༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་པའི་“བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་”དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣ ནས་ ༤ བར་ཉིན་གྲངས་གཉིས་རིང་རྡ་རམ་ས་ལར་འཚོག་རྒྱུ་གཏན་ཁེལ་ཟིན་པས། མཁས་པའི་བགྲོ་གླེང་གི་གར་སྟེགས་འདི་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་། གནའ་དེང་གི་རྒྱལ་རབས་ལོ་རྒྱུས་དང་ཆབ་སྲིད། དམག་དོན། སྤྱི་ཚོགས་དང་ཚན་རིག སློབ་གསོ་དང་ལས་གཞི་འཛུགས་སྐྲུན། ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་ཚུད་པའི་བརྗོད་གཞི་གང་རུང་དང་། ཡང་སྒོས་སུ་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་དྲག་པོའི་དབང་སྒྱུར་གྱི་བརྒྱུད་རིམ་དང་ད་ལྟའི་ཆར་བོད་ནང་དུ་དབང་སྒྱུར་རིང་ལུགས་ཀྱི་སྲིད་བྱུས་ཇི་ལྟར་སྤེལ་ཚུལ་སྐོར་སྲིད་དོན་གྱི་བརྗོད་གཞིའི་ཐོག་དཔྱད་རྩོམ་བསྡུ་རྒྱུ་དང་། ཉེ་རབས་བོད་ཀྱི་ལོ་རྒྱུས་དང་སྲིད་དོན་ལས་འགུལ་སྐོར་ལ་དམིགས་བསལ་གོ་སྐབས་འབུལ་རྒྱུ་ཡིན་ན། འབུམ་རམས་པའི་སློབ་མ་དང་། གཙུག་ལག་རབ་འབྱམས་པའི་སློབ་མ། དེ་བཞིན་ཉམས་ཞིབ་པ་དང་། དགེ་རྒན། རྩོམ་པ་པོ་གཙོས་ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་གཤམ་གྱི་ལམ་སྟོན་གཞིར་བཟུང་གིས་དཔྱད་རྩོམ་གསར་པ་སྤུས་ལེགས་རེ་གྲ་སྒྲིག་གིས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པར་གང་མང་མཉམ་ཞུགས་གནང་བའི་རེ་སྐུལ་ཞུ།།
དཔྱད་རྩོམ་འབུལ་ཕྱོགས་དང་འབྲེལ་བའི་ཐུགས་སྣང་བྱ་དགོས་པ་འགའ།
- དཔྱད་རྩོམ་གྱི་ནང་དོན་གནད་བསྡུས (Abstract) ཡིག་འབྲུ་ ༢༥༠ ནས་༣༠༠ ལས་མ་བརྒལ་བ་ཞིག་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡ ལ་འགྱངས་མེད་དུ་ Word ནང་བསྐུར་གནང་རྒྱུ།
- རྩོམ་པ་པོའི་ངོ་སྤྲོད་བསྡུས་པ་ཡིག་འབྲུ་༢༠༠ ནས་༢༥༠ ལས་མ་བརྒལ་བ་ཞིག་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་བཅས་ Word ནང་བསྐུར་གནང་རྒྱུ།
- འདེམས་སྒྲུག་ཚོགས་ཆུང་ནས་རྩོམ་ཡིག་རྣམས་དཔྱད་འདེམས་བྱས་རྗེས། འདེམས་ཁོངས་སུ་ཚུད་པའི་རྩོམ་པ་པོ་རྣམས་ལ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༠ ཉིན་གསལ་བརྡ་གཏོང་རྒྱུ་ཡིན།
- འདེམས་ཁོངས་སུ་ཚུད་པའི་རྩོམ་པ་པོ་རྣམ་པས་ ༢༠༢༥ ཟླ་ ༡༠ ཚེས་ ༡ སྔོན་ལ་མཐའ་མའི་དཔྱད་རྩོམ་རྒྱས་པ་ཞུ་དག་ངོས་གཙང་འདི་ལས་སུ་ཕུལ་ཟིན་པ་དགོས་རྒྱུ་དང་། གལ་སྲིད་ཚོགས་འདུའི་ཐོག་དགེ་མཚན་ལྡན་པའི་དགོངས་འཆར་བླངས་པ་སོགས། དཔྱད་རྩོམ་ལ་འཕྲི་སྣོན་བཟོ་བཅོས་གཏོང་བའི་དགོས་ངེས་བྱུང་ཚེ། ངེས་པར་དུ་ཚོགས་འདུའི་རྗེས་ཀྱི་བདུན་ཕྲག་གཅིག་གི་ནང་འགྲུབ་ཚར་བ་བྱས་ཏེ་ Word ནང་བསྐུར་རྒྱུ།
- དེ་སྔ་དུས་དེབ་དང་དྲྭ་རྒྱ་གང་དུ་ཡང་རྩོམ་པ་པོ་གཞན་དང་རང་ཉིད་ནས་མ་སྤེལ་བའི་བརྗོད་གཞི་དང་དཔྱད་རྩོམ་གསར་པ་ཡིན་དགོས་ལ། དཔྱད་རྩོམ་རྒྱས་པའི་ནང་ལུང་འདྲེན་ཡོད་ཚེ། ལུང་ཁུངས་རེ་རེའི་དཔེ་དེབ་ཀྱི་མིང་དང་། རྩོམ་པ་པོ། དཔེ་སྐྲུན་ཁང་། པར་གཞི། དཔར་སྐྲུན་ལོ་དུས། ཤོག་གྲངས་བཅས་ཁ་གསལ་འབྲི་དགོས།
- ཚོགས་འདུའི་གཏམ་བཤད་གནང་མཁན་གྱི་འདེམས་ཁོངས་སུ་ཚུད་པའི་དཔྱད་རྩོམ་དག་ལས་སྤུས་ཚད་ཡག་ཤོས་རྣམས་འདེམས་སྒྲུག་བྱས་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ ༢༠༢༥ ལོའི་ལོ་འཁོར་དུས་དེབ་སྟེང་འགོད་རྒྱུ་ཡིན།
- དཔྱད་རྩོམ་རྒྱས་པ་ཡིག་འབྲུ་བཞི་སྟོང་ལས་མི་ཉུང་བ་དང་། ལྔ་སྟོང་ལས་མི་མང་བ་དགོས། གལ་སྲིད་དཔྱད་རྩོམ་གྱི་ངོས་ནས་རྩོམ་པ་པོའི་དགོངས་བཞེད་འཛིན་སྟངས་ལ་དོགས་འདྲི་གང་རུང་ཡོད་ཚེ། རྩོམ་པ་པོར་འབྲེལ་བ་ཞུས་ཏེ་གོ་བསྡུར་ཞུ་རྒྱུ་དང་། ཡང་ན་འདི་ལས་ཀྱི་རྩོམ་སྒྲིག་པ་ལ་ཡང་ཐད་ཀར་བཟོ་བཅོས་གཏོང་བའི་དབང་ཚད་ཡོད།
- དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་དང་། གཏམ་བཤད་ཀྱི་ནང་དོན་(གལ་སྲིད་PPTཡོད་ཚེ)བོད་ཡིག་དང་ཨིན་ཡིག་གང་རུང་ཐོག་བྲིས་ཆོག་ལ། ཚོགས་འདུའི་ཐོག་གཏམ་བཤད་ཀྱི་སྐབས་སུ་ཡང་བོད་སྐད་དང་ཨིན་སྐད་གང་རུང་འཐུས།
ཐུགས་སྣང་དགོས་རྒྱུ།
- ཚོགས་ཐོག་ཏུ་ས་གནས་རྒྱལ་ཁབ་དང་ཡུལ་མིའི་གནས་བབ་དང་མི་མཚུངས་པའི་ཆབ་སྲིད་དང་འབྲེལ་བའི་གླེང་མོལ་རིགས་སྔ་ནས་བྱེད་སྲོལ་མེད་པ་ལྟར་དེ་བཞིན་ཐུགས་སྣང་དགོས་རྒྱུ།
- བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཚོགས་བཅར་བ་ཚོའི་སྡོད་གནས་གོ་སྒྲིག་ཞུ་རྒྱུ་དང་ཚད་གཞི་གཏན་འབེབས་གཞི་བཟུང་ལམ་གྲོན་འབུལ་རྒྱུ།
- ཚོགས་འདུའི་སྐོར་ལ་དོགས་འདྲི་གང་རུང་ཡོད་ཚེ། འབྲེལ་མཐུད་པ་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་སུ་ཐད་ཀར་འབྲེལ་བ་གནང་རོགས།
- འབྲེལ་གཏུགས་ཁ་བྱང་།
- འབྲེལ་མཐུད་པ། ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ།
- ཁ་པར་ཨ་གྲངས། – 9882059845
- གློག་འཕྲིན་ཁ་བྱང་། [email protected]