱི་དགྲར་འཛིན་བསམ་པ་རྦད་དེ་སེལ་བ། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལམ་ལུགས་ཀྱི་སྒྲོམ་གཞི་བརྟན་པོ་ཞིག་ཧུར་ཐག་སྐྲུན་དགོས།
གསུམ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བས་ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ་ཐུབ། ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཞི་འཛིན་ས་དང་དོན་ལ་བབ་ས་ནི་སྤུན་ཟླའི་དབར་གྱི་བརྩེ་དུང་དང་བདེ་སྐྱིད་ཟབ་ཏུ་བཏང་ནས་ངོགས་གཉིས་ཀྱི་སྤུན་ཟླ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་ཡིན། ངོགས་གཉིས་ཀྱི་སྤུན་ཟླའི་བརྩེ་དུང་དང་བདེ་སྐྱིད་ཟབ་ཏུ་གཏོང་རྒྱུར་ཕན་པའི་བྱ་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་པའི་བྱ་བ། ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཕན་པའི་བྱ་བ་བཅས་ཡིན་ཕྱིན་ངོགས་གཉིས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་བསྒྲུབས་པ་དང་འབྲེལ་བྱ་བ་ཡག་པོ་བསྒྲུབས་དགོས།
བཞི། བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་༥༠༠༠ ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་མོད། འོན་ཀྱང་ཉེ་རབས་ཚུན་སྟོབས་ལྡན་རྒྱལ་ཁབ་ཀྱི་བརྙས་བཅོས་ཐེངས་མང་ཕོག་ཡོད། ལོ་ ༡༢༠ གོང་ཐའེ་ཝན་ཕྱིའི་མི་རིགས་ཀྱིས་བཙན་བཟུང་བྱས་པ་དེ་མི་རིགས་ཧྲིལ་པོའི་སེམས་ལ་གྲི་ཟུག་པ་ལྟར་གྱི་སྡུག་བསྔལ་དུ་གྱུར་ཡོད། ༡༩༤༥ ལོར་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ཐའེ་ཝན་སླར་གསོ་བྱུང་སྟེ་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་མི་རིགས་ཀྱི་མཚན་ཤས་མེད་པ་བཟོ་ཐུབ་པ་བྱུང་ཡོད། ལོ་རྒྱུས་ཀྱི་འཕོ་འགྱུར་ནས་བལྟས་ན། ངོགས་གཉིས་ནི་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་ཟབ་མོ་ཚོར་ཐུབ། མི་རིགས་སྟོབས་འབྱོར་ལྡན་པ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་དང་། མི་རིགས་ཉམས་རྒུད་དང་ཟང་ཟིང་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཆག་སྒོ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ངོགས་གཉིས་ཀྱི་སྤུན་ཟླའི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད།
མ་དབྱིང་ཅིའུ་ཡིས་ ༢༠༠༨ ལོ་ཚུན་ངོགས་གཉིས་ཀྱིས་ཞི་བདེ་བརྟན་ལྷིང་གི་ཐའེ་ཝན་མཚོ་འགག་གི་དུས་བབ་ཐུན་མོང་ཐོག་བཏོད་པར་བརྟེན་ངོགས་གཉིས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་བསྔགས་བརྗོད་ཐོབ་པ་དེར་གཅེས་འཛིན་བྱེད་དགོས། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ནི་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཞིག་ཡིན་པས་ངོགས་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”བརྟན་དུ་གཏོང་བ་དང་། སྤེལ་རེས་མཉམ་ལས་རྒྱ་ཆེ་དང་ཟབ་ཏུ་གཏོང་བ། གཉིས་ཁེ་གཉིས་ཕན་ཟབ་ཏུ་གཏོང་བ། ངོགས་གཉིས་ཀྱི་སེམས་ཁམས་འབྲེལ་བ་ཉེ་རུ་གཏོང་བ་བཅས་བྱས་ཏེ་ཕྱི་ཕྱོགས་ལ་ངོགས་གཉིས་ཀྱི་འབྲེལ་བ་དེ་མཚོ་འགག་ངོགས་གཉིས་ཀྱིས་ཞི་བའི་ངང་ཐག་གཅོད་ཐུབ་རྒྱུ་ཡིན་པ་སྟོན་དགོས་པ་དང་འབྲེལ་བློ་སེམས་གཅིག་མཐུན་གྱིས་ངོགས་གཉིས་ཀྱི་མི་རབས་རྗེས་མར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས།
ཕྱོགས་གཉིས་པོས་ ༢༠༠༨ ལོ་ཚུན་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་ཡོད། ཕྱོགས་གཉིས་པོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ཐུན་མོང་གི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། འབྲེལ་མཐུད་གླེང་མོར་ཤུགས་སྣོན་རྒྱག་པ། ངོགས་གཉིས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ། ཕན་ཚུན་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་བ། གཉིས་ཁེ་གཉིས་ཕན་མངོན་འགྱུར། ངོགས་གཉིས་ཀྱི་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་པ། ངོགས་གཉིས་ཀྱི་སྤུན་ཟླ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ། ཚང་མ་མེས་པོ་ཡན་ཧོང་གི་མི་རྒྱུད་ཡིན་པས་ལག་གདང་སྦྲེལ་ནས་མཉམ་ལས་བཅས་བྱས་ཏེ་ཀྲུང་ཧྭ་དར་རྒྱས་དང་མི་རིགས་བསྐྱར་དར་ཡོང་རྒྱུར་གཞོལ་དགོས་པའི་ངོས་འཛིན་གནང་བ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༩ ཉིན༽
༥༽ ཟླ་ ༡༡ ཚེས་ ༧ ཉིན་ ༢༠༡༥ ལོའི་ཀྲུང་གོའི་བོད་ཀྱི་མིག་མངས་སྐོར་གྱི་ཞིབ་གྲོས་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་ཝེ་ཆི་མིག་མངས་ཆེད་མཁས་པ་དང་། འཛམ་གླིང་ཐོག་གི་ཝེ་ཆི་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མྱོང་མཁན། བོད་ལྗོངས་ཀྱི་མིག་མངས་ལས་རིགས་ཀྱི་མི་སྣ། བོད་ཀྱི་མིག་མངས་ལ་དགའ་པོ་བྱེད་མཁན་བཅས་ལྷན་གཅིག་ཏུ་འཛོམས་ཏེ་བོད་ཀྱི་མིག་མངས་ཀྱི་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་བྱེད་རྒྱུའི་སྐོར་ལ་མཉམ་དུ་གྲོས་མོལ་བྱས་པ་རེད།
ལྷ་སའི་མིག་མངས་གླིང་གི་གླིང་གཙོ་ཝང་པིན་གྱི་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཀྱི་མིག་མངས་ནི་བོད་ལྗོངས་དང་དེའི་མཐའ་འཁོར་གྱི་བོད་རིགས་ས་ཁུལ་དུ་ཁྱབ་ཡོད་ལ། དེའི་ལོ་རྒྱུས་ཡུན་རིང་བ་མ་ཟད། མིག་མངས་ཀྱི་རིགས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྔོན་ཆད་མིག་མངས་ནི་བོད་མི་རིགས་ཀྱི་རིག་གནས་འཚོ་བའི་ཁྲོད་ཀྱི་རྩེད་མོ་གལ་ཆེན་ཞིག་རེད། ཐེངས་འདིར་བོད་ཀྱི་མིག་མངས་སྐོར་གྱི་ཞིབ་གྲོས་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ཡང་བོད་ཀྱི་མིག་མངས་འདི་ཉིད་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་རིག་གནས་དྲ་བ་ནས། ཟླ་ ༡༡ ཚེས་ ༩ ཉིན༽
༦༽ ཉིན་ཤས་གོང་ལམ་ཐིག་ཧྲིལ་པོར་ཀེ་ལོ་སྨི་ཊ ༡༣༥ ཡོད་པའི་སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལམ་ཐིག་ཧྲིལ་པོ་ལས་འགོ་ཚུགས་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་སྒྲ་ཚག་ཤང་སྒྲ་ཚག་གྲོང་ཚོའི་ཕར་དུ་གཉེར་འདུག
གཞུང་ལམ་དེ་ ༢༠༡༨ ལོའི་ཟླ་བཅུ་པར་ལས་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དེ་སྔ་སེམས་ཀྱི་ཉི་ཟླ་ནས་འདབ་པའི་ཉི་སྟེན་བར་དུ་བསྐྱོད་པའི་ལམ་ཐག་ཐུང་ཤོས་ནི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་380ལྷག་ཙམ་ཡོད་པའི་སེམས་ཀྱི་ཉི་ཟླ་ནས་གངས་རི་ཆེ་ཆུང་དང་། ཕྱག་ཕྲེང་། གསུམ་འདུས། འདབ་པ། ཉི་སྟེན་བཅས་བརྒྱུད་པའི་ལམ་བུ་དེ་ཡིན། སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ་དེས་ལམ་ཐག་ཕྱེད་ཀ་ལྷག་ཙམ་ཐུང་དུ་བཏང་ནས་སླད་ཕྱིན་སེམས་ཀྱི་ཉི་ཟླ་ནས་འདབ་པའི་ཉི་སྟེན་བར་ཉིན་ལོག་གཏོང་ཐུབ་ཀྱི་ཡོད། སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ་ནི་རིམ་པ་གསུམ་པའི་གཞུང་ལམ་ཡིན་པ་དང་ཁྱོན་མ་འཇོག་སྒོར་དུང་ཕྱུར་ ༢༡.༩ བྱས་ཡོད། ལས་གཞིའི་ལམ་ངོས་རྒྱ་ཁྱོན་སྨི་ཊ ༧.༥ དང་འཁོར་སྐྱོད་མྱུར་ཚད་ཆུ་ཚོད་རེར་ཀེ་ལོ་སྨི་ཊ་ ༣༠ ཇུས་བཀོད་བྱས་ཡོད། ལམ་དེ་དུས་མཚམས་ ༣ དུ་ཕྱེ་ནས་བསྐྲུན་རྒྱུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཡུན་ནན་དྲ་བ་ནས། ཟླ་ ༡༡ ཚེས་ ༩ ཉིན༽
༧༽ ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོ་ཁྱོན་ཡོངས་ཀྱི་རིང་ཚད་ལ་ཀེ་ལོ་སྨི་ཊ་ ༤༥.༢༢ ཟིན་པ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་ ༢༨.༤༥ ཟིན་པའི་ཉིང་ཁྲིའི་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་བསྐྲུན་ཟིན་ནས་ཤར་གཏོང་བྱེད་པའི་ཚོད་ལྟ་བྱས།
ཁྱོན་ཡོངས་ཀྱི་རིང་ཚད་ལ་ཀེ་ལོ་སྨི་ཊ་ ༤༥.༢༢ ཡོད་པའི་ཉིང་ཁྲིའི་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་འགོ་བྲག་ཡིབ་གྲོང་རྡལ་ཟམ་གཉིས་ཀྱི་ཟམ་སྣེ་ནུབ་མའི་སྣེ་ནས་སྨན་གླིང་གནམ་ཐང་དུ་བསྐྱོད་པའི་ལམ་དང་ཞིང་ཆེན་ལམ་ ༣༠༦ དང་འབྲེལ་མཚམས་བར་རེད། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་ཀེ་ལོ་སྨི་ཊ་ ༨༠ ཡིན་པ་དང་། ལམ་ཧྲིལ་པོར་རིམ་པ་དང་པོའི་གཞུང་ལམ་གཞོགས་གཉིས་ལ་འཁོར་ལམ་བཞིའི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་པ་དང་ལམ་གཞིའི་ཞེང་ཚད་ལ་སྨི་ཊ་ ༢༡.༥ ཡོད་པ་དང་དུས་མཚུངས་གཞུང་ལམ་འདི་ཉིད་ཞིང་ཆེན་ལམ་ ༣༠༦ དང་། རྒྱལ་ལམ་ ༣༡༨ སྨན་རི་གཞུང་ལམ། སྒང་ཕད་གཞུང་ལམ་བཅས་སྦྲེལ་མཐུད་བྱས་ཡོད་པ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༡༠ ཉིན༽
༨༽ ད་ལོའི་ཟླ་ ༤ པ་ནས་ ༡༠ པའི་རིང་གནམ་གཤིས་དྲོ་རུ་སོང་བའི་དབང་གིས་རྨ་ཆུའི་སྟོད་རྒྱུད་དུ་བསྟུད་མར་ཆུ་ཁ་དམའ་རུ་ཕྱིན་པ་དང་། ཉེ་འཁོར་གྱི་ཞིང་འབྲོག་ལས་སྡེ་ཚན་གྱི་ཐོན་སྐྱེད་དང་ཆུ་ཤུགས་གློག་འདོན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་གནམ་གཤིས་དབྱེ་ཞིབ་ཁའོ་ཡི་ཞིབ་འཇུག་པ་ཏའེ་ཧྲེན་གྱིས། དུས་འགོར་ཆར་བ་འབབ་ཚད་ཉུང་བའི་རྐྱེན་གྱིས་རྨ་ཆུའི་སྟོད་རྒྱུད་ས་ཆའི་ཆུ་རྒྱུག་ཚད་ཟླ་ ༤ པ་ནས་བཟུང་བསྟུད་མར་ཆུང་དུ་སོང་བ་དང་། ཟླ་ ༨ པ་ཤར་ཚུན་མཚོ་སྔོན་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་ཕལ་ཆེ་བ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་ཁ་ཤས་སུ་ཐན་པ་བསྟན་པའི་རྣམ་པར་སྔར་བཞིན་འགྱུར་ལྡོག་ཕྱིན་མེད་ཅེས་ངོ་སྤྲོད་བྱས། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་པོའི་དྲ་བ་ནས། ཟླ་ ༡༡ ཚེས་ ༡༠ ཉིན༽
༩༽ ཉིན་ཤས་གོང་བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན་དང་། གྲྭ་བཙུན། ལས་བྱེད་ལས་བཟོ་བཅས་སློབ་གླིང་དཔེ་ཁང་དུ་འཛོམས་ནས་མཐའ་མཚམས་ཐག་རིང་དགོན་སྡེའི་གྲྭ་བཙུན་གྱི་གསོ་སྦྱོང་འཛིན་གྲྭ་ཁག་བརྒྱད་པའི་སློབ་མ་ ༡༥༠ ལ་སློབ་མཇུག་འགྲིལ་བའི་མཛད་སྒོ་འཚོགས།
བོད་ལྗོངས་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཤིས་ཚིག་གསུང་སྐབས། ཆབ་མདོ་གྲོང་ཁྱེར་ནས་སླེབས་པའི་མཐའ་མཚམས་ཐག་རིང་དགོན་སྡེའི་གྲྭ་བཙུན་སློབ་མ་ ༡༥༠ ཡིས་ཟླ་བ་གཉིས་རིང་གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད། གྲྭ་བཙུན་སློབ་མ་ཚོའི་ཕྱོགས་སྡུད་རིག་གནས་ཤེས་བྱ་མཐོ་རུ་ཕྱིན་པར་བརྟེན། སླད་ཕྱིན་དགོན་སྡེ་དོ་དམ་ལ་རང་ཉིད་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུར་ངོས་འཛིན་ཟབ་མོ་བྱུང་ཡོད་ཅེས་བཤད།
གྲྭ་བཙུན་སློབ་མ་ཚོས་སླད་ཕྱིན་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། “གཅེས་འཛིན་བཞིའི”བླང་བྱ་མུ་མཐུད་ལག་བསྟར། སྤྱི་ཚོགས་ཞི་མཐུན་ལ་མུ་མཐུད་ཁྲིད་སྟོན་ཡག་པོ་བྱེད་པ། དྲིན་ཚོར་བ། མ་ཡུམ་སློབ་གྲྭར་བསྟོད་པ་བཅས་ཀྱིས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད་ཚུལ་འདུག
ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ ༤ སོང་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)༧ ནས་གྲྭ་བཙུན་སློབ་མ་བསྡུ་ལེན་བྱས་ཏེ། སྔ་རྗེས་སུ་ལྗོངས་ཡོངས་ཀྱི་དགོན་སྡེར་རྒྱལ་གཅེས་ཆོས་གཅེས་དང་སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་དང་མཐུན་པའི་ཕུལ་བྱུང་གྲྭ་བཙུན་ ༡༨༠༠ གསོ་སྦྱོང་བྱས་པས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༡༡ ཉིན༽
༡༠༽ མཚོ་སྔོན་གྱི་ས་གཤིས་གཏེར་ཁ་རྩད་ཞིབ་ཁང་ལྔ་པས་མཚོ་སྔོན་པོའི་ཤར་རྒྱུད་ནས་རྫས་འགྱུར་སེ(硒Selenium)དང་གྷེ(鎵Gallium)ཕོན་ཆེན་ཡོད་པའི་ཁུལ་ཞིག་རྙེད་ཅིང་། ད་ཆ་མཚོ་སྔོན་པོའི་ཤར་རྒྱུད་ལ་སྒོ་མེ་དབུས་སུ་བྱས་ནས“ལྷོ་ནས་གྷེ་དང་བྱང་ནས་སེ”ཐོན་པའི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ས་གཤིས་གཏེར་ཁ་རྩད་ཞིབ་ཁང་ལྔ་པས་ ༢༠༠༨ ལོར་མཚོ་སྔོན་ཞིང་ཆེན་གྱི་དམིགས་འཛུགས་ས་ཆ་མང་པོར་སའི་གོ་ལའི་རྫས་འགྱུར་བརྟག་དཔྱད་བྱས་པ་ནས་བཟུང་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་དམིགས་འཛུགས་ས་ཆ་གཅིག་བསྡུར་ཉེར་ལྔའི་ས་ཁོངས་སུ་སའི་གོ་ལའི་རྫས་འགྱུར་གྱི་རྣམ་གྲངས་ ༣ ལ་བརྟག་དཔྱད་བྱས་ནས་བརྟག་དཔྱད་བྱེད་ཁྱོན་ངོས་གྲུ་ཀེ་ལོ་སྨི་ཊ་ ༢.༡༤ ཟིན་པའི་ནང་རྫས་འགྱུར་སེ་དང་གྷེ་ཐོན་ཡུལ་མང་པོ་ཤེས་རྟོགས་ཐུབ་ཡོད་པ་རེད།
དབྱེ་ཞིབ་བྱས་པ་ལྟར་ན། ས་རྒྱུའི་ནང་རྫས་འགྱུར་སེ་ཡོད་པ་ནི་དེ་གའི་ས་རིམ་གྲུབ་ཆ་དང་འབྲེལ་བ་ཡོད། དེ་ཡང་ཐན་པ་བསྟན་པ་དང་། ཚྭ་ལྡན་ཆུ་གནས་པ། མཚོ་ནང་སྙིགས་རོ་མང་བའི་དབང་གིས་སའི་ནང་རྫས་འགྱུར་སེ་འདུས་ཆེ་བའི་རྒྱུ་རྐྱེན་གྲས་ཤིག་ཡིན་སྲིད་པ་དང་། རྨ་ཆུའི་རོང་གི་ས་རྒྱུར་རྫས་འགྱུར་གྷེ་མཐོ་པོ་ཡོད་པ་ནི་སྤྱིར་ཁྲི་ཀའི་ས་རྒྱུད་གསུམ་པའི་ཆགས་རིམ་གྱི་ཤུགས་རྐྱེན་ཕོག་ཡོད་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༡༡ ཚེས་ ༡༡ ཉིན༽
༡༡༽ ཟླ་ ༡༡ ཚེས་ ༨ ཉིན་ནས་ཚེས་ ༩ ཉིན་གྱི་བར་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཧོ་ནན་དང་། ལེའོ་ཉིང་། ནང་སོག ཧྲའན་ཞི། མཚོ་སྔོན། བོད་ལྗོངས། ཐེན་ཅིན། ཤིན་ཅང་སོགས་སུ་བསྐྱོད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱས་པ་མ་ཟད། ད་ལྟའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཁ་ཤས་སྐོར་ཚོགས་འདུར་ཞུགས་པའི་ལས་བྱེད་པ་དང་མང་ཚོགས། ལས་ཁུངས་ཀྱི་འཐུས་ཚབ་བཅས་དང་མཉམ་དུ་ཕན་ཚུན་བརྗེ་རེས་བྱས་པ་རེད།
ཟླ་ ༡༡ ཚེས་ ༩ ཉིན་གྱི་སྔ་དྲོར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཚོགས་མི་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་གཞོན་པ་ཚའེ་ཧྥང་གིས་བོད་རང་སྐྱོང་ལྗོངས་མི་དམངས་ཚོམས་ཁང་ཆེན་མོར་བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཟླ་ ༡༡ ཚེས་ ༩ ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཚོགས་མི་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལོའུ་ཅི་ཝེ་ཡིས་མཚོ་སྔོན་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐའ་ཕྱིན་བསྟར་བའི་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཀྱི་ས་གནས་སོ་སོ་དང་། ལས་ཁུངས་སོ་སོ། སྡེ་ཚན་སོ་སོ་བཅས་ཀྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བརྙན་འཕྲིན་ཐོག་གནས་ཚུལ་དངོས་བཀོད་པར་བརྟེན་ནས་སྙན་ཞུ་ཉན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༡༡ ཉིན༽
༡༢༽ བོད་ཀྱིས་ ༢༠༡༤ ལོ་དང་ ༢༠༡༥ ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་ཆུ་བེད་ཐད་ཀྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ ༧༩.༠༧༢༤ ལེགས་སྒྲུབ་བྱེད་དགོས་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར་ ༦༧.༥ ལྷག་ཙམ་ལེགས་སྒྲུབ་བྱས་ནས། མ་འཇོག་ལེགས་སྒྲུབ་བྱེད་ཚད་ ༨༥% ཟིན་འདུག
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཞིང་ཆུ་ཁྲུའི་འགན་ཁུར་བ་མཱ་ཅིས་ཡང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྔོན་དཔག་བྱས་ནས་ཆུ་བེད་ཐད་ཀྱི་མ་དངུལ་དོན་འཁྱོལ་བྱེད་ཚད་སྒོར་དུང་ཕྱུར་ ༢༢༨ ཟིན་རྒྱུ་ཡིན་པ་དེ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་ ༣.༢༦ ཡིན་པ་རེད། ཆུ་བེད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་ཆུ་བེད་ཀྱི་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་ལོར་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་གཞི་སྨི་ཊ་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ ༤༣༠༠ ལྷག་ཙམ་ཟིན་པ་དང་། རྒྱུག་ཆུའི་རྒྱ་ཁྱོན་ཀེ་ལོ་སྨི་ཊ་ངོས་གྲུ་ ༡༠༠༠ ཡན་གྱི་རྒྱུག་ཆུ་ཁག་ ༢༨ ཡོད་པར་བརྟེན“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། གསར་སྤེལ་ལུགས་མཐུན་དང་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་སེར་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།
བོད་ཀྱིས་ ༢༠༡༤ ལོར་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། སྔོན་དཔགས་བྱས་ན་ ༢༠༢༠ ལོར་འཛུགས་སྐྲུན་ལེགས་འགྲུབ་ཐུབ་རྒྱུ་རེད། ལས་གཞི་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ཆུ་བེད་རྣམ་གྲངས་ ༡༧༢ ཀྱི་གྲས་ཤིག་ཡིན་པ་དང་། ལས་གཞི་དེ་བསྐྲུན་ཟིན་རྗེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་སྐམ་ཁུལ་ཆེན་པོ་བཞིའི་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱས་ནས་ཞིང་ཆུ་འདྲེན་ཁུལ་དུ་ཞིང་ཆུ་ནུས་ལྡན་ངང་འདྲེན་རྒྱུའི་འགན་ལེན་བྱ་རྒྱུར་ཕན་པ་ཡོད་ལ། གློག་ཤུགས་མཁོ་འདོན་དང་ཆུ་ལོག་སྔོན་འགོག་གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད་ཟེར།
གཞན་ཡང་བོད་ཀྱིས་འདི་ལོ་ཡར་ཀླུང་གཙང་པོ་སོགས་གཙོ་གནད་གཙང་ཆུ་རྒྱུག་ཁུལ་གྱི་འཆར་འགོད་ལེགས་སྒྲུབ་བྱས་ནས། གཙང་ཆུ་རྒྱུག་ཁུལ་འབྲིང་ཆུང་ ༤༤ ཕྱོགས་བསྡུས་འཆར་འགོད་དང་། ཆུ་བོ་རྒྱུག་ཁུལ་ ༥༧ གྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་འཆར་འགོད་བྱས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༡༣ ཉིན༽
༡༣༽ ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གསུམ་པའི་ཆེད་དོན་སྐོར་ཞིབ་ཚོགས་ཆུང་ཁག་བཅུ་ལ་བགོས་ནས་བོད་ལྗོངས་སློབ་ཆེན་དང་། ལྗོངས་བསྡོམས་རྩིས་ཅུས། ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་སོགས་ཚན་པ་ ༣༠ ལ་ཆེད་དོན་སྐོར་ཞིབ་བྱེད་པར་བཅའ་སྡོད་ཟིན་པ་མ་ཟད། སྐུལ་སློང་ཚོགས་ཆེན་འཚོགས་ནས་སྐོར་ཞིབ་ལས་དོན་ཐད་སྐུལ་སློང་དང་བཀོད་སྒྲིག་ཀྱང་བྱས་ཤིང་། ཟླ་ ༡༡ ཚེས་ ༡༡ ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གསུམ་པའི་ཆེད་དོན་སྐོར་ཞིབ་ཚོགས་ཆུང་ཚང་མ་སྐོར་ཞིབ་བྱ་ཡུལ་དུ་བཅའ་སྡོད་ཟིན་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༡༣ ཉིན༽
༡༤༽ འདི་ལོར་མཚོ་སྔོན་གྱི་དབྱིན་ཤིས་དང་རྫ་དཀར་ཆུ་མིག་གི་སྣུམ་ཞིང་དང་ཚྭ་འདམ་གཤོངས་སའི་བྱང་མཐའི་སོལ་རླངས་ཐོན་ཁུལ་ལ་རྩད་ཞིབ་གཏིང་ཟབ་བྱས་པར་ཚད་བརྒལ་གསར་པ་བྱུང་། དེ་ཡང་རྡོ་སྣུམ་གསོག་ཚད་ཊོན་ཁྲི་ ༦༡༠༦ དང་རང་བྱུང་སོལ་རླངས་གསོག་ཚད་སྨི་ཊ་རྒྱ་དཔངས་ངོས་གྲུ་དུང་ཕྱུར་ ༤༢.༩ ཟིན་པ་ཤེས་ནས་རྩད་གཅོད་བྱ་རྩིས་ཡོད་ཅིང་། གསོག་ཚད་ ༢༢.༧% ལས་བརྒལ་ཏེ་མཚོ་སྔོན་གྱི་སྣུམ་ཞིང་ལ་ལོ་ལྔ་བསྟུད་མར་རྡོ་སྣུམ་དང་སོལ་རླངས་གསོག་ཚད་མཐོ་ཤོས་ཀྱི་འཕར་ཚད་མི་ཆག་པ་བྱུང་ཡོད་ཟེར།
ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཀུང་སིའི་འཆར་གཞིར་གཞིགས་ན། ༢༠༡༧ ལོར་སླེབས་སྐབས་མཚོ་སྔོན་གྱི་སྣུམ་ཞིང་ནས་ལོར་རང་བྱུང་སོལ་རླངས་བཏོན་ཚད་སྨི་ཊ་རྒྱ་དཔངས་ངོས་གྲུ་དུང་ཕྱུར་ ༩༠ དང་། མ་བཅོས་སྣུམ་གྱི་ཐོན་འབོར་ཊོན་ཁྲི་ ༣༠༠ ཟིན་ནས་རྡོ་སྣུམ་དང་སོལ་རླངས་བསྡོམས་འབོར་ཊོན་ཁྲི་ ༡༠༠༠ ཡན་ཟིན་རྒྱུ་ཡིན་ཚུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཟི་ལིང་དགོང་དྲོའི་ཚགས་པར་ནས། ཟླ་ ༡༡ ཚེས་ ༡༥ ཉིན༽
༡༥༽ ཉེ་ཆར་ལྷ་ས་གྲོང་ཁྱེར་དུ་ ༢༠༡༥ ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། ཚོགས་ཆེན་ཐོག་ལྷ་ས་གྲོང་ཁྱེར་གྱི་ ༢༠༡༥ ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་ ༢༡ དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ ༡༩༣༤ ། སྔོན་ཐོན་གྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ ༢༢ ། ཕུལ་བྱུང་ཆོས་ལུགས་ལས་གཉེར་མི་སྣ་༥༡ ། ཕུལ་བྱུང་དགོན་སྡོད་ལས་བྱེད་ ༦༡ ། ཆོས་ལུགས་ལས་དོན་ཕུལ་བྱུང་འཐུས་མི་ ༡༥ བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། ༢༠༡༥ ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་དོ་དམ་སྒྲིག་ལམ་སྒྲིག་སྲོལ་གྱི་འཛུགས་སྐྲུན་དང་། ལས་བྱེད་དགོན་པར་བསྡད་པའི་ལས་དོན་གནས་ཚུལ། དགོན་སྡེའི་སྤྱི་པའི་ཞབས་ཞུ་ལག་བསྟར་བྱས་པའི་གནས་ཚུལ། གྲྭ་བཙུན་གྱི་རྒྱལ་གཅེས་སྤྲོ་སེམས་ཕྱོགས། དགོན་སྡེ་ཞི་མཐུན་གསར་གཏོད་བཅས་ཀྱི་རྣམ་པ་ལྔ་ནས་དགོན་སྡེ་དོ་དམ་གྱི་གསར་གཏོད་ལས་དོན་ལ་སྤྱི་བསྡོམས་དང་ཁས་ལེན། ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གསར་འཛུགས་འདི་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐུལ་སློང་དང་བཀོད་སྒྲིག་བྱས། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༡༡ ཚེས་ ༡༥ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན།