སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན་ནས་ཚེས་ ༣༠ ཉིན་བར།
༡༽ ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཟླ་འདིའི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་བའི་ལོའི་རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་སྙན་ཞུ་གསན་པ་དང་ཞིང་ཆེན་ལམ་གྱི་དྲ་བ་འཆར་འགོད(༢༠༡༦―༢༠༣༠)ཞིབ་འཇུག་གནང་བ་རེད། ཚོགས་འདུའི་ཐོག་གཞུང་ལམ་འགྲིམ་འགྲུལ་ཐད་རྨང་གཞིའི་རང་བཞིན་དང་། སྔོན་སྣེ་ཁྲིད་པའི་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཞིང་། བསམ་བློ་སྔར་བས་བཅིངས་འགྲོལ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་བར་བརྒལ་འོས་འཚམ་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་མ་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཐོག་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་འགྲིམ་འགྲུལ་གྱི་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་དྲ་བ་ནས། ཟླ་ ༡༡ ཚེས་ ༡༦ ཉིན༽
༢༽ ལྷ་ས་གྲོང་ཁྱེར་ནས་བར་ཐག་ཀེ་ལོ་སྨི་ཊ ༦༣ ཆོད་པའི་ལྷུན་གྲུབ་རྫོང་ཕུ་མདོ་ཤང་ཕུ་མདོ་ཆུ་བེད་ལྟེ་བའི་རགས་ཆེན་དེ་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་དཀྱིལ་རྒྱུད་དུ་བསྐྲུན་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་རང་ལྗོངས་སུ་མ་དངུལ་གཏོང་ཚད་མང་ཤོས་ཀྱི་ཆུ་བེད་ལྟེ་བའི་ལས་གཞི་ཞིག་ཡིན་པའི་ངོས་ནས་ཕུ་མདོ་ཆུ་བེད་ལྟེ་བ་ནི་མིག་སྔར་བོད་རང་སྐྱོང་ལྗོངས་སུ་ལས་གཞིའི་གཞི་ཁྱོན་ཆེ་ཤོས་དང་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ཆུ་བེད་ལྟེ་བའི་ལས་གཞི་ཞིག་ཡིན་པ་དེར“བོད་ཀྱི་འགག་གསུམ”ཞེས་འབོད་ཀྱི་ཡོད། ༢༠༡༤ ལོའི་ཟླ་ ༧ པར་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞིའི་འཕྲུལ་ཙུའུ་བཞི་ཀ་ནས་གློག་གཏོང་འགོ་ཚུགས་ཚུན་རིམ་རྩིས་བྱས་ན་གློག་གཏོང་ཚད་ཏུའུ་དུང་ཕྱུར་ ༥ ལྷག་ཙམ་ཟིན་ཡོད། ཕུ་མདོའི་ལས་གཞི་ཆ་ཚང་ལེགས་གྲུབ་ཟིན་རྗེས་བོད་ལྗོངས་སུ་ཞིང་ཆུ་འདྲེན་ཁུལ་རྒྱ་ཁྱོན་མུའུ(Unit of area equal to one fifteenth of a hectare. Translator)འབུམ་གསུམ་ཁྲི་ལྔ་དགུ་སྟོང་དྲུག་བརྒྱ་མང་དུ་ཕྱིན་ནས་ལོ་རེར་འབྲུ་རིགས་ཐོན་འབབ་ཊོན་འབུམ་གཉིས་ཁྲི་ལྔ་དང་ལྔ་སྟོང་མང་དུ་འགྲོ་རྒྱུ་ཡིན་པ་དཔྱད་གཞི་ལས་མངོན་ཡོད་ཟེར། ་་་་་་་
ཆུ་བེད་ཀྱི་རྨང་གཞིའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། རང་ལྗོངས་ཀྱིས་ཡར་ཀླུང་གཙང་པོ་དང་བོད་ཤར་གྱི“གཙང་གསུམ”སོགས་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་འཆར་འགོད་ལེགས་སྒྲུབ་བྱས་པ་དང་། ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་ ༤༤ ཡི་ཕྱོགས་བསྡུས་འཆར་འགོད་དང་ཆུ་བོ་ ༥༧ གྱི་ཆུའི་ནུས་པའི་ཐོན་ཁུངས་གསར་སྤེལ་འཆར་འགོད་བྱས། དེ་བཞིན་ཆེད་དམིགས་རྣམ་གྲངས་མང་པོའི་འཆར་འགོད་བཟོས་ཤིང་གསོག་འཇོག་རྣམ་གྲངས་ཁག་ ༧༨༦ ཟིན་ཡོད། ཆུ་དཔྱད་སྐོར་སྐྱོད་ཚད་ལེན་རྟེན་གཞི་ ༨ དང་རིགས་ཁག་གི་ཆུ་དཔྱད་དང་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས་ ༨༠༩ བསྐྲུན་པ། ཆུ་བེད་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱས་པ། ཆུའི་ཐོན་ཁུངས་སྤྱི་བསྒྲགས་དང་ས་ཆུ་སྲུང་འཛིན་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ། ཆུ་བེད་ཚན་རྩལ་ཐད་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཞིབ་འཇུག་བྱ་གཞི་མང་པོ་ཐོབ་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༡༦ ཉིན༽
༣༽ ཟླ་ ༡༡ ཚེས་ ༡༦ ཉིན་གྱི་དགོང་མོར་བོད་ཀྱི་གློག་བརྙན《ཐར་ལོ》ཞེས་པ་ཐའེ་པེ་གྲོང་ཁྱེར་དུ་བསྟན་པ་དང་། གློག་བརྙན་《ཐར་ལོ》ཞེས་པ་ཐེངས་འདིའི་ཐའེ་ཝན་གསེར་གྱི་གྱི་ལིང་རྟགས་མའི་དོན་བརྗོད་གློག་བརྙན་རྩེ་གྲས་དང་འཁྲབ་ཁྲིད་པ་རྩེ་གྲས། འཁྲབ་གཞུང་རྩེ་གྲས། བརྙན་ཕབ་རྩེ་གྲས་བཅས་བྱ་དགའི་སྡེ་ཚན་བཞིའི་རྩེ་གྲས་འོས་མིང་ནང་ཚུད་ཡོད་པ་མ་ཟད། ཐའེ་པེ་རོལ་དབྱངས་གློག་བརྙན་ཁང་དུ་ས་གདན་དམར་པོའི་སྔོན་བསུ་དང་ཐོག་མའི་གཟིགས་འབུལ་མཛད་སྒོ་ཡང་བསྡུས་པ་རེད། གཞན་གློག་བརྙན《ཐར་ལོ》ཡི་གཙོ་སྒྲུབ་མི་སྣ་སྟེ་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་། སྐྱེས་པ་གཙོ་འཁྲབ་པ་ཞི་བདེ་ཉི་མ། སྐྱེས་མ་གཙོ་འཁྲབ་པ་གཡང་ཕྱུག་མཚོ། བརྙན་པར་ལེན་མཁན་ལུའི་སོང་ཡེ་བཅས་ཀྱང་ཕེབས་ཡོད་ལ། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་རང་ཉིད་ཀྱི་ཕ་སྐད་གློག་བརྙན་དེ་ཐའེ་ཝན་དུ་འཁྱེར་ཡོང་ནས་སྟོན་ཐུབ་པ་ནི་གཟི་བརྗིད་ཆེན་པོ་ཞིག་རེད་ཅེས་བརྗོད། གསེར་གྱི་གྱི་ལིང་རྟགས་མའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲང་ཨེ་ཅ་ཡིས་ཁོང་ཚོར་རྟེན་འབྲེལ་ཞུས་པ་རེད།
གློག་བརྙན《ཐར་ལོ》ནི་པདྨ་ཚེ་བརྟན་གྱི་ཕ་སྐད་གློག་བརྙན་ལྔ་པ་ཡིན་ལ། འཁྲབ་གཞུང་ནི་ཁོང་གི་སྒྲུང་ཐུང་《ཐར་ལོ》ཞེས་པར་གཞི་བཟུང་ནས་བཅོས་པ་ཡིན། གློག་བརྙན་གྱི་ནང་དོན་གཙོ་བོ་ནི་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད། སྐྱེས་པ་གཙོ་འཁྲབ་པ་ཞི་བདེ་ཉི་མའི་ལུས་སྟེང་དུ་ལྷན་སྐྱེས་སུ“དྲང་རྐྱང”གི་གཤིས་ཀ་ཞིག་མངའ་བས། གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་ཐར་ལོའི་ཁེར་རྐྱང་གི་གནས་བབ་མངོན་སུམ་དུ་མཚོན་ཕྱིར། རྒྱ་ཆེ་གཟིགས་མོ་བ་རྣམས་ཀྱི་སེམས་སུ་འཇགས་ཤིང་གདེང་འཇོག་ཀྱང་མི་དམན་པ་ཞིག་ཐོབ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། གསེར་གྱི་གྱི་ལིང་རྟགས་མའི་བྱ་དགའ་གནང་བའི་མཛད་སྒོ་དེ་སྤྱི་ཟླ་ ༡༡ ཚེས་ ༢༡ ཉིན་གྱི་དགུང་མོར་ཐའེ་པེ་རྒྱལ་ཡབ་རྗེས་དྲན་ཁང་ནས་བསྡུ་འཆར་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༡༨ ཉིན༽
༤༽ ཀན་ལྷོ་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ལས་དོན་མི་སྣས་ས་ཆ་དེ་གའི་རང་བྱུང་གྲོང་ཚོ་ ༡༠ ལྷག་ཙམ་ལ་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས། བོད་རིགས་གྲོང་མི་དུད་ཚང་ ༡༢ ལ་བོན་ཆོས་ཀྱི་དཔེ་ཆ་པོ་ཏི་ ༡༨༠ ལྷག་ཙམ་དང་བམ་པོ་ ༢༥༠༠ ལྷག་ཙམ་ཉར་ཚགས་བྱས་ཡོད་པར་ཁྱོན་ཤོག་ལྷེ་ ༢༡༥༠ ལྷག་ཙམ་ཡོད་པ་དང་། གནོད་ཟློག་པར་རིས་ ༨༠ ལྷག་ཙམ་རྙེད་བྱུང་ཞེས་ངོ་སྤྲོད་བྱས།
ཀན་ལྷོ་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཁྲང་ཧྲེང་གིས“ཡི་གེ་གཞིར་བཟུང་དབྱེ་འབྱེད་བྱས་པར་དཔེ་ཆ་དེ་དག་ནི་སྤྱི་ལོའི་དུས་རབས་ ༧ པར་བཤུས་པ་དང་། དེ་ནི་བོད་ཡིག་བྱུང་རྗེས་ཀྱི་ཆེས་གདོད་མའི་ཟིན་ཐོ”ཞིག་རེད་ཅེས་བཤད་པ་དང་། བོན་ཆོས་ཀྱི་དཔེ་ཆ་རྙེད་རྗེས་ས་ཆ་དེ་གར་ཆིང་ཧྭ་སློབ་ཆེན་དང་། ལན་ཀྲོའུ་སློབ་ཆེན། ནུབ་བྱང་དགེ་འོས་སློབ་ཆེན་སོགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་གདང་དྲངས་ནས་དཔེ་ཆར་ཆོད་སྡོམ་བྱས་འདུག
རིགས་གཅིག་མཁས་ཅན་གྱིས་ཆོད་སྡོམ་རགས་ཙམ་བྱས་པར་གཞིགས་ན། དཔེ་ཆ་དེ་དག་ནང་འབྲུག་ཆུ་རྒྱུག་ཁུལ་གྱི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཐོ་འགོད་བྱས་པ་དེ་ཏུན་ཧོང་ཡིག་ཆའི་ནང་གི་གནའ་བོའི་བོད་ཡིག་ཡིག་ཆའི་དེབ་བཤུས་མ་དང་འདྲ་ལ། དེའི་རིག་དངོས་རིན་ཐང་དང་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ཧ་ཅང་མཐོ་པོ་ཡོད་པ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༠ ཉིན༽
༥༽ ཟླ་ ༡༡ ཚེས་ ༡༦ ཉིན་ཀྲུང་གོའི་ནུབ་རྒྱུད་ཀྱི་སི་ཁྲོན་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཀྱི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་དུ“ཀྲུང་གོའི་ཤམ་བྷ་ལ་ཆེ་མོའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ”དངོས་སུ་བཙུགས་པ་རེད།
“མནའ་འབྲེལ་བཙུགས་པ་དེས་ཞིང་ཆེན་དབར་དང་གྲོང་ཁྱེར་དབར་གྱི་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་ཐེབས་པ་དང་། ཤམ་བྷ་ལ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་རྫས་དང་ཁྲོམ་རའི་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་མ་ཐེབས་པ། ས་ཁོངས་ཀྱི་ཡུལ་སྐོར་སྤུས་རྟགས་གཏོད་པ། ས་ཁོངས་ཡུལ་སྐོར་གྱི་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་ཕྱིན་ནས་ས་ཁོངས་ཡུལ་སྐོར་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ”ཅེས་ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཅུས་ཡུལ་སྐོར་སྐུལ་འདེད་དང་རྒྱལ་སྤྱིའི་མཉམ་ལས་སི་ཡི་སི་ཀྲང་གཞོན་པ་ཧྥན་ཝུན་མིན་གྱིས་བཤད།
ཀྲུང་གོར་མི་རྣམས་ཀྱིས“ཤམ་བྷ་ལ”བཙལ་འཚོལ་དང་དེའི་རིག་གནས་སྔོག་འདོན་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང“ཤམ་བྷ་ལའི”ས་ཁམས་གནས་བབ་བཙལ་འཚོལ་བྱེད་པ་དང་དུས་མཚུངས་ཡུལ་སྐོར་ལས་རིགས་སི་ཁྲོན་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་སྦྲེལ་མཚམས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ་དང་། དེ་གར་ཡུལ་སྐོར་བ་མང་པོས་ཁས་ལེན་བྱས་པའི“མཛེས་ཤོས”ཀྱི་ས་ཆ་མང་པོ་ཡོད།
ཡུལ་སྐོར་སྡེ་ཚན་གྱིས་དབྱེ་འབྱེད་གཏན་འབེབས་བྱས་པའི“ཤམ་བྷ་ལ”ནི་སི་ཁྲོན་གྱི་ལྷོ་ནུབ་དང་། ཡུན་ནན་གྱི་ནུབ་བྱང་། བོད་ལྗོངས་ཀྱི་ཤར་ལྷོ་བཅས་ཀྱི་ས་ཁུལ་དང་། ཁུལ། གྲོང་ཁྱེར་ ༩ ཡི་རྫོང(ཆུས) ༨༢ ལ་ཁྱབ་པ་དང་། སྔོན་ལ་གསར་སྤེལ་བྱས་པའི་ལྟེ་བའི་ཁུལ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཆབ་མདོ་ས་ཁུལ་བཅས་ཚུད་ཡོད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༠ ཉིན༽
༦༽ ཟླ་ ༡༡ ཚེས་ ༡༨ ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་པེ་ཅིང་གྲོང་ཁྱེར་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ《བོད་ལྗོངས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་བྱུང་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག》ཅེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། 《བོད་ལྗོངས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་བྱུང་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག》ཅེས་པ་དེས་གནམ་གཤིས་དང་། ཆུ་ཁམས། སྐྱེ་ཁམས་མ་ལག སྐམ་སའི་ཁོར་ཡུག མིའི་རིགས་ཀྱི་འགུལ་སྐྱོད་ཤུགས་རྐྱེན། གནོད་སྐྱོན་གྱི་ཉེན་ཁ་བཅས་ཕྱོགས་དྲུག་ནས་འབྲེལ་བ་ཡོད་པའི་དྲོད་ཚད་དང་། ཆར་པ་འབབ་ཚད། འཁྱགས་ཀླུང་། གངས་གསོག་ཐེབས་པ། མཚོ་དང་མཚེའུ་སོགས་དམིགས་ཚད་ ༢༦ གི་ཐོག་ནས་བོད་ལྗོངས་མཐོ་སྒང་དེ་འདས་པའི་ལོ་ ༢༠༠༠ ནས་མ་འོངས་པའི་ལོ་ ༡༠༠ ཡི་རིང་བར་གྱི་ཁོར་ཡུག་འགྱུར་ལྡོག་བྱུང་ཚུལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ཡོད་ཚུལ་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༠ ཉིན༽
༧༽ ཟླ་འདིའི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་བོད་ལྗོངས་ཡོངས་ཀྱི་ཆོས་ལུགས་དང་དགོན་སྡེ་དོ་དམ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ཚོགས་འདུར་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་ ༢༠༡༥ ལོར་ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་། དགོན་སྡེ་དོ་དམ་ཨུ་ལྷན་ཁག་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལས་འགན་ནན་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ཏེ་རང་ལྗོངས་སུ་ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་མངོན་འགྱུར་ཐུབ་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་ཐོབ་ཁར། དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་དང་བརྩི་བཀུར་རྒྱ་ཁྱབ་ངང་ཐོབ་ཡོད་པས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་དང་དགོན་སྡེ་དོ་དམ་ལས་བྱེད་པས་བསམ་ཕྱོགས་གསར་གཏོད་དང་དཀའ་ངལ་ཁྱད་བསད་བྱས་ཏེ་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་ཡང་འབད་བསྐྱར་འབད་ཀྱིས་མི་རིགས་ཆོས་ལུགས་དང་དགོན་སྡེ་དོ་དམ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས་འཐབ་ཕྱོགས་གཅིག་འགྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས།
ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་འདི་ལོའི་ལས་དོན་ཁག་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་ཡག་པོ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་འཆར་འགོད་ཡག་པོ་བྱེད་པ་མ་ཟད་ལྷག་པར་དུ་འབྲེལ་ཡོད་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ནས་ཕྱི་ལོའི་ལས་དོན་ཡག་པོ་སྤེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༢༣ ཉིན༽
༨༽ ཟླ་ ༡༡ ཚེས་ ༢༠ ཉིན་མི་དམངས་དྲ་བའི་གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཧི་མ་ལ་ཡ་ས་ཁུལ་གྱི་ཤར་པའི་འབྱུང་ཁུངས་དང་ཡི་གེ་མ་དར་གོང་གི་གནས་སྤོའི་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཞིབ་འཇུག་བྱས་འབྲས་ཐོག་ནས་བོད་རིགས་ནི་ཤར་པའི་མེས་པོ་ཡིན་པ་ར་འཕྲོད་བྱུང་བ་དང་མིག་སྔར་ཞིབ་འཇུག་བྱས་འབྲས་འདི་《ཚན་རིག་སྙན་ཞུ》སྟེང་དུ་བཀོད་ཡོད་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། ཚན་རིག་ཞིབ་འཇུག་མི་སྣས་བལ་ཡུལ་ཁུན་པུའུ་ས་ཁུལ་དང་བོད་ལྗོངས་འགྲམ་གྲོང་རྡལ་དུ་ཤར་པའི་མི་ཚོགསས་ཀྱིDNAཡི་མ་དཔེ་ ༥༠༠ ལྷག་འཚོལ་བསྡུ་བྱས་པ་མ་ཟད། དེ་ཚོའི་ཕ་རྒྱུད་དང་མ་རྒྱུད་ཀྱི་རྒྱུད་འཛིན་སྣ་མང་ཅན་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་པ་རེད། ཞིབ་འཇུག་བྱས་པ་ལས་ཤར་པའི་མི་ཚོགས་དང་རང་རྒྱལ་གྱི་བོད་རིགས་མི་ཚོགས་ཀྱི་ཕ་རྒྱུད་དང་མ་རྒྱུད་ཀྱི་རྒྱུད་འཛིན་རྒྱུད་རབས་གཅིག་ཡིན་ཞིང་། ཤར་པ་ནི་བོད་རིགས་ལས་ཅུང་ཕྱི་བ(ཧ་ལམ་ལོ་ ༡༥༠༠ ཡི་གོང)ཡི་ཡན་ལག་རིགས་རྒྱུད་ཅིག་ཡིན་པ་ཤེས་རྟོགས་བྱུང་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༣ ཉིན༽
༩༽ ཟླ་ ༡༡ ཚེས་ ༡༩ ནས་ཚེས་ ༢༢ ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་རྒྱལ་ཁབ་ཡིག་འབུལ་ངོ་བཅར་ཅུས་ཀྱི་ཅུས་ཀྲང་ཧྲུའུ་ཞའོ་ཆིན་གྱིས་བོད་དུ་བརྟག་ཞིབ་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཡིག་འབུལ་ངོ་བཅར་ལས་དོན་གྱི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཡོངས་བསྒྲགས་ཡིག་འབུལ་ངོ་བཅར་དང་། འགན་འཁྲི་ཡིག་འབུལ་ངོ་བཅར། ཁྲིམས་སྐྱོང་ཡིག་འབུལ་ངོ་བཅར་བཅས་བཏོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། ་་་་་་་
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་ཚོ་དང་། སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་གདོང་དཀར་གྲོང་ཚོ། ལྷོ་ཁ་ས་ཁུལ་ཟངས་རི་རྫོང་སྦ་ནག་གྲོང་ཚོ། སྣེ་གདོང་རྫོང་ཁེ་གསུམ་ཡུལ་མི་ཨུ་ལྷན་བཅས་སུ་ཧྲུའུ་ཞའོ་ཆིན་གྱིས་དམངས་ཕན་ཞབས་ཞུ་དང་། ལས་བྱེད་པ་གྲོང་ཚོར་བཅའ་སྡོད། དྲ་མིག་ཅན་དོ་དམ། གཉིས་ལྡན་དུད་སྦྲེལ་བཅས་ཀྱི་ལས་དོན་ཐད་རྟོག་ཞིབ་གནང་ཞིང་། བྱེད་ཐབས་དེ་དག་ལག་ལེན་བསྟར་རྗེས་གྲོང་ཚོར་ཞི་མཐུན་བརྟན་ལྷིང་དང་ཁྱིམ་མཚེས་འཆམ་མཐུན་བྱུང་ནས་གནད་དོན་གྲོང་ཚོས་ཐག་གཅོད་ཐུབ་པ་མཁྱེན་རྗེས་ཁོང་དགྱེས་ཚོར་ཆེན་པོ་བྱུང་བ་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་དེ་རིགས་ལ་ཁས་ལེན་གནང་། ཁོང་གིས་གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩ་ཡིན་པས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དུས་ཐོག་ཏུ་གྲོང་ཚོའི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ། ས་གནས་ས་ཐོག་ཏུ་འགལ་ཟླ་དང་རྩོད་གཞི་སེལ་བ་བཅས་བྱས་ཏེ་འབྱུང་རྩ་ནས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱེད་པ་དང་ཉུང་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད། བོད་དུ་བསྡད་རིང་ཧྲུའུ་ཞའོ་ཆིན་གྱིས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༡ ཚེས་ ༢༥ ཉིན༽
༡༠༽ ཟླ་འདིའི་ཚེས་ ༢༢ ཉིན་ཆབ་མདོ་གྲོང་ཁྱེར་གྱིས་སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་ལས་གཞི་དང་གནམ་གྲུ་རྒྱུག་ལམ་གཉིས་པ་འཛུགས་སྐྲུན་དོ་དམ་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད། ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས། སྔོན་ཚུད་ནས་ཇུས་འགོད་དང་བདེ་འཇགས་འགན་ལེན་གྱིས་གནམ་ཐང་གི་རྒྱུག་ལམ་གཉིས་པ་འཛུགས་སྐྲུན་མགྱོགས་སུ་བཏང་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་མ་གཏོང་དགོས་པའི་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༡ ཚེས་ ༢༧ ཉིན༽
༡༡༽ ཉེ་ཆར་《གནའ་བོའི་ཇ་འདྲེན་རྟ་ལམ—ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་བརྒྱད་ཀྱི་རིག་དངོས་དམིགས་བསལ་འགྲེམས་སྟོན》དེ་ཡུན་ནན་ཞིང་ཆེན་གྱི་དངོས་མང་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས། མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ཁྲོད་དུ་ཡུན་ནན་དང་། ནང་སོག ཀོང་ཞི། སི་ཁྲོན། བོད་ལྗོངས། ཧྲའན་ཞི། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ ༨ ཀྱི་དངོས་མང་བཤམས་མཛོད་ཁང་གི་རིག་དངོས་རྩ་ཆེན་དག་འདུས་ཡོད་ལ་བསྡོམས་པས་རིག་དངོས་ ༥༠༠ ལྷག་ཡོད་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༦ ཉིན༽
༡༢༽ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཐོ་རེངས་སུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ(པཎ་ཆེན་རྫུན་མ)ཆོས་ཀྱི་རྒྱལ་པོ་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལ་མཇལ་ཁ་ཞུ་བ་དང་འབྲེལ་གཙུག་ལག་ཁང་གི་དགེ་འདུན་རྣམས་ལ་ཕྱག་དབང་གནང་སྟེ་བདེ་བ་བསྩལ། པཎ་ཆེན་ཆོས་ཀྱི་རྒྱལ་པོ་ནི་ཚེས་ ༢༤ ཉིན་ལྷ་སར་འབྱོར། ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དུ་མཇལ་ཁ་ཞུ་བར་ཕེབས་པ་ནི་པཎ་ཆེན་ཐེངས་འདིར་ལྷ་སར་ཕེབས་ནས་སྤེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཐོག་མ་ཡིན་པ་དང་འདི་ལས་བྱེད་སྒོ་སྣ་ཚོགས་སྤེལ་འགོ་ཡང་བརྩམ་རྒྱུ་ཡིན་ཚུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༡ ཚེས་ ༢༧ ཉིན༽
༡༣༽ ཟླ་ ༡༡ ཚེས་ ༡༢ ཉིན་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་ཀྲུང་གོའི་སྐྱེ་དངོས་སྣ་མང་ཅན་དང་རང་བྱུང་ཐོན་ཁུངས་དགོས་མཁོའི་སྐོར་གྱི་ཞིབ་འཇུག་སྙན་ཞུའི་དུས་དེབ་ཐེངས་གསར་ཤོས་ཤིག《སའི་གོ་ལ་སྐྱེ་འཕེལ་གྱི་ནུས་ཤུགས་སྐོར་གྱི་སྙན་ཞུ•ཀྲུང་གོའི་2015》ཞེས་པ་(གཤམ་དུ་《སྙན་ཞུ》ཞེས་པར་བསྡུས་རྒྱུ)ཡོངས་བསྒྲགས་བྱས་པ་རེད། 《སྙན་ཞུ》དེའི་ནང་དུ་རྒྱལ་ཡོངས་སུ་མཚོ་སྔོན་དང་བོད་ལྗོངས་གཉིས་ཁོ་ནར་སྔར་བཞིན་སྐྱེ་ཁམས་ལྷག་འཕྲོ་སྲུང་འཛིན་བྱས་ཡོད་ཅེས་འཁོད་འདུག
《སྙན་ཞུ》དེའི་ནང་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་མི་འདྲ་བའི་བར་ལ་སྐྱེ་ཁམས་ཀྱི་རྗེས་ཤུལ་དང་སྐྱེ་དངོས་ཐེག་ནུས་ལ་ཁྱད་པར་མངོན་གསལ་ཡོད་པ་རེད། ཤར་རྒྱུད་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་སྐྱེ་ཁམས་རྗེས་ཤུལ་བལྟོས་བཅས་ཀྱིས་ཅུང་མཐོ་བ་དང་། དབུས་ནུབ་རྒྱུད་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་སྐྱེ་ཁམས་རྗེས་ཤུལ་བལྟོས་བཅས་ཀྱིས་ཅུང་དམའ་བ་རེད། ༢༠༡༠ ལོར་ཀྲུང་གོར་ཞིང་ཆེན་ ༦(ནང་སོག་དང་། ཡུན་ནན། ཧའེ་ནན། ཤིན་ཅང་། མཚོ་སྔོན། བོད་ལྗོངས།)ལ་སྐྱེ་ཁམས་ལྷག་འཕྲོ་སྲུང་འཛིན་བྱས(སྐྱེ་དངོས་ཐེག་ནུས་སྐྱེ་ཁམས་ཀྱི་རྗེས་ཤུལ་ལས་ཆེ་བ)ཡོད་པ་དང་། དུས་དེབ་སྔོན་མའི་སྙན་ཞུ་ཡོངས་བསྒྲགས་བྱས་པ་ནས་བཟུང་རྒྱལ་ཡོངས་སུ་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཁོ་ནར་ད་དུང་སྐྱེ་ཁམས་ལྷག་འཕྲོ་སྲུང་འཛིན་བྱས་ཡོད་ཅིང་། ཧྲང་ཧའེ་ཡི་མི་རེའི་ཆ་སྙོམས་ཀྱི་སྐྱེ་དངོས་ཐེག་ནུས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁྲོད་དུ་མཇུག་མཐར་གནས་ཡོད་ཚུལ་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༡ ཚེས་ ༢༧ ཉིན༽
༡༤༽ ཀྲུང་དབྱང་དམག་ཨུད་ཀྱི་སྒྱུར་བཅོས་ལས་དོན་ཚོགས་འདུ་དེ་ཟླ་ ༡༡ ཚེས་ ༢༤ ནས་ཚེས་ ༢༦ ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། ཞིས་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་དུ་འགྱུར་བ་བྱེད་པའི་དུས་རབས་ཀྱི་བླང་བྱ་དང་། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་ཡོང་བའི་བཟློག་མེད་ཀྱི་ལམ་བུ། དམག་དཔུང་གི་འབྱུང་འགྱུར་ཐག་གཅོད་པའི་འགག་རྩའི་ཐབས་ཤེས་བཅས་ཀྱང་ཡིན། དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་ཡོངས་དང་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་གཅིག་འགྲིལ་བྱེད་པ། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་བཅས་ཀྱི་སྒོ་ནས་སྒྱུར་བཅོས་ལ་བརྟེན་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པའི་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་སྒྱུར་བཅོས་ཤིག་ཡིན། སྒྱུར་བཅོས་ཀྱི་སྤྱིའི་ཐབས་ཇུས་ལྟར་གཏན་ལ་འཁེལ་བའི་དུས་ཚོད་རེའུ་མིག་གཞིར་བཟུང་ ༢༠༢༠ ལོའི་སྔོན་དུ་འགོ་ཁྲིད་ཀྱི་དོ་དམ་སྒྲིག་གཞི་དང་མཉམ་འབྲེལ་གཡུལ་འཐབ་བཀོད་འདོམས་སྒྲིག་གཞིའི་སྒྱུར་བཅོས་ཐད་ཚད་བརྒལ་ཡར་རྒྱས་ཡོང་བ་དང་། གཞི་ཁྱོན་གྱི་གྲུབ་ཆ་ལེགས་སྒྱུར་དང་། སྲིད་ཇུས་ལམ་ལུགས་འཐུས་ཚང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་གཏོང་སོགས་ཀྱི་སྒྱུར་བཅོས་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་བྱས་ནས་ཆ་འཕྲིན་ཅན་གྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པ་དང་། འགན་འཁྲིའི་ལས་འགན་ལག་བསྟར་ནུས་ལྡན་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་ཀྱི་མ་ལག་ཧུར་ཐག་བསྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དམག་ཡོངས་ཀྱིས་ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་དང་། འདྲུད་པའི་ཤུལ་དང་བྱས་པའི་རྗེས་ཐོན་པའི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དེར་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་ལན་ཞིག་ཧུར་ཐག་ངང་འདེབས་དགོས་ཞེས་གསུངས།
ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་གི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་བླང་བྱ་ལག་བསྟར་བྱས་ནས་དཔུང་སྡེར་འགོ་ཁྲིད་དང་སྟངས་འཛིན་བྱེད་རྒྱུ་དང་དཔུང་སྡེར་བཀོད་འདོམས་ནུས་ལྡན་བྱེད་རྒྱུ་གཉིས་གཅིག་ལ་གཅིག་བརྟེན་ཡོང་བར་སྐུལ་སྤེལ་བཏང་ནས་དམག་ཨུད་ཀྱིས་སྤྱི་འདོམས་བྱེད་པ་དང་། འཐབ་ཁུལ་གྱིས་དམག་གཙོ་བོར་རྒྱག་པ། དམག་རིགས་ཁག་གིས་གཙོ་སྐྲུན་བྱེད་པ་བཅས་ཀྱི་རྣམ་པ་ཆགས་པར་བྱེད་དགོས། ཁྲིམས་བཞིན་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་པོ་སྐྱོང་བར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུར་དམིགས་པ་དང་དབང་ཆ་བཅོས་སྐྱོང་གི་འགག་རྩར་དམ་འཛིན་གྱིས་དབང་ཆ་བེད་སྤྱོད་གཅུན་འདོམས་དང་ལྟ་སྐུལ་མ་ལག་ནན་པོ་འཛུགས་སྐྱོང་བྱེད་དགོས། གཡུལ་འཐབ་སྟོབས་ཤུགས་རྩེར་སོན་གཏོད་རྒྱུར་དམིགས་ནས་གཞི་ཁྱོན་དང་གྲུབ་ཆ་དང་། དཔུང་སྡེ་སྒྲིག་གཞི་ལེགས་སྒྱུར་བྱས་ནས་རང་རེའི་དམག་དཔུང་གི་གྲངས་འབོར་གཞི་ཁྱོན་ཅན་ནས་སྤུས་ཚད་ནུས་ཕྱོད་ཅན་དུ་བསྒྱུར་རྒྱུར་སྐུལ་མ་གཏོང་དགོས། སླད་ཕྱིན་གྱི་དམག་དོན་འགྲན་རྩོད་འཐབ་ཇུས་ཀྱི་མཐོ་ས་ལེན་རྒྱུར་དམིགས་ནས་གསར་གཏོད་སྐུལ་ཁྲིད་ཀྱི་འཕེལ་རྒྱས་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་འཐབ་འཛིང་ནུས་པའི་འཕར་ས་གསར་པ་སྐྱེད་སྲིང་བྱེད་དགོས། དམག་དོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་དང་། དོ་དམ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུར་དམིགས་ནས་ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་སྲིད་ཇུས་ཀྱི་གསར་གཏོད་ལ་སྐུལ་མ་བཏང་སྟེ་ཤེས་ལྡན་པ་འབྱུང་བ་དང་སོ་སོའི་འཇོན་ཐང་མངོན་པའི་རྣམ་པ་ཉམས་དགའ་བ་ཞིག་ཆགས་པར་བྱེད་དགོས། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལ་དམིགས་ནས་དམག་ས་ལས་བརྒལ་བའི་སྒྱུར་བཅོས་ལས་འགན་གལ་ཆེན་ལ་སྐུལ་སྤེལ་བཏང་ནས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༡ ཚེས་ ༢༨ ཉིན༽
༡༥༽ ཉེ་བའི་ལོ་ཤས་རིང་བོད་རིགས་ཀྱི་གློག་བརྙན་རང་རྒྱལ་ལས་ཐོན་ནས་པེར་ལིན་དང་། ཝེ་ཉི་སི། ཝུན་ཀེ་ཧྭ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་གློག་བརྙན་དུས་ཆེན་ཐོག་ཐེངས་མང་པོར་བསྟན་ཡོད་པ་རེད། འབྲེལ་ཡོད་བོད་རིགས་འཁྲབ་ཁྲིད་པས་གནད་འགག་ནི་ཇི་མ་ཇི་བཞིན་དུ་མཚོན་མིན་ལ་ཐུག་པ་ལས། རིག་གནས་མཚར་བཟོ་བྱ་རྒྱུ་དེ་མིན་ཞེས་བཤད་པ་རེད།
ཟླ་འདིའི་ཚེས་ ༢༡ ཉིན་སྐབས་ལྔ་བཅུ་ང་གཉིས་པའི་ཐའེ་ཝན་གསེར་རྟ་བྱ་དགའི་ཐོག་པད་མ་ཚེ་བརྟན་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་《ཐར་ལོ》ཞེས་པའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲྭའི་བྱ་དགའ་ཐོབ་ཅིང་། གློག་བརྙན་དེ་ཝེ་ཉི་སི་གློག་བརྙན་དུས་ཆེན་སྐབས་བདུན་ཅུ་དོན་གཉིས་པའི“སའི་སྙོམས་ཐིག”འགྲན་ཚན་དང་། ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉི་ཤུ་པ། ཝུན་ཀེ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སུམ་ཅུ་སོ་བཞི་པ་བཅས་སུ་ཚུད་ཡོད་པ་རེད།
གློག་བརྙན་《ཐར་ལོ》ནི་པད་མ་ཚེ་བརྟན་གྱི་སྒྲུང་ཐུང་《ཐར་ལོ》བཅོས་སྒྲིག་བྱས་པ་ཡིན་ཞིང་། དེའི་ནང་ལུག་རྫི་ཐར་ལོ་སྐྲ་ཁང་གི་བུ་མོ་གཡང་མཚོ་དང་ཐུག་རྗེས། གཡང་མཚོ་ཁྲིད་དེ་ཁོ་མོས་ཡིད་སྨོན་བྱེད་པའི“ཕྱི་རོལ་གྱི་འཇིག་རྟེན”ལ་ལྟ་བར་འགྲོ་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་གཡང་མཚོས་ཐར་ལོའི་རྒྱུ་དངུལ་ཚང་མ་གཡོ་ལེན་བྱས་པས་མཐར་ལུག་རྫི་ཐར་ལོ་ཅི་བྱ་གཏོལ་མེད་དུ་གྱུར་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
༢༠༡༥ ལོའི་ཟླ་དང་པོར་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་བརྩམས་ཆོས་གཉིས་པ་《གཙང་པོ》པེར་ལིན་གློག་བརྙན་དུས་ཆེན་སྐབས་དྲུག་ཅུ་རེ་ལྔ་པའི“གསར་ཐོན་དུས་རབས”འགྲན་ཚན་ནང་ཚུད་དེ་པེར་ལིན་Zoo Palast གློག་བརྙན་ཕོ་བྲང་དུ་ཐེངས་དང་པོར་བསྟན་པ་རེད། བོད་སྐད་གློག་བརྙན་དེའི་ནང་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མཐོང་ཕྱོགས་དང་དེ་བཞིན་ཁོ་མོའི་ཨ་མ་མངལ་སྦྲུམ་སྐབས་ཀྱི་དུས་ཚིགས་གསུམ་པོ་དུས་རིམ་དུ་བྱས་ནས་སྤོ་བོ་དང་། ཨ་ཕ། རང་ཉིད་བཅས་མི་རབས་གསུམ་བར་གྱི་འབྲེལ་བ་དང་དེ་བཞིན་མི་རབས་གསུམ་གྱིས་ཨ་ཕའི་བྱམས་བརྩེར་གོ་བ་ལེན་ཚུལ་མི་འདྲ་བ་མཚོན་ཡོད་པ་རེད།
༢༠༡༤ ལོའི་ཟླ་བཅུ་པར་རིན་པོ་ཆེས་འཁྲབ་ཁྲིད་བྱས་པའི་ཀྲུང་གོའི་གློག་བརྙན་དང་པོ《འོད་གསལ》མེང་མའེ་གློག་བརྙན་དུས་ཆེན་སྐབས་བཅུ་དྲུག་པའི“རྒྱལ་སྤྱིའི་འགྲན་བསྡུར”ལ་བསྟན་པ་དང་། གློག་བརྙན་དེའི་ནང་ཨ་མ་ཞིག་ལ་བུ་ལོང་བ་ཞིག་ཡོད་པ་ལ། བུ་ལོང་བ་དེ་ཨ་མས་རང་ལ་ལོང་བའི་ཕིང་ཕང་སྤོ་ལོ་བཙན་པོས་སྦྱོང་ཏུ་བཅུག་པར་ཡི་མ་རངས་བར་ཁྱིམ་ནས་ཐོན་ཏེ་ཕྱི་རོལ་དུ་འཁྱམས་རྗེས། ཨ་མས་བུ་ལོང་བའི་གནས་སྟངས་བསམ་ཤེས་བྱེད་ཆེད་རང་གི་མིག་བཀབ་སྟེ་རྟོག་བཟོའི་འཇིག་རྟེན་ཏེ་ནང་སེམས་ཁམས་ནས་གཅེས་པའི་བུ་འཚོལ་སྐབས་ནང་སེམས་ཀྱི་འོད་གསལ་རང་བཞིན་རྙེད་པའི་བརྒྱུད་རིམ་བཀོད་ཡོད་པ་རེད།
བོད་རིགས་ཀྱི་མཁས་དབང་སྐལ་བཟང་འཇམ་དབྱངས་ཀྱི《བོད་རིགས་བརྗོད་བྱ་གཙོ་བོར་བཟུང་བའི་གློག་བརྙན་དང་བོད་རིགས་ཀྱི་གློག་བརྙན་ཁྲོད་ཀྱི་རིག་གནས་བསམ་ཞིབ》ཅེས་པར་གློག་བརྙན་གྱིས་རིག་གནས་དང་རིན་ཐང་ལྟ་བ་ཞིག་བརྒྱུད་བསྒྲགས་བྱེད་དགོས་སྟབས། བོད་རིགས་ཀྱི་གློག་བརྙན་དང་ཡང་ན་བོད་རིགས་བརྗོད་བྱ་གཙོ་བོར་བཟུང་བའི་གློག་བརྙན་གང་ཡིན་ཡང་རིག་གནས་ཤིག“གཏོར”ནས་རིག་གནས་གཞན་ཞིག་དང་མཐུན་འཇུག་བྱེད་མི་རུང་ཞེས་བཤད་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༡ ཚེས་ ༢༩ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༡ ཚེས་ ༣༠ ལ།