སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ནས་ཚེས་ ༡༥ ཉིན་བར།
༡༽ རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན(རྫུན་མ)ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་འདི་ལོའི་ཟླ་ ༦ ཚེས་ ༡༦ ཉིན་གྱི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་དགོན་སྡེ་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་དང་སློབ་གསོའི་ལམ་ལུགས་ལག་བསྟར་ནན་ཏན་བྱ་དགོས་པ་དང་། ལྷག་པར་དུ་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཐོག་ཟང་ཟིང་ཆེ་བའི་གནས་ཚུལ་ཁྲིམས་ལྟར་བཅོས་སྐྱོང་ནན་པོ་བྱ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་རེ་འབོད་གནང་བ་རེད། དོན་དེའི་ཕྱིར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གྲོས་འགོ་བཞི་བཏོན་གནང་བ་སྟེ།
གཅིག ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་མི་སྣར་བརྫུས་ཏེ་ཁྲིམས་འགལ་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་བའི་སྣང་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་བཀག་སྡོམ་བྱ་ཐབས་འདོན་པ་དང་། ཐེར་འདོན་གོང་ཞུ་བྱེད་ལམ་ཤར་གཏོང་། ཡུན་ཕན་རྐྱེན་སྲོལ་འཛུགས་སྐྱོང་བཅས་བྱ་དགོས།
གཉིས། ཆོས་ལུགས་མི་སྣར་བརྫུས་ནས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ཏེ་བྱས་ཉེས་སུ་གྲུབ་རིགས་རྣམས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་སྣང་ཚུལ་འདི་རིགས་རྒྱ་ཡན་དུ་མཆེད་པར་བཀག་འགོག་བྱ་དགོས།
གསུམ། ཆོས་ལུགས་ཚོགས་པས་ནུས་པ་འདོན་སྤེལ་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དག་གིས་རང་འཁྲིའི་ལས་ཀ་མི་སྒྲུབ་པར་ཆོས་ལུགས་ལ་ཁ་གཡར་ནས་རྒྱུ་ནོར་བསྡུ་ལེན་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་སྲོལ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་མིན་པ་དག་གིས་ཆོས་ལུགས་མི་སྣར་བརྫུས་ནས་རྒྱུ་ནོར་གཡོ་ལེན་དང་གཡེམ་འཆལ་བྱེད་པར་གཏན་འགོག་བྱེད་སྲོལ་དར་སྤེལ་གཏོང་དགོས།
བཞི། འབྲེལ་ཡོད་སྡེ་ཁག་གིས“ཁྲིམས་དང་མཐུན་པར་སྲུང་སྐྱོང་དང་། ཁྲིམས་ལས་འགལ་རིགས་བཀག་སྡོམ། སིམ་འཛུལ་བྱེད་པར་བཀག་འགོག ཐལ་ཆེ་རིགས་གཏན་འགོག ཉེས་གསོག་ལ་རྡུང་རྡེག”བཅས་བྱ་རྒྱུའི་རྩ་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་དགོས་པ་དང་། ཆོས་ལུགས་ལས་རིགས་དང་ཆོས་དད་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་ལས་དོན་དང་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱ་དགོས་ཤིང་། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ཁྲིམས་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་བརྩི་སྲུང་བྱེད་པའི་རང་རྟོགས་བྱེད་སེམས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་ཀྱི་ལུགས་མཐུན་རེ་འདུན་ཞུ་བའི་ཁྲིམས་མཐུན་ཐབས་ལམ་ཤར་གཏོང་བྱས་ནས་ཆོས་ལུགས་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་བར་བྱ་དགོས། ཞེས་གྲོས་འགོ་བཏོན་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༤ ཉིན༽
༢༽ ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་དྲ་བ་ཤར་གཏོང་བྱེད་པ་ཁྱབ་བསྒྲགས་ཚོགས་འདུ་ཉེ་སྔོན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་དགྲ་འདུལ་གྱིས་གསུང་བཤད་གནང་བ་མ་ཟད། དུས་དེབ་དྲ་བ་ཤར་གཏོང་བྱེད་འགོ་སློང་མཐེབ་མནན།
ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་དྲ་བ་ནི་བོད་ཡིག་གི་རིག་གཞུང་དུས་དེབ་ལྟེ་བའི་ཐོན་ཁུངས་བྱས་པའི་སྤྱི་ཕན་རང་བཞིན་གྱི་གྲངས་ཀ་ཅན་གྱི་དྲ་རྒྱའི་ཐོན་ཁུངས་ཞབས་ཞུའི་སྟེགས་བུ་ཞིག་རེད་ལ། འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ་དང་། ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་དང་ཀྲུང་གོའི་བོད་རིག་པ་དྲ་བ་གཉིས་ཀྱིས་རྒྱལ་ཡོངས་བོད་ཡིག་དུས་དེབ་ཁག་དང་མཉམ་འབྲེལ་བྱས་ནས་ཐུན་མོང་དུ་གསར་དུ་འཛུགས་གཉེར་བྱས་པ་ཞིག་རེད། མིག་སྔར་ཀྲུང་གོའི་བོད་ཡིག་དུས་དེབ་དྲ་བར་ཐོན་ཁུངས་འཚོལ་ཞིབ་དང་། དཔེ་ཀློག འབེབས་ལེན། བསྡོམས་རྩིས་སོགས་བྱེད་པའི་ནུས་པ་མང་པོ་ལྡན་པ་རེད། ད་སྐབས<<ཀྲུང་གོའི་བོད་རིག་པ>>དང་། <<བོད་ལྗོངས་ཞིབ་འཇུག>> <<བོད་ལྗོངས་སློབ་ཆེན་གྱི་དུས་དེབ>>སོགས་དུས་དེབ་རིགས་ལྔ་ཡི་རྩོམ་ཡིག་ ༡༠༠༠ ལྷག་ཙམ་བཀོད་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༧ ཉིན༽
༣༽ ཟླ་ ༡༢ ཚེས་ ༣ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་པེར་ཀྲེམ(Belgium 比利时)གྱི་གྲོས་ཚོགས་དང་སྲིད་གཞུང་གི་དཔོན་རིགས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི། པེར་ཀྲེམ་དུ་བྱེས་སྡོད་བོད་རིགས་སྤུན་ཟླ་ཁག་གཅིག་བཅས་དང་བཞུགས་མོལ་སྤེལ་རེས་གནང་བ་མ་ཟད། ད་དུང་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་ཚུལ་དང་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་གཉིས་གལ་ཆེ་མཉམ་དུ་འཇོག་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད།
པེར་ཀྲེམ་གྱི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཤིས་ཀེ་ཕུའུ་ལེ་ཏེ․ཕུའུ་ལ་ཁེ་དང་བཞུགས་མོལ་གནང་སྐབས་པད་མ་འཕྲིན་ལས་ཀྱིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་དཔོན་ཕུའུ་ལ་ཁེ་ལ་འཚམས་འདྲི་གནང་ཚུལ་བརྒྱུད་ཞུ་བྱས་རྗེས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོ་འགན་ལེན་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་ངོ་སྤྲོད་གནང་བ་རེད།
སྐུ་ཚབ་ཚོགས་པས་ད་དུང་པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་ཕྱི་འབྲེལ་པུའི་དྲུང་ཆེ་ཏིའར་ཁེ․ཨ་ཧོ་ཐེང་དང་ཐུགས་འཕྲད་གནང་ཞིང་། ཨ་ཧོ་ཐེང་གིས་སྐུ་ཚབ་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་རྗེས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དེ་པེར་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་པ་ཞིག་རེད། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བར་ང་ཚོས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས། པད་མ་འཕྲིན་ལས་ཀྱིས་བོད་ནི་ཀྲུང་གོའི་སྣོད་བཅུད་སྲུང་ཡོལ་ཞིག་ཡིན། འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་པོ་བྱེད་པ་མ་ཟད། ད་དུང་འཛུགས་སྐྲུན་དང་སྲུང་སྐྱོང་གཉིས་ཐོག་མཐའ་བར་གསུམ་དུ་གལ་ཆེ་མཉམ་དུ་འཇོག་གི་ཡོད་ཅེས་བཤད།
འཚམས་འདྲི་གནང་རིང་སྐུ་ཚབ་ཚོགས་པས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་པེར་ཀྲེམ་དུ་བྱེས་སྡོད་བོད་རིགས་སྤུན་ཟླ་ཁག་གཅིག་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་དང་། སྐུ་ཚབ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། བོད་ཀྱི་རིག་གནས། དགོན་པ་སོགས་སྲུང་སྐྱོང་ཐད་འབད་བརྩོན་བྱས་ལུགས་དང་དེ་བཞིན་འདི་ལོའི་ཟླ་བ་བཞི་པར་བོད་ལ་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། པད་མ་འཕྲིན་ལས་ཀྱིས་ཀྲུང་དབྱང་སྲིད་གཞུང་གིས་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་ ༣༠ ལྷག་ཙམ་གྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་མི་དམངས་ཤོག་སྒོར་དུང་ཕྱུར་ ༡༠༠ ལྷག་ཙམ་བཏང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད་ཅེས་བཤད། པད་མ་འཕྲིན་ལས་ཀྱིས་ཕྱིར་སྡོད་བོད་རིགས་སྤུན་ཟླར་ཐུགས་ཁུར་གནང་ལུགས་དང་། བོད་རིགས་སྤུན་ཟླ་ཚོས་ཕ་ཡུལ་འཕེལ་རྒྱས་འགྲོ་ཚུལ་དང་འགྱུར་ལྡོག་བྱུང་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་དེ་བཞིན་ཕ་ཡུལ་ལ་ལྟ་བར་བསྐྱོད་རྒྱུའི་འདུན་པ་ཆེན་པོ་བཅངས་ཚུལ་ཞུས་པ་རེད།
སྐུ་ཚབ་ཚོགས་པས་པེར་ཀྲེམ་ཀྲུང་གོའི་རིག་གནས་ལྟེ་གནས་ལ་ཐང་ག་དང་། བོད་སྨན། ཇ་སོགས་བོད་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་འགྲེམས་རྫས་ཕུལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༨ ཉིན༽
༤༽ ཉེ་ཆར་ཟི་ལིང་གནམ་གྲུ་འབབ་ཐང་ནས་ཧོང་ཀོང་དུ་འཕུར་སྐྱོད་བྱེད་པའི་མཁའ་ལམ་ཤར་གཏོང་བྱས་པ་དང་། མཁའ་ལམ་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཤར་གཏོང་བྱས་པའི་ཧོང་ཀོང་དུ་དུས་བརྟན་ངང་འགྲོ་འོང་བྱེད་ཆོག་པའི་མཁའ་ལམ་ཐོག་མ་རེད། མཁའ་ལམ་འདིར་འཕུར་སྐྱོད་བྱེད་ལམ་དུ་ཞི་ཨན་དུ་སྡོད་དགོས་པ་དང་། པ་སེའི་རིན་གོང་སྒོར་ ༡༣༥༠ ཡིན་པ། གཟའ་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་དུས་གཏན་གནམ་གྲུ་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཟི་ལིང་དགོང་དྲོའི་ཚགས་པར་ནས། ཟླ་ ༡༢ ཚེས་ ༧ ཉིན༽
༥༽ ཟླ་ ༡༢ ཚེས་ ༤ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཡོ་རོབ་ཇུས་འདོན་ཚོགས་པའི་ཨེ་ཤེ་ཡའི་གནད་དོན་ཞིབ་འཇུག་སུའོ་རུ“བོད་ཀྱི་དཔལ་འབྱོར་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཡོ་རོབ་ཀྱི་མཁས་དབང་བཅུ་གྲངས་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་ཡོ་རོབ་ཀྱི་མཁས་དབང་ཚོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ སོང་བའི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་བོད་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་བས་བོད་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་རིང་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ཐུབ་པ་དང་ ༢༠༢༠ ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བོད་ལ་གདེང་ཚོད་ཆེན་པོ་ཡོད་ཅེས་བཤད།
གཞན་ཡང་པད་མ་འཕྲིན་ལས་ཀྱིས་འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་གཙོ་བོ་ཁག་ལ་ཕྱིར་དྲན་གནང་སྟེ་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་གྲོས་འགོ་གཞིར་བཟུང་ས་གནས་ཀྱི་འཆར་གཞི་བཟོ་འགོད་བྱེད་ཚུལ་ངོ་སྤྲོད་སྟབས་བདེ་ཞིག་གནང་བ་དང་འབྲེལ་དཔེ་མཚོན་དྲངས་ཏེ་མཁས་དབང་ཚོས་ཐུགས་ཁུར་གནང་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནད་དོན་ཐད་ཀྱི་དོགས་གནད་ཀྱང་སེལ་བ་རེད།
པད་མ་འཕྲིན་ལས་ཀྱིས་བོད་ཀྱི་རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ད་བར་དུ་མཐོང་ཆེན་པོ་གནང་སྟེ་སྣོད་བཅུད་དམར་ཐིག་ནན་པོ་བཟོས་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་ནས་བཏོན་ཡོད་ཅེས་ནན་བཤད་བྱས།
ཁོང་གིས“ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་སྲོལ་ཡོད་པའི་བོད་ལྗོངས་ས་མཐོ་ནི་ཀྲུང་གོ་དང་། ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་ཤར་ལྷོ་བཅས་ཀྱི“ཆུ་བོའི་འབྱུང་ཁུངས”དང“སྣོད་བཅུད་འབྱུང་ཁུངས”ཡིན་པ་དང་། མིག་སྔར་བོད་ཀྱིས་ས་ཁམས་ལེགས་ཆར་བརྟེན་ནས་ཆུ་གློག་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དེ་བཞིན་ས་འོག་ཚ་ནུས་དང་ཉི་འོད་ནུས་པ་སོགས་མི་མངོན་པའི་ནུས་རྒྱུ་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་གཏོང་བཞིན་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་བོད་ལྗོངས་ས་མཐོའི“རི་བོ་སྔོ་ཞིང་ཆུ་བོ་དྭངས་མོ”ནམ་ཡང་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
ཡོ་རོབ་ཀྱི་ཇུས་འདོན་ཚོགས་པ་ཁག་ནས་ཕེབས་པའི་མཁས་དབང་ཚོས་སྐུ་ཚབ་ཚོགས་པས་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ངོ་སྤྲོད་གནང་བར་ཁས་ལེན་གནང་བ་དང་། ལྷག་དོན་དུ་ཀྲུང་གོ་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་ཐད་འབད་བརྩོན་ཧུར་ཐག་གནང་བར་བསྔགས་བརྗོད་གནང་བ་རེད།
སྤེལ་རེས་བྱེད་རིང་སྐུ་ཚབ་ཚོགས་པས་འབྲེལ་ཡོད་མཁས་དབང་དང་གསར་འགོད་པ་རྣམས་ཀྱིས་བཏོན་པའི་དྲི་བར་ལན་བཏབ་པ་མ་ཟད། ད་དུང་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སྔར་བས་ཡག་པོ་བྱ་རྒྱུ། ཇི་ལྟར་བྱས་ནས་ཞིང་འབྲོག་པའི་དཔལ་འབྱོར་གནས་བབ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་ཀྱང་གནང་།
ཚོགས་ཞུགས་ཡོ་རོབ་ཀྱི་མཁས་དབང་ཚོས་སྐུ་ཚབ་ཚོགས་པ་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་དེང་དུས་བོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་བབ་བརྟན་ལྷིང་། ཆོས་ལུགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་པ། རིག་གནས་དར་རྒྱས། སྣོད་བཅུད་ལེགས་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་ཕན་ཚུན་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༨ ཉིན༽
༦༽ མ་དངུལ་སྒོར་འབུམ་ ༧༠ ལྷག་ཙམ་བཏང་བའི་བོད་ལྗོངས་ཀྱི་གནའ་མིའི་རྗེས་ཤུལ་སྤྱི་གླིང་ཐོག་མ་སྟེ། ཁ་རུབ་གནའ་ཤུལ་སྤྱི་གླིང་གི་གནའ་ཤུལ་སླར་གསོ་དང་། གནའ་ཤུལ་གྱི་བེད་མེད་སྙིགས་རོ་གཙང་སེལ། གྱང་སྐོར་བརྟན་གཏོང་ཉམས་གསོ་སོགས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་། གོམ་སྟབས་རྗེས་མར་གནའ་ཤུལ་འགྲེམས་སྟོན་ཁུལ་དང་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་གླིང་བསྐྲུན་རྒྱུ་ཡིན་པ་རེད།
ཁ་རུབ་གནའ་ཤུལ་དེ་གྲོང་ཁྱེར་དེའི་ཁ་རུབ་ཆུས་ཀྱི་ལྷོ་ངོས་སུ་ཡོད་པ་དང་ད་བར་ལོ་ ༤༠༠༠ ནས་ལོ་༥༠༠༠ ཙམ་ཕྱིན་ཡོད་པ་དང་། དེ་ནི་ད་བར་གྱི་མཚོ་བོད་ས་མཐོའི་ཉར་ཚགས་ཆ་ཚང་ཤོས་དང་ཤུལ་བཞག་དངོས་རྫས་དང་གནའ་ཤུལ་ཕུན་སུམ་ཚོགས་ཤོས་ཀྱི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་གནའ་ཤུལ་ཡིན་ཞིང་། ༡༩༩༦ ལོར་ཁ་རུབ་གནའ་ཤུལ་དེ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་བདམས་པ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༡༢ ཚེས་ ༨ ཉིན༽
༧༽ ཀྲུང་གོའི་གསར་འགྱུར་དྲ་བ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀན་སུའུ་ཞིང་ཆེན་ནགས་ལས་ཐིང་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པར། ཀན་སུའུ་ཐེ་བོའི་ནགས་ཁུལ་དེ་རྒྱ་མཚོའི་ངོས་ལ་སྨི་ཊ ༢༠༠༠ ནས་སྨི་ཊ ༢༨༠༠ བར་གྱི་ནགས་ཁྲོད་སྡོང་ཕྲན་ཁྲོད་ནས་རི་སྐྱེས་ཏ་ཧྭ་འདྲེས་མའི་མེ་ཏོག་རྙེད་ཅིང་། འདྲེས་མའི་མེ་ཏོག་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྟོངས་ཉེར་ཡོད་པའི་སྲུང་སྐྱོབ་རྩི་ཤིང་ཡིན་པ་རེད།
ཏ་ཧྭ་འདྲེས་མའི་མེ་ཏོག་ནི་ཀྲུང་གོའི་རི་སྐྱེས་འདྲེས་མའི་མེ་ཏོག་ནང་ལྟ་རིན་ཆེན་པོ་ལྡན་པའི་རིགས་ཤིག་ཡིན་ཞིང་། དང་ཐོག་ཀྲུང་གོའི་བྱང་ཤར་དང་། ནང་སོག ཧོ་པེ། ཧྲན་ཏུང་། ཐའེ་ཝན་སོགས་ནས་ཐོན་གྱི་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ཊ ༤༠༠ ནས་སྨི་ཊ ༢༤༠༠ བར་གྱི་ནགས་ཁྲོད་དང་། སྐྱེད་ཚལ། ན་ཁ་སོགས་རྩི་ཤིང་གི་སྤུས་ཚད་ལེགས་ལ་ཆུ་འབུད་ནུས་པ་ལེགས་པའི་ས་ཁུལ་དུ་སྐྱེ་ཡི་ཡོད། ཉི་ཧོང་དང་ཁོ་རེ་ཡ་ཕྱེད་གླིང་དང་ཨུ་རུ་སུར་ཡང་ཁྱབ་ཡོད་པ་རེད། མིག་སྔར་བྱང་ངོས་སུ་རང་བྱུང་ངང་ཁྱབ་པའི་ཏ་ཧྭ་འདྲེས་མའི་མེ་ཏོག་སྟོངས་ཉེར་ཡོད་པ་རེད།
ཏ་ཧྭ་འདྲེས་མའི་མེ་ཏོག་ནི་ད་ཆ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རྩི་ཤིང་དང་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་རྩི་ཤིང་ཡང་ཡིན་པ་རེད། རྒྱལ་ཁབ་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་པ་དང་ཆབས་ཅིག ཀན་སུའུ་ཐེ་བོའི་ནགས་ཁུལ་དུ་ཉེ་བའི་ལོ་ཤས་ནང་ནགས་ཚལ་ཐོན་ཁུངས་དེ་སླར་གསོའི་རང་བཞིན་ངང་མང་དུ་ཕྱིན་ཐོག ནགས་ཚལ་གྱི་སྣོད་བཅུད་མ་ལག་རིམ་བཞིན་བརྟན་དུ་ཕྱིན་པ་དང་། སྣོད་བཅུད་ཀྱི་རྣམ་པ་རིམ་བཞིན་ངང་ལེགས་སུ་ཕྱིན་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱུང་བ། ནགས་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་པ། སྔར་ཡོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་རིམ་བཞིན་མེད་པ་ནས་ཡོད་པའི་བར་དང་ཉུང་བ་ནས་མང་བའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༨ ཉིན༽
༨༽ ༡༩༩༥ ལོའི་ཟླ་ ༡༢ ཚེས་ ༨ ཉིན། སྐབས་དེར་དགུང་ལོ་ ༥ ལ་སོན་པའི་པཎ་ཆེན(རྫུན་མ)ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་དུ་གསེར་ཁྲིར་མངའ་གསོལ་གནང་ཟེར། ༡༩༩༦ ལོ་དང་ ༢༠༠༩ ལོ་གཉིས་ལ་པཎ་ཆེན་མཆོག་གིས་རིམ་ལྟར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་པ་དང་། དུས་དེ་ནས་སྤྲུལ་སྐུའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་པ་དང་། དུས་ད་ལྟའི་བར་གསང་སྔགས་ཀྱི་དབང་ཡང་༡༠༠༠ ལྷག་ཙམ་ཐོབ་པ་དང་། ཁོང་ ༢༠༡༠ ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་ཤིང་། ༢༠༡༣ ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས། གསེར་ཁྲིར་མངའ་གསོལ་ནས་ལོ་ངོ་ ༢༠ འཁོར་བ་འི་རིང་ཁོང་གི་མཚན་སྙན་དེ་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཉིན་བཞིན་ཇེ་མཐོར་སོང་ཡོད་ལ། ད་ལྟའི་བར་ཁོང་གིས་དད་ལྡན་མང་ཚོགས་མི་ཐེངས་འབུམ་ ༡༥ ལྷག་ཙམ་ལ་ཕྱག་དབང་གནང་བ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ས་ཁུལ་ ༢༣ ལ་གཟིགས་ཞིབ་འཚམས་འདྲི་གནང་བར་ཕེབས། བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཞབས་ཀྱིས་བཅགས་ཡོད། རྟེན་འབྲེལ་མཛད་སྒོའི་ཉིན་དེར་བོད་ལྗོངས་ཀྱི་དགོན་སྡེ་ཆེ་ཁག་གི་གྲྭ་བཙུན་འཐུས་མི་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་ ༦༠༠ ལྷག་དང་། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་འཐུས་མི་ ༩༠༠ ལྷག གཞན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཁྱོན་བསྡོམས་ ༡༥༠༠ ལྷག་ཙམ་ཞུགས་ཡོད་པ་རེད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༩ ཉིན༽
༩༽ ཟླ་ ༡༢ ཚེས་ ༧ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་པཎ་ཆེན༼རྫུན་མ༽ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་དང་བོད་རང་སྐྱོང་ལྗོངས་དང་བོད་ལྗོངས་དམག་ཁུལ་ཁང་གི་འགོ་ཁྲིད་པ་བཅས། བློ་བཟང་རྒྱལ་མཚན་དང་། མགོན་པོ་བཀྲ་ཤིས། ཝང་རུའེ་ལེན། བསྟན་འཛིན་རྣམ་རྒྱལ། སྐལ་བཟང་ཚེ་རིང་། ཧོ་ཝུན་ཧའོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། ཀྲང་ཅན་ཀང་སོགས་ལྷན་དུ་མཇལ་འཛོམས་ནང་ཞུགས། ཁྲེན་ཆོན་གོས་མཇལ་འཛོམས་གནང་སྐབས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བོད་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུས་པ་དང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གསེར་ཁྲིར་མངའ་གསོལ་ནས་ལོ་ ༢༠ འཁོར་བར་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་ཟེར། ་་་་་་་་་
ཁྲེན་ཆོན་གོས་པཎ་ཆེན་རྫུན་མར “རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”རང་འགན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་འདུན་པ་གཅིག་མཐུན། བྱ་སྤྱོད་ཐད་གཅིག་མཐུན་གཅིག་སྤེལ་བཅས་གནང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ཐད་དེ་བས་རང་རྟོགས་གནང་བ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་འབྱེད་མཐའ་གཅིག་ཏུ་གནང་བ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་བཀག་འགོག་མཐའ་གཅིག་ཏུ་གནང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་རང་རྟོགས་ངང་སྲུང་སྐྱོང་གནང་དགོས། ལ་སོགས་བསླབ་བྱ་བརྒྱབ།
པཎ་ཆེན་རྫུན་མས། ་་་་་་་་ འདི་ལོའི་ཟླ་ ༦ ཚེས་ ༡༠ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཕྲན་གྱི་གུས་མཇལ་དང་ལེན་གནང་བ་དང་ཕྲན་གྱི་འཚར་ལོངས་དང་ཡར་རྒྱས་ལ་བླང་བྱ་གསལ་པོ་བཏོན་གནང་བས་ཚེ་གང་བརྗེད་པ་མི་འདུག དེ་ནི་ཕྲན་སྒེར་གྱི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་ལ་བཀྲས་ལྷུན་དགོན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཟི་བརྗིད་མཚན་སྙན་ཡང་རེད། ཕྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བྱམས་བརྩེའི་བཀའ་སློབ་མི་ཚེའི་བསྲུང་བྱའི་གདམས་ངག་ཏུ་བཟུང་བ་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་བཟུང་སྟེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་སྟོབས་ཤུགས་ཚང་མ་ལེགས་སྐྱེས་སུ་ཕུལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་བཤད།
མཇལ་འཛོམས་མཇུག་འགྲིལ་སྐབས་ཁྲེན་ཆོན་གོས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་བཀྲས་ལྷུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་གྱི་ལག་ཁྱེར་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བཀྲས་ལྷུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་པའི་གཏན་འབེབས་ཁྱབ་བསྒྲགས་བྱས།༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༩ ཉིན༽
༡༠༽ བོད་ལྗོངས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བྲག་ཕུག་རྗེས་ཤུལ་ཆེ་ཤོས—མངའ་རིས་རྩ་མདའ་དུང་དཀར་དང་ཕི་དབང་བྲག་ཕུག་རྗེས་ཤུལ་གྱི་སྟོངས་ཉེར་ཡོད་པའི་ལྡེབས་རིས་བསྡུར་ཚད་གཅིག་མཚུངས་ཀྱིས་འདྲ་བཤུས་བསྐྱར་བཟོའི་ལས་གཞི་མིག་སྔར་ལེགས་འགྲུབ་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། རིགས་གཅིག་མཁས་པའི་ཚོ་ཆུང་གིས་བསྡོམས་པས་དཀྱིལ་འཁོར་གྱི་ལྡེབས་རིས ༡༠ དང་ལྷ་བྲིས་དང་མི་སྣའི་གཟུགས་དབྱིབས་སྣ་མང་གི་ལྡེབས་རིས་ ༢༠༠༠ ལྷག་མྱུར་སྐྱོབ་རང་བཞིན་ལྡན་པའི་འདྲ་བཤུས་བསྐྱར་བཟོའི་ལས་ཀ་ལེགས་འགྲུབ་བྱས་པ་རེད། བརྩམས་ཆོས་འདི་དག་འཛམ་གླིང་སྟེང་དུ་ཡོད་པའི་མངའ་རིས་ཀྱི་གནའ་བོའི་ལྡེབས་རིས་བསྡུར་ཚད་གཅིག་མཚུངས་ཀྱི་འདྲ་བཤུས་འབའ་ཞིག་ཏུ་འགྱུར་རྒྱུ་རེད། ཕྱོགས་གཅིག་ནས་ལྡེབས་རིས་འདི་དག་རང་བྱུང་གནོད་འཚེའི་གཏོར་སྐྱོན་ཐེབས་པ་ལས་སེལ་ཐབས་བྲལ་བའི་བརླག་སྐྱོན་སྔོན་འགོག་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་སྤོ་སྒུལ་བྱེད་མི་ཐུབ་པའི་རིག་དངོས་དེ་དག་མ་འོངས་པར་སྤོ་སྒུལ་བྱེད་པའི་སྒོ་ནས་བསྐྱར་བཟོ་དང་། འགྲེམས་སྟོན། ཚན་རིག་ཞིབ་འཇུག་སོགས་བྱེད་ཐུབ་པ་རེད། དུང་དཀར་དང་ཕི་དབང་བྲག་ཕུག་རྗེས་ཤུལ་ནི་བོད་ལྗོངས་གུ་གེའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཀྱི་ཤུལ་བཞག་ཡིན་ལ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩ་མདའི་དེའུ་འབུར་ཁྲོད་དུ་གནས་པ་དང་དུང་དཀར་རྗེས་ཤུལ་དང་ཕི་དབང་བྲག་ཕུག་ཚོགས་ལས་གྲུབ་ཅིང་། ༡༩༩༧ ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁག་གསུམ་པར་ཚུད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༡༤ ཉིན༽
༡༡༽ ཟླ་ ༡༢ ཚེས་ ༨ ཉིན་འཚོགས་པའི་ཧྲིན་ཀྲིན་རྒྱལ་སྤྱིའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པའི་ཐོག བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར་བྱིས་པའི་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
བདུད་རྩི་སྐྱིད་ནི་མཚོ་སྔོན་མང་ར་ནས་ཡིན་ཞིང་། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་གློག་བརྙན་འཕྲིན་འཁྲབ་ཁྲིད་སྡེ་ཁག་ནས་སློབ་གཉེར་བྱས། ཁོ་མོར་སྙན་ངག་དང་རོལ་དབྱངས་ཟློས་གར། གཞས་ཚིག་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་ཅིང་། གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པའི་གཏམ་རྒྱུད་ལེགས་ཤོས་ཀྱི་བྱ་དགའ་སོགས་ཀྱང་ཐོབ་མྱོང་། ༼ཆ་འཕྲིན་འབྱུང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ་ནས། ཟླ་ ༡༢ ཚེས་ ༡༤ ཉིན༽
༡༢༽ བོད་ཀྱིས་གློག་བརྙན་སྒྱུར་བཟོ་བྱས་ནས་ལོ་ ༥༠ འཁོར་བ་དང་བོད་ལྗོངས་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་བཟོའི་བགྲོ་གླེངཚོགས་འདུ་ལྷ་སར་འཚོགས། བོད་ཀྱིས་ ༡༩༦༥ ལོ་ནས་བཟུང་། མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་བཟོའི་ལས་དོན་སྤེལ་ཚུན། གློག་བརྙན་སྣ་ཚོགས་ ༢༠༠༠ ལྷག་ཙམ་དང་བརྙན་འཕྲིན་འཁྲབ་ཚན་ ༥༠ ལྷག་ཙམ་སྒྱུར་བཟོ་བྱས་པ་མ་ཟད། གྲོང་ཁྱེར་གྱི་གྲངས་གཞིའི་གློག་བརྙན་ཁང་ ༦ བསྐྲུན་པར་ལོའི་སྤ་སེ་བཙོངས་ཚད་སྒོར་འབུམ ༥༠༠ལྷག་ཙམ་ཟིན་ནས་བོད་ཀྱིས་སྒྱུར་བཟོ་བྱས་པའི་བོད་སྐད་གློག་བརྙན་གྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ལྟ་ཐུབ་པ་དང་གོ་ཐུབ་པའི་དགོས་མཁོ་བསྐངས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༡༥ ཉིན༽
༡༣༽ ཟླ་ ༡༢ ཚེས་ ༡༡ ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ“ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་ ༦༠ འཁོར་བའི་བཞུགས་མོལ་ཚོགས་འདུ”འཚོགས་པ་དང་འབྲེལ། པེ་ཅིང་དུ་ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་ ༦༠ འཁོར་བའི་འགྲེམས་སྟོན་ཡང་སྤེལ་འགོ་ཚུགས་པ་རེད།
ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཁོངས་སུ་གཏོགས་པ་དང་། ༡༩༥༥ ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཆོག་མཆན་གནང་བ་བརྒྱུད་གསར་དུ་བཙུགས། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ལོ་ཙཱའི་སྒྲིག་གཞི་གཅིག་པུ་དེ་ཡིན་ལ། དེ་རུ་ནང་སོག་སྐད་ཡིག་ལས་དོན་ཁང་དང་། བོད་སྐད་ཡིག་ལས་དོན་ཁང་། ཡུ་གུར་སྐད་ཡིག་ལས་དོན་ཁང་། ཧ་སག་སྐད་ཡིག་ལས་དོན་ཁང་། ཁྲའོ་ཞན་སྐད་ཡིག་ལས་དོན་ཁང་། དབྱིས་རིགས་སྐད་ཡིག་ལས་དོན་ཁང་། ཀྲོང་རིགས་སྐད་ཡིག་ལས་དོན་ཁང་སོགས་སྡེ་ཚན་ ༡༦ ཡོད་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དུས་དེབ《མི་རིགས་ལོ་ཙཱ》ཞེས་པ་ཡང་གཙོ་གཉེར་བྱེད་ཀྱི་ཡོད་ཟེར།
ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་ ༦༠ སོང་ཚུན། ལས་ཁུངས་འདིས་སྐབས་རིམ་བྱུང་གི་རྒྱལ་ཡོངས་ཏང་གི་འཐུས་མི་ཚོགས་འདུ་དང་། མི་དམངས་འཐུས་ཚོགས། སྲིད་གྲོས་ཚོགས་འདུ་བཅས་ཀྱི་ཡིག་ཆ་ཡིག་སྒྱུར་དང་མགྲིན་གཅིག་ཏུ་སྐད་བསྒྱུར་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དང་། ནང་སོག་དང་། བོད་རིགས། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས་རིགས། ཀྲོང་རིགས་བཅས་གྲངས་ཉུང་མི་རིགས་ ༧ གྱི་སྐད་ཡིག་ཐོག་ནས་གསུང་རབ་དང་། ཚད་ལྡན་ཡིག་ཆ། བཅའ་ཁྲིམས་ཁྲིམས་སྲོལ། ཚིག་མཛོད་དུས་དེབ་སོགས་འབོར་ཆེན་ཞིག་བསྒྱུར་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གོང་བུ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། མི་རིགས་སྐད་ཡིག་ལོ་ཙཱའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཟེར།[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།