༄༅། །དཔྱད་རྩོམ་འདིའི་བརྗོད་གཞི་མདོ་སྨད་སྤྱི་ཁྱབ་ནི་ལོ་ངོ་ ༣༧ རིང་གི་བོད་ཀྱི་ལོ་རྒྱུས་གལ་ཆེན་ཞིག་ཡིན། མདོ་སྤྱི་ནི་དམག་ཐེངས་གཉིས་ལས་འགོ་བཙུགས་པ་དང་མཇུག་སྒྲིལ་བ་ཞིག་རེད། དེའང་དམག་ཐེངས་དང་པོ་ནི། ཕྱི་ལོ་ ༡༩༡༠ ནས་ ༡༩༡༢ བར་བོད་པས་མན་ཇུ་མཐར་སྐྲོད་བཏང་རྗེས་རྒྱལ་ཁབ་སྲ་བརྟན་དང་གོང་འཕེལ་ཡོང་སླད། ཕྱི་ལོ་ ༡༩༡༣ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་མདོ་སྤྱི་གསར་འཛུགས་གནང་སྟེ་ལྷོ་རྫོང་དུ་རྟེན་གཞིར་བྱས། སྐབས་དེའི་མདོ་སྤྱི་ནི་བཀའ་བློན་བླ་མ་བྱམས་པ་བསྟན་དར་ཡིན་ལ། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་མདོ་སྤྱི་ཐོག་མ་དེ་ཡིན། དེ་ནས་ཆབ་མདོ་ཁུལ་དུ་ད་དུང་རྒྱ་དམག་མང་དག་ཞིག་ལྷག་ཡོད་པ་རྣམས་རིམ་པས་མཐར་སྐྲོད་ཀྱིས། ཕྱི་ལོ་ ༡༩༡༨ ལོར་བཀའ་བློན་བླ་མ་སོགས་ཀྱིས་དམག་ཤུགས་ལ་བརྟེན་ནས་ཆབ་མདོར་མདོ་སྤྱིའི་གཞུང་ས་གཙོ་བོ་བཙུགས། དམག་ཐེངས་གཉིས་པ་ནི། ཕྱི་ལོ་ ༡༩༥༠ ཟླ་ ༡༠ པའི་ནང་། རྒྱ་དམག་གིས་ཆབ་མདོར་ཚུར་རྒོལ་དྲག་པོ་བྱས་ཏེ་ཆབ་མདོ་དབང་འོག་ཏུ་བཅུག་ནས་མདོ་སྤྱི་མཐའ་མ་ང་ཕོད་ངག་དབང་འཇིགས་མེད་འཁོར་གཡོག་དང་བཅས་པ་བཙན་བཟུང་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་མདོ་སྤྱི་ཞེས་པའི་མིང་ཚིག་དེ་རྫོགས་ཚིག་ཏུ་འགོད་བཅུག་པ་རེད།[Pdf]