༄༅། །དཔྱིད་དཔལ་བསུ་ཞིང་སྟག་མའི་མེ་ཏོག་བཞད་པའི་དུས་བཟང་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི“རྒྱལ་སྤྱིའི་ཕ་སྐད་ཉིན་མོར་བོད་ཀྱི་སྐད་ཡིག་གླེང་བ”ཞེས་པའི་ཚོགས་འདུ་དྷཱརྨ་ཤཱ་ལའི་རི་གྲོང་གི་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ་ཚུགས།
ཚོགས་འདུའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང། གདན་ཞུས་གསུང་བཤད་གནང་མཁན་ནང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་བཅས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་པདྨ་ལགས་བཅས་ཡོད་པ་རེད།[PDF]