རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་ཉིན་དང་པོ།
༡། ཉམས་ཞིབ་པ་ས་མིར་ཧ་སམ་ (Sameer Hasan) གློག་བརྙན་དང་རྩོམ་ཡིག་ལས་བཙན་བྱོལ་བོད་མིའི་འཚོ་བ་མཚོན་ཐབས། (Representation of Tibetan Life in Exile Through Films and Literature)
ཉམས་ཞིབ་པས་གློག་བརྙན་དང་རྩོམ་རིག་བརྒྱུད་དེ་རྒྱ་ནག་བཅིངས་གྲོལ་དམག་གིས་བོད་ཡུལ་བཙན་འཛུལ་བྱས་པའི་དུས་ནས། རྒྱ་གར་དང་། བལ་ཡུལ། ལྷོ་ཕྱོགས་སུ་བོད་རིགས་མི་དམངས་ཀྱི་གཞིས་ཆགས་དང་། ངོ་བོ་མཚོན་པའི་བོད་མི་སྒྲིག་འཛུགས་བཙུགས་པ་དང་། བཙན་བྱོལ་བོད་མིའི་དཀའ་ངལ་ལ་གདོང་ལེན། སྲོལ་བརྒྱུན་གྱི་རིག་གཞུང་སྲུང་སྐྱོབ་བཅས་དངོས་གཞི་གློག་བརྙན། གཞན་བཙན་བྱོལ་བོད་མིའི་འཚོ་བ་མཚོན་པའི་གློག་བརྙན། ངག་རྒྱུན་ལོ་རྒྱུས་དང་རྩོམ་རིག་བཅས་ཀྱི་མྱོང་བ་དག་ཇི་ལྟར་མཚོན་ཐབས་བྱས་མིན་སྐོར་གླེང་སོང་། དེ་ཡང་ཉམས་ཞིབ་པ་ཁོས་བོད་ནང་གི་ལོ་བདུན་དང་། སྐུ་མདུན། སྤྲིན་རྒྱབ་ཀྱི་ཉི་མ། ངའི་རྒྱལ་ཁབ་བཅས་དང་། རྩོམ་རིག་ལས་བཙན་བྱོལ་ནང་གི་རང་དབང་དང་། ངོས་ཀྱི་ཡུལ་དང་ངོས་མི་མང་དང་། དེ་བཞིན་བསྟན་འཛིན་བརྩོན་འགྲུས་དང་ཟླ་བ་ནོར་བུ། ཚེ་རིང་དབང་མོ་སོགས་ཀྱི་བརྩམས་ཆོས་བཅས་ལ་གཞི་བཟུང་ནས་བཤད་སོང་།
༢། ཉམས་ཞིབ་པ་རྡོ་རྗེ་ནེ་གི་ (Dorjee Dondup Negi) བཟང་སྤྱོད་རིག་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་ལྟ་བ། (Status of Tibetan Language from the Perspective of Ethical Studies)
བོད་ཀྱི་སྐད་ཡིག་དེ་ལོ་རྒྱུས་རིག་པའི་ཐོག་ནས་ནང་ཆོས་ལ་སློབ་གཉེར་བྱེད་སྐབས་སྐད་ཡིག་ཡག་ཤོས་དང་། བོད་ཡིག་གི་ནང་དུ་ཡོད་པའི་ནང་པའི་རིག་གཞུང་བཟང་པོ་དེ་དག་ད་ལྟའི་མི་རིགས་ལ་དགེ་མཚན་ཆེ་བ་དང་། དགོས་མཁོ་ཅན་ཡིན་པའི་སྐོར་བཤད་དེ། བོད་ཡིག་ནི་འཛམ་གླིང་ནང་གི་སྐད་ཡིག་ཕྱུག་ཤོས་ཤིག་ཡིན་ཡང་། ཉེ་ཆར་བོད་ཀྱི་སྐད་ཡིག་ཉམས་ཆག་བྱུང་བའི་སྐོར་གླེང་སློང་ཆེ་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་དང་མཐོ་སློབ་བཅས་ཀྱི་ནང་བོད་ཡིག་བསླབ་མི་ཆོག་པ་དང་། དགོན་སྡེ་ཁག་ཏུ་དེ་བཞིན་གྱི་ཚོད་འཛིན་གྱིས་བཀག་སྡོམ་ཤུགས་ཆེར་བྱེད་བཞིན་པ་རེད། མདོར་ན་བོད་ཡིག་ནི་བཟང་སྤྱོད་དང་ནང་པའི་ལྟ་གྲུབ་ཀྱི་མཛོད་ཅིག་སྟེ། དེའི་སྒོ་འབྱེད་ཀྱི་ལྡེ་མིག་གཅིག་པུ་ནི་བོད་ཡིག་ཡིན་པས། བོད་ཀྱི་སྐད་ཡིག་གལ་ཆེ་རང་བཞིན་སྐོར་དང་། བཟང་སྤྱོད་དང་འབྲེལ་བའི་ཐོག་ནས་ལྟ་ན། མདོ་སྔགས་ཀྱི་བརྗོད་བྱ་ཆ་ཚང་བོད་ཡིག་ནང་ལ་ཡོད་སྐོར་བརྗོད་སོང་།
༣། ཉམས་ཞིབ་པ་ཇེ་ཧེ་རུལ་བྷུ་ཡན་ (Jeherul Bhuyan) བཙན་བྱོལ་གྱི་རྩོམ་རིག་དང་ངོ་བོའི་གནན་རྩོད། (Literature and Identity Assertion: A Comparative Analysis of Tibetan Resistance in Exile and Indian Local Poetry)
བཙན་བྱོལ་བའི་གདོང་ལེན་དང་རྩོམ་རིག་སྐོར་བརྗོད་ན། བཙན་བྱོལ་བོད་མིའི་འགོག་རྒོལ་དང་རྒྱ་གར་ས་གནས་སྙན་ངག་བར་ཞིབ་བསྡུར་གྱི་བསམ་པའི་སྐོར་བཤད་པ་དང་། ཁོང་གིས་གཞི་འཛིན་ས་གཙོ་བོ་ནི་བཙན་བྱོལ་བོད་མིའི་རྩོམ་རིག་དང་སྙན་ངག་དང་། རྩོམ་ཡིག་བཅས་ཀྱི་རྒྱ་ནག་གི་བཙན་འཛུལ་དང་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེ་དང་། རྒྱ་གར་ས་གནས་ཀྱི་རིགས་བརྒྱུད་དམན་པའི་པའི་རྩོམ་ཡིག་ནང་རྒོལ་འགོལ་ཇི་ལྟར་བྱེད་པའི་བར་གྱི་འབྲེལ་བ་ལ་དཔྱད་པ་བྱས་འདུག །
༤། ཉམས་པ་ཨན་ཇུན་མ་ར་ཧུ་སེན། ( Anju mara Hussain) ཀ་མི་ལ་ཤམ་སི་(Kamila Shamsie)ཡི་མེ་འབར་བའི་གྲིབ་ནག་ (༢༠༠༩) དང་ཚེ་རིང་ཡང་འཛོམས་བླ་མའི་ང་ཚོས་འཛམ་གླིང་འདི་ང་ཚོའི་གཟུགས་པོས་ཚད་འཇལ (༢༠༢༢) ཞེས་པའི་དཔེ་དེབ་ནང་གི་ལུས་པོ་ལ་དཔྱད་པ། (The Body in Kamila Shamsie’s Burnt Shadows (2009) and Tsering Yangzom Lama’s We Measure the Earth with Our Bodies (2022): A Comparative Study)
ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་དང་རྒྱ་སེ་མེ་ཏོག་གི་གྲིབ་པ། ཚེ་རིང་གཡང་འཛོམས་བླ་མས་བརྩམས་ཆོས་ནི་ཕྱི་ལོ་༢༠༢༢ལོར་དཔར་དུ་བསྐྲུན་པའི་བརྩམས་ཆོས་གསར་བ“ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ”་ཞེས་པའི་རྟོག་སྒྲུང་འདི་ལུང་པ་མེད་པའི་མི་རིགས་སྣ་ཚོགས་པའི་སྤྱི་ཚོགས་འཕེལ་རིམ་དང་། འཚོ་བའི་འགྱུར་ལྡོག། དམངས་ཀྱི་བདེ་སྡུག་སོགས་ལ་བསམ་གཞིག་ལེགས་པར་བྱས་པས། “ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་” ཞེས་པ་རྟོགས་སྒྲུང་འདི་དེང་རབས་བོད་ཀྱི་སྐྱེས་མའི་ཁྲོད་ནས་བརྩམས་ཆོས་ལེགས་ཤོས་ཀྱི་གྲས་སུ་ནང་བཀོད་ཆོག་ལ། རྟོགས་སྒྲུང་དེའི་ནང་གི་མི་སྣ་སྒྲོལ་མ་དང་ཉིན་འོད་ཀྱི་བརྩམས་ཆོས་“རྒྱ་སེ་མེ་ཏོག་གི་གྲིབ་པ།” ( Burnt Shadow) གཉིས་ལ་ཞིབ་བསྡུར་བྱེད་པ་དང་། བརྩམས་ཆོས་གཉིས་ཀྱི་འཕེལ་རིམ་དང་མི་སྣའི་སྣང་བརྙན་ལ་ཆ་འདྲ་དང་གནད་དོན་ཡོད་པ་ཁ་གསལ་གསུངས་བྱུང་།
རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་ཉིན་དང་པོའི་ཉིན་རྒྱབ་གྱི་དཔྱད་གཏམ་ཁག།
༡། ཉམས་ཞིབ་པ་བཀྲ་ཤིས་ཕུན་ཚོགས། རྒྱ་གར་གྱི་མི་འབོར་འགྱུར་ལྡོག རྒྱ་གར་ནང་བོད་མི་ཚོར་ག་རེ་ཡོད་དམ།(India’s Demographic transition- What is there for Tibetans in India?)
བོད་མི་བཙན་བྱོལ་བ་དང་མི་འབོར་འཕོ་འགྱུར། རྒྱ་གར་ནང་དུ་བོད་རིགས་ན་གཞོན་གྱི་གྲངས་འབོར་སྤྱི་ལོ་རབས་རྒན་པ་ལས་མང་ཡང་། སྤྱིའི་ཆ་ནས་ལོ་རབས་གསར་པའི་བོད་རིགས་ན་གཞོན་གྱི་ལས་ཀ་མེད་པའི་རྒྱ་ཆ་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ནང་མང་དུ་ཕྱིན་པར་སྟོན་ཡང་། རང་ལས་གཉེར་མཁན་གྱི་ལས་རིགས་ནང་བཞུགས་པའི་མི་རབས་གསར་པའི་གྲངས་འབོར་ཆེ་མང་བར་ངོས་འཛིན་བྱས། སྤྱིར་རྒྱ་ཆ་ཐོག་ནས་རྒྱ་གར་གྱི་གྲོང་ཁྱེར་དང་། ས་ཁུལ་ཁག་གི་ཁེ་ལས་སུ་ལས་ཀ་བྱེད་པའི་གྲངས་འབོར་འཕར་གྱི་ཡོད་པ་ངོས་འཛིན་བྱེད་འདུག དེ་བཞིན་ཕྱི་ལོ་ ༡༩༩༨ ལོ་ནས་ཕྱི་ལོ་ ༢༠༢༠ བར་བོད་མི་ཕྱི་བསྐྱོད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་། དེ་དག་གི་ནང་ནས་གྲངས་འབོར་མང་ཤོས་བོད་མི་ན་གཞོན་ཡིན་པ་དང་། དེ་ཡང་ཡུ་རོབ་ས་ཁུལ་དུ་གནས་སྤོ་བྱེད་ཀྱི་ཡོད་གསུངས་སོང་།
༢། ཉམས་ཞིབ་པ་བྷ་རུན་རོ་ཡི། (Barun Roy) (Diasporic Media – Discourses of homeland and identity in Tibetan Newspapers in India) རྒྱ་གར་ནང་གི་བོད་ཡིག་གསར་ཤོག་ནང་གསལ་བའི་བོད་མིའི་ངོ་བོ་དང་ཕ་ཡུལ།
བཙན་བྱོས་ནང་གི་གསར་ཁང་ནི་མི་རིགས་ཀྱི་ངོ་བོ་དང་རང་གི་ཕ་ཡུལ་གྱི་རྣམ་པ་མངོན་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན་ལ། གསར་ཁང་དང་གསར་ཤོག་ཁག་བརྒྱུད་དེ་བོད་ཕྱི་ནང་གཉིས་ཀྱི་ཆབ་དཔལ་རིག་གསུམ་གྱི་སྐོར་ཁྱབ་དཔལ་བཏང་སའི་སྡིངས་ཆ་ཡང་རེད། ལྷག་པར་དུ་བཙན་བྱོལ་ནང་དུ་ཡོད་པའི་གསར་ཁང་ཁག་བརྒྱུད་དེ་རྒྱ་གར་དུ་སྐྱེས་པའི་མི་རབས་གསར་བར་བོད་མི་དམངས་དང་། ཆབ་སྲིད་ཀྱི་གནས་བབ་ཡག་པོ་མེད་པ་དང་། ད་དུང་ཡང་བོད་ཀྱི་གནས་སྟངས་ནི་འགྱུར་ལྡོག་ཁྲོད་ན་ཡོད་པ་གསལ་སྟོན་བྱེད་བཞིན་ཡོད་པས། གསར་ཁང་ཁག་གི་ལས་གཞི་གཙོ་བོ་ནི་མི་རིགས་ཙམ་མིན་པར། དེའི་འདས་མ་ད་གསུམ་གྱི་གནས་ཚུལ་དུ་མ་ཞིག་རྒྱལ་སྤྱིའི་སྡིངས་ཆ་ལ་ངོ་སྤྲོད་ཀྱང་གནང་བཞིན་ཡོད་བཅས་གསུངས་སོང་།
༣། ཉམས་ཞིབ་པ་ཀལ་ཡ་ནི་ཡེ་ཨོ་ལ། (Kalyani Yeola) དྷ་རམ་ས་ལའི་ཡུལ་འདི་བོད་བརྒྱུད་ནང་བསྟན་གྱི་རྟེན་གཞི་རུ་བགྱུར་ཚུལ་སྐོར། From Refuge to Resilience: The Transformation of Dharamsala into a Global Tibetan Buddhist Hub
རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་བྱས་པའི་དུས་ནས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འོང་བ་དང་། སྔར་དབྱིན་ཇིའི་དྷ་རམ་ས་ལ་ཞེས་པ་འདི་ད་ལྟའི་གནས་བབ་ཏུ་འགྱུར་ཚུལ་སྐོར་བཤད་སོང་། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་འབྱོར་དུས། ཐོག་མ་མ་སུ་རིར་གནས་སྡོད་བྱས་པ་དང་། ཕྱིས་སུ་༸རྒྱལ་བ་གཙོས་པའི་བོད་མི་དང་། བོད་གཞུང་ཡང་ད་ལྟའི་དྷ་རམ་ས་ལར་སྤོས་པ་རེད། ཕྱི་ལོ་ ༢༠༡༢ ལོར་ནས་༸རྒྱལ་བ་རིན་པོ་ཆེས་ལྷོ་ཤར་ཨེ་ཤི་ཡའི་མི་རིགས་རྣམས་ལ་ནང་ཆོས་བཀའ་ཆོས་གནང་པའི་རྗེས་སུ་རིམ་པས་ཡུལ་དེ་དག་ཏུ་བོད་བརྒྱུད་ནང་ཆོས་ཤུགས་ཆེན་དར་རྒྱས་ཕྱིན་པ་དང་། ༸རྒྱལ་བ་རིན་པོ་ཆེ་དྷ་རམ་ས་ལར་གཏན་བཞུགས་བྱ་ཡུལ་ཡིན་པར་བརྟེན་ནས་ད་ལྟའི་ཆར་དྷ་རམ་ས་ལ་ནི་བོད་བརྒྱུད་ནང་བསྟན་ཁྱབ་ཡུལ་གྱི་ཡུལ་གྲུའི་དད་ལྡན་ཚང་མའི་བརྟེན་ཡུལ་དང་། ནང་པའི་ཆོས་ལུགས་ཀྱི་རྟེན་གཞིའི་ས་གནས་ཞིག་ཏུ་འགྱུར་ཚུལ་སྐོར་གསུངས་སོང་།
༤། ཉམས་ཞིབ་པ་ཇཱ་པཎེཏ་ཀ་ཨུར། (Japneet) གནའ་རྫས་རིག་པ་དང་རྒྱ་ནག་གིས་བོད་ཀྱི་བདག་དབང་བརྩོད་པ། (Archaeology and China’s Claims over Tibet: A Case Study of Chinese Archaeology of the Guge Kingdom)
རྒྱ་ནག་གིས་གུ་གེ་རྒྱལ་རབས་ཀྱི་རིག་དངོས་ཐོག་ནས་བདག་དབང་རྩོད་པ་དང་། སྤྱིར་གུ་གེ་རྒྱལ་རབས་ནི་དུས་རབས་བཅུ་པའི་ནང་བཙུགས་པ་དང་། དུས་རབས་བཅུ་དྲུག་གྱི་ནང་དུ་སྡེ་བ་གཙང་པས་མ་གཏོར་བའི་བར་བོད་ཡུལ་མངའ་རི་ཕྱོགས་ཀྱི་བོད་བཙན་པོའི་བརྒྱུད་པའི་རྒྱལ་ཕྲན་ཞིག་རེད། རྒྱལ་རབས་འདི་ནི་ལོ་རྒྱུས་ཐོག་ནས་སྟོབས་ཤུགས་ཅན་ཞིག་སྟེ་ལ་དྭགས་རྒྱལ་རབས་དང་འགྲན་རྩོད་ཆེ་བའི་དུས་ཞིག་དང་དམག་འཁྲུག་བྱེད་པའི་ལོ་རྒྱུས་ཀྱང་མཆིས། རིག་དངོས་འདི་ནི་ཕྱི་ལོ་ ༡༩༡༢ ལོར་དབྱིན་ཇི་ས་ཁམས་མྱུལ་ཞིབ་པ་ཞིག་གིས་ངོས་འཛིན་བྱས་པ་དང་། སྐབས་དེ་དུས་ནས་གུ་གེ་རྒྱལ་རབས་ཀྱི་གནའ་བོའི་རིག་གནས་ཐོག་ཉམས་ཞིབ་ཤུགས་ཆེན་བྱས་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་གི་གནའ་རྫས་སྔོག་འདོན་རུ་ཁག་གིས་ཉམས་ཞིབ་བྱ་རྒྱུ་འགོ་བཙུགས་པའི་ཉམས་ཞིབ་སྙན་ཐོའི་སྟེང་རྒྱ་ནག་གི་བདག་ཁུངས་མཚོན་པའི་ཐ་སྙད་མང་པོ་སྤྱོད་པ་སོགས་རིག་པ་འདི་བརྒྱུད་ནས་བོད་ཀྱི་བདག་དབང་རྩོད་པའི་སྐོར་བརྗོད་སོང་།
༥། ཉམས་ཞིབ་པ་ཨ་ཀ་ཤི་ཝི་སེན། (Akash Visen) རྒྱ་གར་དབྱིན་ཇི་གཞུང་དང་བོད་ཀྱི་ལོ་རྒྱུས་ཀྱི་ལྟ་ཚུལ་ལ་དཔྱད་པ། British India and Tibet: Assessing the Historical Perspective
ལེབ་ཆ་གསང་མྱུལ་“ཀིན་ཏོབ”(མཁྱེན་སྟོབས་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེས་ལགས་ཀྱིས་བསམ་ཚུལ་སྟོན་གནང་སོང་།)ཡི་ལོ་རྒྱུས་ལ་བསྐྱར་དུ་ལྟ་བ། ཀིན་ཏོབ་ནི་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་གནས་འགའ་དང་། འབྲས་ལྗོངས། བལ་ཡུལ་བཅས་ཀྱི་ས་ཁམས་མྱུལ་ཞིབ་བྱེད་མྱོང་ཡོད་པའི་འབྲས་ལྗོངས་ཀྱི་མི་ཞིག་ཡིན་པ་དང་། ཕྱི་ལོ་ ༡༨༨༠ ལོར་རྒྱ་གར་དབྱིན་ཇི་སྲིད་གཞུང་གི་ཁོང་ཡར་ཀླུང་གཙང་པོ་རྒྱབ་ཀྱི་ས་གནས་ཀྱི་མྱུལ་ཞིབ་བྱེད་པའི་མྱུལ་མར་གླ་བ་རེད། རྗེས་སུ་ཁོང་གི་རོགས་པས་རྒྱབ་བསྟོད་ཀྱི་ཁོང་གཡོོག་པོར་བཙོང་བ་དང་། གོ་སྐབས་དེ་བརྒྱུད་ཁོང་གི་བོད་ཡུལ་དུ་མྱུལ་ཞིབ་བྱེད་རྗེས་ཕྱིར་འབྲས་ལྗོངས་སུ་བྲོས་ཐུབ་པ་བྱུང་བ་དང་། ལོ་ཤས་ཀྱི་རྗེས་སུ་ཁོང་གི་བོད་ཡུལ་མྱུལ་ཞིབ་ཀྱི་ལས་འཆར་ལེགས་གྲུབ་བྱུང་མེད་པར་ངོས་འཛིན་བྱས་ཡོད་ཅེས་བརྗོད་སོང་།
༦།ཉམས་ཞིབ་པ། བཱ་ལ་སུབ་ར་མ་ནིཡན་ (Balasubramanian) བོད་ཀྱི་སྐྱེ་ཁམས་བདེ་འཇགས། ( Tibet and Ecological Security)
རྒྱལ་སྤྱིའི་ནང་གནམ་གཤིས་འགྱུར་ལྡོག་ནི་ཆེ་གླེང་སློང་ཆེ་བའི་བརྗོད་གཞི་ཞིག་ཡིན་བཞིན། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གིས་ལྷོ་བྱང་ཁུལ་གྱི་སྣེ་མོ་གཉིས་སུ་ལོ་རྒྱུས་ནང་ཆེས་འགངས་ཆེན་ཡིན་པ་དང་། ད་ལྟར་སྣེ་མོ་གཉིས་ཀྱི་འཁྱག་རོམ་བཞུར་ཚད་མགྱོགས་སུ་འགྲོ་བ་དེ་བཞིན། ཚན་རིག་པ་དང་། མཁས་པ་ཁག་གི་སྣེ་མོ་གསུམ་པར་འབོད་པའི་བོད་ཡུལ་ལའང་དེ་བཞིན་གྱི་དཀའ་ངལ་དང་གནས་བབ་བྱུང་བཞིན་ཡོད་པ་རེད། རྒྱུ་མཚན་ནི་བོད་ནང་གྱི་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་སོགས་རྒྱ་ནག་གཞུང་གིས་དེང་རབས་ཅན་གྱི་འཛུགས་སྐྲུན་ཤུགས་ཆེན་བྱས་པ་ལ་བརྟེན་ནས་བོད་ནང་གི་གནམ་གཤིས་ལའང་འགྱུར་ལྡོག་ཤུགས་ཆེན་བྱུང་བ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བཅས་ལའང་དེ་དག་གི་ཤུགས་རྐྱེན་ཐེབས་པའི་གནད་དོན་སྐོར་བརྗོད་སོང་།
༧། ཉམས་ཞིབ་པ་པད་མ་ཤར་པེ་ (Pemu Sherpa) ལྷོ་ཨེ་ཤི་ཡའི་ནང་བརྗེད་ཟིན་པའི་བོད་དང་། གནམ་གཤིས་འགྱུར་ལྡོག། (Tibet: Forgotten in South Asian Contemporary Climate Fiction)
ཁོ་མོས་དཔྱད་བརྗོད་གཙོ་བོ་ནི་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གིས་རིག་གཞུང་ལ་ཉམས་ཆགས་བྱུང་བའི་སྐོར་གླེང་སོང་། དེ་ཡང་གཙོ་བོ་བོད་ནང་དུ་གནམ་གཤིས་འགྱུར་ལྡོག་བྱུང་བར་བརྟེན་ནས་གནས་རི་འགྱུར་ལྡོག་དང་། སྐྱེ་ཁམས་གནས་སྤོ་སོགས་ཀྱིས་སྲོལ་རྒྱུན་གྱི་བསམ་བློ་དང་། རིག་གཞུང་བཅས་ལ་ཉམས་པའི་སྐོར་བཤད་དེ། དེ་ལ་བརྟེན་ནས་བོད་ཡུལ་གྱི་ལྷོ་ནུབ་ཏུ་གནས་པའི་མི་རིགས་ཁག་གི་རིག་གཞུང་ལའང་དེ་བཞིན་གྱི་དོ་ཕོག་ཡོང་ཚུལ་སྐོར་གླེང་སོང་།
༨། ཉམས་ཞིབ་པ་ནེ་རཱཇ་སིང་མན་ཧ་སི། (Neeraj Singh Manhas) །བོད་ཀྱི་གནམ་གཤིས་འགྱུར་ལྡོག་གིས་ཆུའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་དཔྱད་ཞིབ། ལོ་ངོ་༣༠ རིང་གི་བསྐྱར་ཞིབ། (Assessing Tibet’s Climate Change Impact on Water Security: A 30- Year Review)
འདས་པའི་མི་ལོ་སུམ་ཅུའི་ནང་བོད་ཀྱི་གནམ་གཤིས་འགྱུར་བ་ཕྱིན་པ་ལ་རྟེན་ནས་ཆུའི་དཀའ་རྙོག་ལ་ཤུགས་རྐྱེན་དུ་མ་ཞིག་ཐེབས་ཡོད། བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་དང་བོད་མཐོ་སྒང་ལ་སོགས་པའི་མཁས་པས་མིང་མི་འདྲ་བ་དུ་མ་ཞིག་བཏགས་ཡོད། རྒྱུ་མཚན་ནི་བོད་ནི་ཆུའི་མཐོན་ཁུངས་ཀྱི་བང་མཛོད་ལྟ་བུའི་བོད་ནས་ཡུལ་གཞན་ལ་རྒྱུགས་བཞིན་པའི་ཆུ་བོ་ཆེན་པོ་བརྒྱད་དང་། བོད་དུ་ཡོད་པའི་མཚོ། མཚེའུ་སོགས་དང་དམིགས་གསལ་གྱི་འཁྱག་རོམ་གྱི་སྣེ་མོ་གསུམ་པ་ལྟ་བུ་གནས་བབ་བཟུང་ཡོད། དེ་བཞིན་བོད་ནི་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆེ་བའི་གནས་བབ་བཟུང་ཡོད་པས་ད་ལྟའི་བོད་ནང་གི་འཁྱག་རོམ་བཞུར་ཚད་མགྱོགས་སུ་ཕྱིན་ནས་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་སྤྲོད་པས་མ་ཚད། ཕྱིས་ཀྱི་ལོ་རབས་མང་པོའི་རྗེས་སུ་བོད་ཀྱི་རྒྱུགས་ཆུ་ལ་བརྟེན་ནས་འཚོ་བའི་རྒྱལ་ཁབ་མང་པོར་ཆུའི་དཀའ་ངལ་ཡོང་སྲིད་པའི་བསམ་ཚུལ་ཡང་བཏོན་གནང་སོང་། མ་ཟད་དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ཤུགས་ཆེན་བྱས་པའི་ལན་ཡིན་པའང་གསུངས་སོང་།
རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་ཉིན་གཉིས་པའི་ཞོགས་པའི་དཔྱད་གཏམ་ཁག།
༡། ཉམས་ཞིབ་པ་སངས་རྒྱས་ལིཔ་ཅག། (Sangay Lachenpa) རྒྱ་ནག་གིས་བོད་ཀྱི་འཕེལ་རྒྱས་དཔེ་སྟོན་གྱིས་སྲིད་བྱུས་གནས་བབ་ལ་འགྱུར་བ། (China’s Development Model in Tibet: Positioning Shifts in its Strategy)
རྒྱ་ནག་སྲིད་གཞུང་གི་སྲིད་དབང་འཐབ་བྱུས་འགྱུར་བའི་སྐོར་ལ། རྒྱ་ནག་གཞུང་གི་ས་ཁམས་དང་གྲོང་སྡེ་གསར་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་གཏོང་བཞིན་པའི་གནད་དོན་ནི་རྒྱ་ནག་གཞུང་གིས་བོད་ཀྱི་མི་མང་ཐོག་ཚོད་འཛིན་བྱེད་བདེ་ཕྱིར་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་གི་ཞི་རྒོལ་ཆེན་མོར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་དམག་ཤུགས་ལ་བརྟེན་ནས་ཞི་འཇོམས་བཏང་བ་དང་། དུས་དེ་ནས་བོད་ཡུལ་ནི་རྒྱ་ནག་གཞུང་གི་ཚོད་འཛིན་ཤུགས་ཆེ་བྱ་དགོས་པའི་དམིགས་བསལ་ས་གནས་སུ་འགྱུར་བ་རེད། དེ་དང་འབྲེལ་བའི་ཐོག་ལ་ཉམས་ཞིབ་པ་ཁོས་གནད་དོན་གསུམ་དང་། གསར་དུ་བྱུང་བའི་གནད་དོན་བཞི་པའི་སྟེང་ནས་བོད་ཀྱི་མི་མང་ལ་ཚོད་འཛིན་དང་། རྒྱལ་ནག་ནང་ཁུལ་མི་སེར་སྤེལ་ཡུལ་དུ་འགྱུར་ནས་དབང་འགྱུར་ཇི་ལྟར་བྱེད་ཀྱིན་ཡོད་མེད་སྐོར་བཤད་སོང་།
༢། ཉམས་ཞིབ་པ་སོ་མ་ན་ཐ་ས་ཧུ། (Somanath Sahoo) བོད་ཀྱི་ས་མཚམས་སུ་ཧིན་རྡུ་རྒྱ་ནག་གི་ས་མཚམས་ཀྱི་ཛ་དྲག་གནས་སྟངས་དང་ལྷོ་ཨེ་ཤི་ཡའི་ནང་ཤུགས་རྐྱེན།(Indo-China border tension in Tibetan frontier and its impact on South Asia )
རྒྱ་ནག་གི་ས་མཚམས་ཟེར་བའི་སྔོན་མ་བོད་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་འཚམས་དང་འབྲེལ་བའི་རྙོག་འཛིན་དང་། དེའི་ལྷོ་ཨེ་ཤི་ཡར་དོ་ཕོག་ཇི་ཡོང་གི་སྐོར། ད་བར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྙོག་འཛིང་སོགས་དམིགས་བསལ་གྱི་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་བར་གྱི་ས་མཚམས་རྙོག་འཛིང་ཁྲོད་ནས་ད་ལྟའི་བོད་མཐོ་སྒང་དུ་རྒྱ་ནག་གཞུང་གི་དམག་སྒར་མང་དུ་བཏང་བ་སོགས་ཀྱི་སྐོར་གླེང་སློང་བྱས་སོང་།
༣། ཉམས་ཞིབ་པ་ཨར་ནབ་མཎྜལ། (Arnab Mandal) ཀའོ་ཤིཀ་བྷ་རུའི་རླུང་རྟ་དང་འཇམ་དབྱངས་ནོར་བུའི་བརྗེད་ཟིན་པའི་རི་བོའི་བྲག་ཅ་བརྒྱུད་ནས་བོད་མིས་རྒྱ་དམག་ལ་ངོ་རྒོལ་བྱས་པའི་གཏམ་རྒྱུད་འཚོལ་ཞིབ། ( An Exploration of the Narrative of the Tibetan Armed Resistance against the Chinese through Kaushik Barua’s Wind horse and Jamyang Norbu’s Echoes from Forgotten Mountains)
ཉམས་ཞིབ་པ་ཁོས་རང་བཙན་འཐབ་བརྩོད་པ་འཇམ་དབྱངས་ནོར་བུའི་བརྩམས་ཆོས་འདི་ལ་གཞི་བྱས་ཏེ། ད་ལྟའི་དབུས་མའི་ལམ་དང་། བོད་གཞུང་གི་ལངས་ཕྱོགས་འདིས་ད་ལྟའི་བོད་མི་རིགས་ཀྱི་ལོ་རྒྱུས་ངོ་བོ་མཚོན་པར་བྱེད་པའི་རྣམ་པ་ཤུགས་ཆེན་མངོན་གྱི་ཡོད་ཀྱང་། ལོ་རྒྱུས་ནང་དུ་ལྟས་ན་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་ལ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆུ་བཞི་སྒང་དྲུག་གི་འདུས་པའི་རྒྱ་རྒོལ་དམག་གིས་དྲག་ཆས་ཀྱི་ཐོག་ནས་ངོ་རྒོལ་བྱས་ཡོད་དེ། ཆུ་བཞི་སྒང་དྲུག་དང་ཕྱིས་ཀྱི་བསྟན་སྲུང་དྭངས་བླངས་དམག་ལ་སོགས་པའི་བོད་ཀྱི་དབུས་ཕྱོགས་དང་། ལྷོ་ཁའི་ཕྱོགས་བཅས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་རྒྱ་དམག་དང་དམག་འཐབ་རྒྱུན་རིང་བྱེད་པའི་ལོ་རྒྱུས་འདི་ད་ལྟའི་ཤུགས་ཀྱི་གླེང་སློང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུངས་སོང་།
༤། ཉམས་ཞིབ་པ་ཨུ་རྒྱལ་ཚེ་རིང་བླ་མ་ཡོལ་མོ། (Ugyal Tshering Lama) བོད་ཀྱི་བསྐྱར་ཞིབ་ནང་ (༡༩༨༥-༢༠༠༥) བོད་ཀྱི་རང་དབང་ལས་འགུལ་དང་འབྲེལ་བའི་སྙན་ཞུའི་ཕྱོགས་བསྡུས་དབྱེ་ཞིབ། (Unveiling Perspectives: A Comprehensive Analysis of Reporting in ‘Tibet Review’ (1985- 2005) vis-à-vis the Free Tibet Movement)
Tibetan Review དུས་དེབ་འདི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཡིག་ཟླ་རེའི་དུས་དེབ་ཞིག་ཡིན་པ་དང་། གསར་འགྱུར་དྲྭ་ཚིགས་ཤིག་ཀྱང་ཡིན། དུས་དེབ་འདི་ནི་ཕྱི་ལོ་ ༡༩༦༧ ཟླ་བ་ ༤ པའི་ནང་དར་རྒྱས་གླིང་དུ་ཐོག་མར་དཔར་བསྐྲུན་བྱས། བོད་ཀྱི་དུས་དེབ་ TIBET REVIEW ནང་འཐབ་རྩོད་ཀྱི་རྣམ་པ་ནི། བོད་ཀྱི་དཀའ་ངལ་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་གཞུང་འབྲེལ། སྤྱི་ཚོགས་ཀྱི་གནད་དོན་ཁག་ལ་གྲོས་བསྡུར་བྱེད་སའི་མང་གཙོའི་གླེང་སྟེགས་ཤིག་རེད། དུས་དེབ་འདིའི་ནང་དུ་འཁོད་པའི་བརྩམས་ཆོས་དག་ནི་ཁ་གསལ་དང་། གནད་ལ་འཁེལ་ཞིང་གསོན་ཤུགས་ལྡན་པའི་བརྩམས་ཆོས་མང་བའི་དུས་དེབ་ཅིག་ཀྱང་རེད་འདུག་ཅེས་གསུངས་སོང་།
༥། ཉམས་ཞིབ་པ་ཨ་དི་ཏྱ་མིཤྲ། (Aditya Mishra) རྒྱལ་ཁབ་མེད་པའི་གནས་སྟངས་ཀྱི་འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་གི་གནས་སྟངས་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ཐབས་བྱུས།(Navigating Statelessness: The Central Tibetan Administration’s Diplomatic Strategies in a Changing Global Landscape)
བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱིས་རྒྱ་འབྲེལ་ཐབས་བྱུས་ཀྱི་ཁ་ཕྱོགས་ལ་ལྟ་དུས། ད་བར་གྱི་དབུས་བོད་མི་སྒྲིག་འཛུགས་ཀྱིས་རྒྱ་འབྲེལ་ཐབས་བྱུས་གཙོ་བོ་ནི་འཛུགས་སྐྲུན་རིག་པ་ལ་བརྟེན་པ་དང་། དེ་ཡང་གཙོ་བོ་ལུང་པ་མེད་པའི་མི་རིགས་ཤིག་གི་རྒྱ་སྤྱིའི་ཐོག་མི་རིགས་ཀྱི་ངོ་བོ་མཚོན་ཐབས་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་དང་། འཁོར་ཡུག རིག་གཞུང་རྒྱུན་འཛིན་དང་མི་མང་འཚོ་གནས་ལ་འབད་པའི་རྣམ་པ་མངོན་པའི་སྐོར་བཤད་སོང་།
༦། ཉམས་ཞིབ་པ་ཨ་དི་ཏི་ཀྲིཤ་ན།(Aditi Krishna ) པད་མ་ཚེ་བརྟན་གྱི་གློག་བརྙན་དབུགས་ལྒང་དང་དེའི་སྲུང་སྐྱོབས། (Fostering Care Communities in Pema Tsedan’s Balloon)
གློག་བརྙན་འདི་ནི་སྲོལ་རྒྱུན་གྱི་ཁྱིམ་ཚང་ཞིག་གིས་དེང་རབས་དང་འགྱུར་བ་ལ་འཐབ་རྩོད་བྱེད་པའི་རྣམ་པ་མངོན་པའི་སྐོར་བཤད་སོང་། དེ་ཡང་ཉམས་ཞིབ་པ་མོས་གློག་བརྙན་འདིས་བོད་ནང་གི་མི་མང་གི་རང་དབང་དང་། རང་སྐྱོང་། བཀག་སྡོམ་གྱི་གནད་དོན་སོགས་གལ་ཆེའི་བརྗོད་གཞི་མང་པོའི་ནང་གྲོས་བསྡུར་བྱས་ཡོད་པ་དང་། གློག་བརྙན་ནང་གི་བུད་མེད་དང་། ལྷག་པར་དུ་ཨ་ནེ་བྱང་ཆུབ་སྒྲོལ་མ་དང་སྒྲོལ་དཀར་གཉིས་ཀྱི་འབྲེལ་བ་ལ་གཞི་ནས་བོད་ནང་གི་ཁྱིམ་ཚང་དང་། བུད་མེད་ཀྱི་གནས་བབ་གང་ཡིན་སྐོར་གསལ་དཀྲོལ་བྱས་ཡོད་པ་རེད། གཙོ་བོ་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་ནས་མི་སྒེར་ཀྱི་རང་དབང་དང་། བུད་མེད་ཀྱི་སྣང་བརྙན་གསོ་སྐྱོང་ལ་ལྟ་བ། མདོར་ན་སྣང་བརྙན་རིག་པའི་གཞུང་ལུགས་དང། མཚོན་ཐབས་རིག་པའི་ལྟ་བ། དེ་བཞིན་གཟུགས་བརྙན་རིག་པའི་ཐབས་ལམ་བཅས་ཀྱིས་ད་ལྟའི་གློག་བརྙན་འདི་སྒྲུབ་པའི་སྐོར་བཤད་སོང་།
རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་ཉིན་གཉིས་པའི་ཉིན་རྒྱབ་དཔྱད་གཏམ།
༡། ཉམས་ཞིབ་པ་རཱ་ཇིབ་ར། (Rajeev Rai) ༡༨༩༠ ལོའི་འབྲས་ལྗོངས་དང་། བོད་ཀྱི་འབྲེལ་བའི་ཐོག་གྲོས་མཐུན་དང་། བྷང་ལ་དེཤ་ཡི་ནང་ཡོད་པའི་རྒྱ་གར་དབྱིན་ཇིན་སྲིད་གཞུང་གི་ཡིག་ཚང་གི་ཐོ་འགོད། (Convention of 1890 Relating to Sikkim and Tibet: Evaluation Through India Office Records in Bangladesh)
རྒྱ་གར་བྱང་ཤར་གྱི་ས་ཁམས་སུ་དུས་རབས་ ༡༨ པའི་གོང་ནས་བོད་དང་འབྲེལ་ལམ་ཆེ་བ་དང་། དཔེར་ན། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། བོད་ཀྱི་རྒྱལ་ཕྲན་འབྲས་ལྗོངས་དང། འབྲུག་སོགས་ཀྱི་ལོ་རྒྱུས་མང་པོ་ཞིག་ནི་བྷང་ལ་དེཤའི་ཡིག་ཚགས་ཁང་གི་གཞུང་འབྲེལ་ཡིག་ཆའི་ནང་གསལ་འདུག དེའི་ནང་ནས་དམིགས་བསལ་གྱི་འབྲས་ལྗོངས་ལ་མཚོན་ན། བོད་དང་འབྲེལ་བའི་སྐོར་གནས་ཚུལ་དུ་མ་ཞིག་འཁོད་ཡོད་དེ། ཕྱི་ལོ་ ༡༨༩༠ ་ལོར་རྒྱ་དབྱིན་བར་གཞུང་འབྲེལ་ཡིག་ཆ་ཇི་བྱུང་དང། ཕྱིས་སུ་དབྱིན་རྒྱའི་བར་བོད་དང་འབྲས་ལྗོངས་ཐོག་ཆིངས་ཡིག་ཅིག་ཀྱང་བཞག་ཡོད་པ་དང་། དེའི་སྐོར་ཡིག་ཆའི་ནང་ཇི་ལྟར་གསལ་མིན་གྱི་སྐོར་གཙོ་བོ་བཤད་སོང་།
༢། ཉམས་ཞིབ་པ་ཨ་བྷི་ནབ་ཨཏྲེ་ཡ། (Abhinav Atreya ) ད་བར་ཧི་མ་ལ་ཡའི་ཤར་ཕྱོགས་ཀྱི་ས་མཚམས་སུ་དཀའ་ངལ་ག་ཚོད་བྱུང་མིན་དང་།བོད་དང་དར་རྒྱས་གླིང་བར་གྱི་འབྲེལ་ལམ་ཐོག་དཔྱད་པ། (Cartographic Tensions in Eastern Himalayan Borderlands: Tracing Routes of Connection between Tibet and Darjeeling)
དར་རྒྱས་གླིང་དང་བོད་གཉིས་ནི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་དེ། དེང་སང་དར་རྒྱས་གླིང་དུ་ཡོད་པའི་མི་མང་ཆེ་བ་ནི་བོད་ཀྱི་རིག་གཞུང་དང་འབྲེལ་ལམ་ཤུགས་ཆེ་ཡོད། དེ་བཞིན་དར་རྒྱས་གླིང་ནི་རྒྱ་གར་དང་། རྒྱ་གར་དབྱིན་ཇི་སྲིད་གཞུང་གི་མངའ་འོག་ཏུ་ཡོད་པའི་སྐབས་སུ་ཕྱི་ལོ་ ༡༩༠༤ ལོའི་ཡང་ཧ་སི་བྷན་གྱི་དམག་བོད་དུ་བཙན་འཛུལ་བྱས་པའི་སྐབས་སུ་དར་རྒྱས་གླིང་ནི་དམག་གི་རྟེན་གཞི་དང་། བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་ཤེས་ཡོན་གྱི་ས་ཚིགས་གལ་ཆེན་ཞིག་ལ་འགྱུར་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བཏོན་པའི་ས་ཁྲའི་ནང་དར་རྒྱས་གླིང་གི་ཉེ་འཁོར་གྱི་ས་གནས་མང་པོ་ཞིག་ས་ཁྲའི་བྲིས་བཀོད་ནང་དུ་རྒྱ་ནག་གི་ཆ་ཤས་སུ་འདུས་ཡོད་པའི་སྐོར་ཡང་བཤད་སོང་།
༣། ཉམས་ཞིབ་བསོད་ནམས་ཆོས་གྲགས་བྷར་ཊ་ཡ།(Sonam Choda Bhutia) བོད་དང་འབྲས་ལྗོངས་བར་གྱི་ཚོང་འབྲེལ་གྱི་འབྲེལ་ལམ་དང་། འབྲས་ལྗོངས་ཀྱི་བྱང་ཕྱོགས་ཀྱི་འབྲོག་པའི་སྐོར། (Trade relations between Sikkim and Tibet: With special reference to Drokpas of Northern Sikkim, India)
འབྲས་ལྗོངས་ནི་བོད་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ནི་བོད་བཙན་པོའི་སྐབས་སུའང་བཏུག་མཆོག་གི་ཡོད། དེ་བཞིན་ཕྱི་ལོ་ ༡༨༦༡ ལོར་རྒྱ་གར་དབྱིན་ཇི་སྲིད་གཞུང་དང་འབྲས་ལྗོངས་བར་གྱི་ཆིངས་ཡིག་ལས་འབྲས་ལྗོངས་བརྒྱུད་དེ་བོད་དང་ཐད་ཀར་གྱི་ཚོང་འབྲེལ་བྱེད་ཐུབ་ཡོད་པ་དང་། དེ་བཞིན་ཁོང་གིས་བཤད་དོན་གཙོ་བོ་ནི་བོད་དང་འབྲས་ལྗོངས་བར་གྱི་ཚོང་འབྲེལ་གྱི་བརྒྱུད་རིམ་ནང་འབྲས་ལྗོགས་ཀྱི་འབྲོག་པས་གནས་བབ་གལ་ཆེར་འཛིན་པའི་སྐོར་བཤད་སོང་།
༥། ཉམས་ཞིབ་པ་རྐར་མ་བསྟན་འཛིན་ལེབ་ཅ། ( Karma Tenzing Lepcha) རྫོང་གུའི་ལེབ་ཆ་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན།( Influence of Tibetan Buddhism on the Lepchas of Dzung)
ལེབ་ཆ་མི་རིགས་དེ་ཡང་ཞི་བདེ་ལྡན་པའི་རང་བཞིན་དང་ཁོར་ཡུག འཆམ་མཐུན་ཅན་གྱི་མི་རིགས་ཤིག་ཡིན། རིམ་བཞིན་ཁོ་ཚོས་མོན་ཆོས་ལུགས་དང་ལྷན་པར་དུ་ནང་ཆོས་ཉམས་ལེན་བྱེད་མགོ་བརྩམས། འོན་ཀྱང་དུས་ཚོད་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་འོག་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ལེབ་ཆའི་སྲོལ་རྒྱུན་གྱི་བྱེད་སྒོ་འགའ་ཞིག་རིམ་བཞིན་ཉམས་པར་གྱུར། དེར་བརྟེན་རྩོམ་འདིའི་དམིགས་ཡུལ་གཙོ་བོ་ནི་རྫོང་གུའི་ལེབ་ཆ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་ཚུལ་གསལ་སྟོན་བྱ་རྒྱུ་དེ་ཡིན། དེ་མིན་རྩོམ་ཡིག་འདིས་ལེབ་ཆ་མི་རིགས་དང་བོད་ཀྱི་བར་དུ་བྱུང་བའི་ཆོས་ལུགས་ཀྱི་འགྱུར་བ་དེ་དག་ལ་གཙོ་བོར་བལྟ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།།
༦། ཉམས་ཞིབ་པ་བསྟན་འཛིན་ཉི་མ་བྷར་ཊ་ཡ། ཐང་ཀའི་པར་རིས་དང་ནང་བསྟན་ཡིག་ཆ། (Scriptural Inspiration in Buddhist Iconography: From Text to Images)
ནང་པའི་ཡིག་ཆ་ནི་སྲོལ་རྒྱུན་དང་ལག་ལེན་གྱི་གལ་ཆེའི་མཛོད་ཁང་ཞིག་ཡིན། སྒྱུ་རྩལ་པ་ཚོས་ཡིག་ཆ་འདི་དག་ནང་དུ་མཐོང་བའི་འགྲེལ་བཤད་དང་མཚོན་རྟགས་ཀྱི་སྒྲོམ་གཞི་རྙོག་འཛིང་ཅན་དེ་དག་བེད་སྤྱོད་བྱས་ཏེ། དེ་དམ་པའི་མི་སྣ་དང་གཏམ་རྒྱུད་ཀྱི་རི་མོའི་པར་རིས་བཟོས་ཡོད། ནང་ཆོས་ཀྱི་སྒྱུ་རྩལ་སྐོར་ལ་ཞིབ་འཇུག་མང་པོ་བྱས་ཡོད་ཀྱང་། དོན་འགྲེལ་འདི་དག་གི་ས་ཁུལ་གྱི་ཁྱད་པར་ད་དུང་ཡང་ལེགས་པར་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཞིབ་འཇུག་འདིས་ཡིག་ཆའི་འགྲེལ་བཤད་དང་། དེ་དག་གི་མངོན་ཚུལ་གྱི་སྐད་སྒྱུར་གྱི་བར་གྱི་ཁྱད་པར་བསལ་ཐབས་བྱེད་པའི་ཆེད་དུ་ཡིག་ཆ་དེ་དག་སྒྱུ་རྩལ་ནང་ཡིད་ཆེས་དང་། འཆར་ཡན་གྱི་སྒོ་ནས་བསྟན་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད། རྒྱུ་མཚན་དེ་དག་ལས་གསུང་རབ་དང་ཐང་ཀའི་རི་མོ་ནི་གཞུང་ལུགས་ཀྱི་གཞི་མ་དང་བཟོ་རིག་པའི་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཡིན་པ་གསུངས་སོང་། །
༧། ཉམས་ཞིབ་པ་ཇཱ་ཧ་ན་བྷི་ཨུ་པ་དྱ་ཡ། (Jahnabi Upadhyay) རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རིག་གཞུང་གི་བཞུར་རྒྱུན། (Transcultural Flows at Indo- Tibetan Borders: Buddhist Protector Deities and Votive Inscriptions from Bodh Gaya)
བོད་དང་རྒྱ་གར་གཉིས་ལ་ཆབ་སྲིད་ཀྱི་ས་མཚམས་ལས་བགལ་བའི་རིག་གཞུང་དང་འབྲེལ་བའི་ལོ་རྒྱུས་ཕྱུག་པོ་ཡོད། དམིགས་གསལ་གྱི་ས་མཚམས་ས་ཁུལ་བར་གྱི་རིག་གནས་དེར། ཕྱི་རྒྱལ་བས་དམིགས་གསལ་གྱི་དོ་སྣང་བྱེད་ཅིང་། ས་ཁུལ་འདི་དག་གི་རིག་གནས་ཀྱི་འབྲེལ་བའི་རྩ་བ་དེ་ནང་པའི་ཆོས་ལུགས་དེ་ཉིད་ཡིན་པ་ལོ་རྒྱུས་ཀྱི་གདོང་ངོས་ལ་བརྐོས་ཡོད། མ་ཟད་དུས་རབས་བདུན་པའི་ནང་ནང་ཆོས་བོད་དུ་དར་ཁྱབ་བྱུང་བ་དེ་རྒྱ་གར་གྱི་མཐའ་འཁོར་གྱི་ས་ཆ་ཁག་ཏུ་པུ་ར་ནིག་ཧིན་རྡུའི་ཆོས་ལུགས་དར་ཁྱབ་བྱུང་བ་དང་དུས་མཚུངས་ཡིན་པས་དེའི་འབྲས་བུར་བཅས་ཕྱོགས་ལ་ལྟ་དགོས་པ་གསུངས་སོང་།།
རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་ཉིན་གཉིས་པའི་མཁས་པའི་གཏམ་བཤད།
༡། སློབ་དཔོན་ཆེན་མོ་སོ་ནི་ཀ་གུཔྟ། (Sonika Gupta)
སློབ་དཔོན་ཆེན་མོས་བོད་རིག་པའི་ཐོག་ལ་ཉམས་ཞིབ་ཀྱི་དགོས་དོན་དང་ཇི་ལྟར་བྱེད་དགོས་མིན་གྱི་སྐོར་ལ། རྒྱ་གར་ན་གཞོན་པའི་ཁྲོད་བོད་རིག་པའི་ཐོག་ལ་ཉམས་ཞིབ་བྱེད་དུས། བརྗོད་དོན་དང་བརྗོད་སྙིང་ལ་ཁ་ཕྱོགས་གསལ་བོ་དགོས་ཏེ། བོད་པ་དང་བོད་ཞེས་པའི་ཐ་སྙད་ཁོ་ནའི་རྣམ་པ་ལ་ཆབ་སྲིད་དང་སྤྱི་ཚོགས་རིག་པའི་ལྟ་ཚུལ་ནས་ཞིབ་འཇུག་བྱེད་དགོས། འདས་ཟིན་པའི་ལོ་རྒྱུས་གཞི་བཟུང་ནས་དེང་རབས་ཀྱི་ས་མཚམས་ལ་ལོ་རྒྱུས་རིག་པའི་ལྟ་ཚུལ་ནས་དཔྱད་ཞིབ་གནང་ན། ཆིངས་ཡིག་དང་། ཚོང་འབྲེལ། རིག་གཞུང་གསུམ་གྱི་འགྱུར་ཤུགས་ལ་ལྟ་ཐུབ། བོད་མི་བཙན་བྱོལ་ལ་སླེབས་པ་ནས་བཟུང་། ད་བར་རྒྱ་གར་གཙུག་ལག་སློབ་གཉེར་ལ་བོད་རིག་པའི་སྡེ་ཚན་ཞིག་མེད་པའི་སྐོར་དང་། ནང་བསྟན་ཆོས་ལུགས་ཙམ་ལས་སྤྱི་ཚོགས་ཚན་རིག་དང་དེང་རབས་ཀྱི་བོད་རིག་པའི་ཁ་ཕྱོགས་ལ་ས་མཚམས་ནས་གནོད་ཤུགས་ཡོད་པའི་བཤད་སོང་།
༢། སློབ་དཔོན་ཆེན་པོ་སྭ་ཏཱ་སིདྡྷ་སར་ཀར། (Swatahsiddha Sarkar)
སློབ་དཔོན་ཆེན་པོས་ནང་བསྟན་གཞུང་ལུགས་ཙམ་མིན་པར། འགྲོ་བ་མི་དང་དེའི་རང་བཞིན་གྱི་ཆོས་ཉིད་རིག་པའི་ཐབས་ལམ་ལས། རི་ལུང་ཐང་གསུམ་དང་རང་འབྱུང་གི་དངོས་པོའི་གནས་ཚུལ་གྱི་ཆ་ལ་དཔྱད་ཞིབ་བྱེད་ན། ད་གཟོད། ནང་བསྟན་ཆོས་ལུགས་དེ་རང་འབྱུང་ཁམས་དང་ཆོས་ཉིད་རིག་པའི་གནས་ལུགས་བར་ནས་ཁ་གསལ་མངོན་ཐུབ་པའི་སྐོར་བཤད་སོང་།
༣། སློབ་དཔོན་ཆེན་མོ་ཝ་སུ་དྷ་པན་ཌེ། (Vasudha pande)
སློབ་དཔོན་ཆེན་མོས་བོད་དང་དབུས་ཧི་མ་ལ་ཡའི་སྐོར་གཙོ་བོ་བཟུང་སྟེ། བོད་དང་འབྲེལ་བའི་དབུས་ཧི་མ་ལ་ཡའི་གནས་བབ་ལ་དཔྱད་སྐབས། གཙོ་བོ་མི་མང་གནས་སྤོའི་བྱུང་རབས་ལས། རི་ལམ་རྒྱུད་ནས་རྒྱ་གར་དང་བོད་བར་ལ་གསེར་དངུལ་ཟངས་ལྕགས་ཀྱི་ཚོང་འབྲེལ་བྱུང་ཚུལ་དང་། བྱང་ཤར་དང་ལྷོ་ནུབ་གྱི་གནད་དོན་ལ་ད་དུང་དཔྱད་ཞིབ་གྱི་གཞི་གཏན་མང་པའི་སྐོར་སོགས་གསུངས་སོང་།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༡༨ ཉིན་གྱི་དགོང་མོར་སྐུ་མགྲོན་གཙོ་བོ་དབུས་བོད་མི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་མཆོག དེ་བཞིན་སློབ་དཔོན་ཆེན་མོ་ཝ་སུ་དྷ་པན་ཌེ་(Vasudha pande) གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལས་སྲོལ་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དཔོན་ཆེན་མོ་ར་མུ་མ་ནི་ཝ་ནན (Prof. Ramu Manivannan) ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་གཙོས་པའི་སྐུ་མགྲོན་གཙོ་བོ་དང་། དེ་བཞིན་ཉམས་ཞིབ་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་། ལས་བྱེད་ཚང་འཛོམས་ཀྱི་ཐོག ཐོག་མ་སྐུ་མགྲོན་གཙོ་བོ་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་མཇུག་བསྡོམས་མཛད་སྒོའི་གསུང་བཤད་དང་། མཐར་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ནས་ཐུགས་རྗེ་ཆེ་ཞུ་དང་། གཏམ་བཤད་པ་རྣམས་ལ་ཆེ་བསྟོད་ལག་འཁྱེར་འབུལ་གནང་གི་ཚོགས་འདུ་འདི་བདེ་ལེགས་ངང་གྲུབ་སོང་། །
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྔ་བ་ཀུན་བཟང་དང་། ཉམས་གསོ་བ་བློ་བཟང་བཀྲ་ཤིས་གཉིས་ནས་ཕྱོགས་བསྒྲིག་བྱས།