བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༩་་་༡༡ བར་ཉིན་གྲངས་གསུམ་རིང་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པ་ཚོགས་ཡོད། འདི་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིང་ཁང་ནས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཝཱར་ཎ་མཐོ་སློབ་ཏུ་སྐོང་ཚོགས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད། ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཝཱར་ན་མཐོ་སློབ་ཀྱི་རིགས་བདག་ཆེན་མོའི་སྐུ་ཚབ་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་གཙོས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། དེ་བཞིན་ཝཱར་ན་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། ས་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཚེ་དབང་སྟོབས་ལགས། ཝཱར་ན་མཐོ་སློབ་ཀྱི་བོད་ཀྱི་སྐད་ཡིག་སློབ་དཔོན་གཞོན་པ་ལྷག་པ་ཚེ་རིང་ལགས། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་བོད་རིག་པའི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་དངོས་གྲུབ་ལགས། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ལྷ་མོ་མཚོ་ལགས། གཞན་ཡང་ཉམས་ཞིབ་པ་དང་ཟུར་ཉན་པ་སོགས་མི་གྲངས་སུམ་ཅུ་ལྷག་ཕེབས་ཞུགས་གནང་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་སྐོར་གླེང་སྐབས་བཙན་བྱོལ་བོད་མི་ཉམས་ཞུགས་སྒོ་ནས་བསམ་ཚུལ་བརྗེ་ལེན་གནང་མཁན་ཉུང་ཉུང་ཡོད་པ་དང་། དེའི་ལྡོག་ཕྱོགས་སུ་བོད་རིག་པའི་ཚོགས་འདུའི་ཐོག་རྒྱ་ནག་གིས་ཆེད་གཏོང་ཚོགས་ཞུགས་པ་མང་པོ་ཡོད་པ་སྤྱི་དང་། ལྷག་པར་དུ་རྒྱ་ནག་གིས་བོད་རིག་པའི་ཞིབ་འཇུག་མཁས་པ་ཡིན་ཟེར་བ་མི་གྲངས་ ༢༠༠༠ ལྷག་ལ་གླ་ཕོགས་སྤྲད་དེ་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འགྲེལ་ལོག་བྱེད་བཞིན་པ་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ནས་དར་ཚུལ་སོགས་ལོ་རྒྱུས་དངོས་མིན་དངོས་ཡོད་ལ་གྲུབ་ཚུལ་ཐབས་ཤེས་ཡོད་རྒུད་བྱེད་བཞིན་ཡོད་སྟབས། གལ་གནད་ཆེ་བའི་བརྗོད་གཞི་དེ་ཚོའི་ཐོག་ང་ཚོའི་ངོས་ནས་གང་ཐུབ་ཀྱིས་བགྲོ་གླེང་དང་དཔྱད་རྩོམ་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད།
སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ནས་བོད་རིགས་ན་གཞོན་ཉམས་ཞིབ་པ་མང་དག་འདུ་སྐོང་སྒོ་ནས་འདི་ལྟ་བུ་ཚོགས་འདུ་སྐོང་ཚོགས་གནང་བར་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་སྦྲགས། མཁས་པ་དང་ཉམས་ཞིབ་པ་རྣམས་ནས་འདས་ཟིན་པའི་ལོ་རྒྱུས་གནས་སྟངས་རྐྱང་པ་མིན་པར་མ་འོངས་ཀྱི་ཁ་ཕྱོགས་སྐོར་བཅས་མདོར་ན་འདས་ད་ལྟ་མ་འོངས་སྟེ་དུས་གསུམ་སྐོར་ལ་ཉམས་ཞིབ་དཔྱད་པ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཞིང་། སྔར་གྱི་བོད་ཀྱི་ལོ་རྒྱུས་དང་བསྡུར་ཚེ་ད་ལྟའི་བོད་ཀྱི་གནས་སྟངས་ནི་ཧ་ཅང་གི་གཉན་ཕྲང་ཅན་ཞིག་ཆགས་ཡོད་ཀྱང་། དུས་ད་ལྟའང་བོད་ཀྱི་མིང་གསོན་པོ་གནས་པ་དང་། ཆོས་དང་རིག་གཞུང་སྐོར་མཁས་པ་ཚོས་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་ཡོད་པ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་ཡིན་སྐོར་གསུང་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས། ད་ཐེངས་ཉིན་གྲངས་གསུམ་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པ་འདིའི་སྟེང་ཚོགས་ཞུགས་པ་རྣམས་ནི་གཙོ་བོ་ཝཱར་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། དེ་མིན་བལ་ཡུལ་སོགས་རྒྱ་བལ་གཉིས་ནས་དཔྱད་རྩོམ་སྒྲོག་སྦྱང་གནང་མཁན་ཉམས་ཞིབ་པ་མི་གྲངས་ ༢༥ དང་། དེ་བཞིན་ད་ཐེངས་བགྲོ་གླེང་བརྗོད་གཞི་སོ་སོའི་ཐོག་དཔྱད་བརྗོད་དང་སློབ་སྟོན་གནང་མཁན་མི་སྣ་བཞི་སྟེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། སློབ་དཔོན་ཚེ་དབང་སྟོབས་ལགས། སློབ་དཔོན་གཞོན་པ་ལྷག་པ་ཚེ་རིང་ལགས་བཅས་ཆེད་མངགས་མགྲོན་འབོད་ཞུས་ཐུབ་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ལན་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པའི་དམིགས་བསལ་ཚོགས་ཐུན་དང་པོའི་བགྲོ་གླེང་ལས་བོད་ཀྱི་གནའ་དེང་རིག་གནས་ཉམས་ཞིབ་ཐབས་ལམ་གཅིག་མཚུངས་ཡོང་ཐབས་སྐོར་གྱི་ཟུར་ཚོགས་ཤིག་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ལ་ཞི་ཙང་ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཟུར་ཚོགས་ཡང་སྐོང་ཚོགས་གནང་གཏན་འཁེལ་ཡོད་སྐོར་གསུངས་ཡོད། ཚོགས་འདུའི་མཇུག་ཏུ་ཚོགས་བཅར་བ་རྣམས་ཉེ་ཁུལ་གྱི་ལོ་རྒྱུས་རང་བཞིན་པའི་ས་ཚིགས་ཁག་ཅིག་ལ་གཟིགས་སྐོར་སྣེ་ཁྲིད་ཡང་གནང་གཏན་འཁེལ་ཡོད། མདོར་ན་ཐེངས་འདིའི་ཚོགས་འདུར་བོད་ཀྱི་ཆོས་དང་གནའ་དེང་གི་རྒྱལ་རབས་ལོ་རྒྱུས། མིའི་རིགས་པ་དང་རྡོ་བརྐོས་ལོ་རྒྱུས། ཆབ་སྲིད་དང་སྤྱི་ཚོགས། བརྡ་སྤྲོད་དང་རྩོམ་རིག སློབ་གསོ་དང་ལས་གཞི་འཛུགས་སྐྲུན། ཁོར་ཡུག་དང་བཙན་བྱོལ་སྤྱི་ཚོགས་བཅས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་སུ་ཚུད་པའི་བརྗོད་གཞིའི་ཐོག་བོད་རིག་པའི་ན་གཞོན་ཉམས་ཞིབ་པ་སུམ་ཅུ་ཙམ་ནས་རང་རང་སོ་སོའི་ཞིབ་འཇུག་གྲུབ་དོན་ཁང་སྒྲོག་སྦྱང་དང་བགྲོ་གླེང་གནང་བཞིན་ཡོད་པ་བཅས།།