ད་རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ནས་བཟུང་། ངོ་དེབ་ནང་སྙན་ངག་པ་གཅན་མེ་སྟག་འདས་གྲོངས་བྱུང་འདུག་ཟེར་བའི་གནས་ཚུལ་མང་པོ་ཐོན་སོང་། དྲང་མོར་བཤད་ན། ངས་ངོ་དེབ་ནང་གནས་ཚུལ་དེ་རིགས་མ་ཐོན་པའི་སྔོན་ལ་སྐད་འཕྲིན་བརྒྱུད་ནས་གཟའ་མིག་དམར་གྱི་སྔ་དྲོ་ནས་ཤེས་ཡོད། གཅིག་བྱས་ན་དུས་ཚོད་ཀྱི་ཆ་ནས་ཡིད་སྐྱོ་བའི་གནས་ཚུལ་དེ་ཤེས་རྟོགས་བྱུང་མཁན་ང་རང་སྔ་ཤོས་མིན་འགྲོ། འོན་ཀྱང་དེ་གལ་ཆེན་པོ་མ་རེད། ང་ནི་གནས་ཚུལ་དམིགས་བསལ་བ་ཞིག་གོ་ཐོས་བྱུང་རྗེས། ལམ་སེང་དྲ་ལམ་ཐོག་སྤུར་རྒྱུར་དགའ་པོ་ཡོད་པའི་དྲ་འབུ་དེའི་རིགས་མིན། དེ་བས་ཉིན་ཤས་རིང་གདུང་སེམས་དང་བཅས་ཁུ་སིམ་མེར་བསྡད་ཡིན། ཡིན་ཏེ། གཅན་མེ་སྟག་ནི་སྙན་ངག་པ་ཞིག་ཡིན། ངེས་དོན་གྱི་སྙན་ངག་པ་ཞིག་ཡིན།དེ་ངས་བཤད་ཅི་དགོས་ཨང་། ཁོང་ནི་ཐོབ་གོ་ས་དང་ཁེ་གྲགས་ལ་མི་དགའ་བའི་སྙན་ངག་པ་གཉོམ་ཆུང་ཞིག་ཀྱང་རེད། དེ་ངེད་གཉིས་ངོ་ཐུག་པའི་རྗེས་ནས་ཧ་གོ་བ་ཡིན།
གཅན་མེ་སྟག་ངེད་གཉིས་ ༢༠༡༨ ལོའི་རྒྱ་ལོའི་ལོ་སར་སྐབས་ཀྱི་གུང་སེང་ཞིག་ལ། ཟི་ལིང་གི་མགྲོན་ཁང་(建銀賓館)ཞིག་ཏུ་ཁ་ཆད་བྱས་ནས་ཐུག་ཡིན། མགྲོན་ཁང་རྫིག་པོ་དེའི་སུམ་ཐོག་ན་ཇ་འཐུང་ས་ཞིག་ཡོད། དེ་དུས་ཁོས་རང་གི་བུ་མོ་དེ་ཡང་ཁྲིད་འདུག་ཅིང་། ཕ་ཡུལ་དུ་ལོ་སར་དུས་སྟོན་ལ་རོལ་ཚར་ནས་ཕྱིར་མགོ་ལོག་ཏུ་ལོག་བཞིན་འདུག། ངེད་གཉིས་ཐུག་དུས་ཁོང་ཨ་རག་གིས་ཅུང་ཟད་བཟི་འདུག། དེ་ནས་ངེད་གཉིས་ཁ་བརྡ་མང་པོ་བྱས་ཡིན།སྙན་ངག་གླེང་ཡིན། མི་ཚེ་གླེང་ཡིན།ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་གླེང་ཡིན། ཡིག་སྒྱུར་གླེང་ཡིན། ཆབ་སྲིད་གླེང་ཡིན། མགོ་ལོག་གླེང་ཡིན། འཇུ་སྐལ་བཟང་གླེང་ཡིན། རྒྱ་ཡེ་བཀྲ་བྷོ་གླེང་ཡིན། གནའ་མཁར་འདྲེ་བཞི་གླེང་ཡིན །པདྨ་ཚེ་བརྟན་གྱི་གློག་བརྙན་གླེང་ཡིན། དེ་ལྟར་མང་པོ་ཞིག་གླེང་ཡིན། ཁ་བརྡའི་མགོ་ནས་མཇུག་བར་དུ་ཁོང་གི་གདོང་ལ་སྐྱོ་ཉམས་ཤིག་གིས་ཁེངས་འདུག་ཅིང་། བལྟས་ཚོད་ལ་ལས་དབང་འདྲ་མཉམ་མི་ཡོང་བའི་འཇིག་རྟེན་འདི་ལ་འཁང་ར་དང་སྡུག་ཡུས་མང་པོ་ཞིག་བཤད་རྒྱུ་ཡོད་པ་འདྲ། ད་དུང་ཁོང་གིས་ཐ་མག་གི་དུ་བ་རྔུབ་ཞོར་ལམ་སེང་བསམ་གཞིགས་ཀྱི་བང་རིམ་ཞིག་བསྙེགས་ནས་འགྲོ་བའི་རྣམ་འགྱུར་དེ་ནི་གླག་རྒོད་ཅིག་གིས་ཆར་སྤྲིན་འདྲེས་མའི་འདུ་ལོང་འཁྲུགས་པའི་ཨ་སྔོན་དབྱིངས་སུ་དམིགས་ཡུལ་གང་ཞིག་གི་སླད་དུ་ཤུགས་ཀྱིས་ལྡིང་སྐོར་བྱེད་པ་དང་མཚུངས་པར།ཁོང་ལ་མཚོན་ན། ཐ་མག་དུ་རྐང་གཅིག་གི་འགྲུལ་བཞུད་དེའི་ནང་དུའང་མངར་སྐྱུར་ཁ་གསུམ་གྱི་མི་ཚེའི་མྱོང་སྣང་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་འདྲ། ཁོང་གི་རྣམ་འགྱུར་དེས་གནའ་རབས་ཀྱི་ཚན་རིག་པ་གྲགས་ཅན་ཨེན་སི་ཐན་གྱིས་བསམ་གཞིགས་ཀྱི་ཀློང་ནས་ཐ་མག་རྔུབ་བཞིན་པའི་སྐུ་པར་ཞིག་ལམ་སེང་ངའི་སེམས་ལ་དྲན་དུ་བཅུག་སོང་།གང་ལྟར་ཁ་བརྡའི་སྐབས་སུ་ངས་ཁོང་གི་གདོང་ནས་འཛུམ་དགོད་ཙམ་ཡང་མཐོང་མ་སོང་ཞེས་བརྗོད་ཆོག་གི་ཡོད། འོན་ཀྱང་ངེད་གཉིས་ཁ་བརྡའི་གཏིང་ལ་ཟུག་སོང་།ཁོང་མི་ཁ་རི་ཁ་ཐུག་ཅིག་རེད།
པདྨ་ཚེ་བརྟན་གྱི་གློག་བརྙན་དག་གླེང་སྐབས་ངེད་གཉིས་ཀྱིས་ཟབ་ཚད་(深度)ཅེས་པའི་ཐ་སྙད་འདི་རྒྱ་སྐད་ཀྱིས་ལབ་ནས་གླེང་བ་ཡིན། དེར་མ་ཟད་ངེད་གཉིས་ཀ་པདྨ་ཚེ་བརྟན་གྱི་གློག་བརྙན་ལ་ལྟ་སྟངས་གཅིག་པ་བྱུང་སོང་། འོན་ཀྱང་ངས་འདིར་ཞིབ་ཏུ་གླེང་གི་མིན། ཞིབ་ཏུ་གླེང་ན་སྐུ་ཞབས་པདྨ་ཚེ་བརྟན་ལ་ཕོག་སྲིད། ཟི་ལིང་དུ་སྡོད་པའི་ཉིན་དེ་དག་རིང་། རོང་བོ་དགེ་འདུན་ལྷུན་འགྲུབ་དང་གཅན་མེ་སྟག་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ལན་གྱི་ཚུལ་དུ་སྙན་ངག་རྐྱང་རྐྱང་བྲིས་ནས་ཁ་པར་ནང་ནས་ཕར་བསྐུར་ཚར་བསྐུར་བྱེད་བཞིན་འདུག ངས་དེ་ནི་སྙན་ངག་པའི་རང་གཤིས་(个性)དམིགས་བསལ་བ་ཞིག་ཏུ་མཐོང་སོང་།
ཁོས་སྐབས་དེར་ང་ལ་གནས་ཚུལ་ཞིག་ཚོར་བ་རྣོན་པོའི་ཐོག་ནས་གླེང་བྱུང་།གནས་ཚུལ་དེ་ངས་ཅི་ནུས་ཀྱིས་ཁོའི་སྐད་ཆ་ཇི་བཞིན་བརྗོད་འདོད་མོད།ད་ལྟ་གསལ་པོ་ཞིག་དྲན་སོས་རྒྱུ་མི་འདུག རྡོག་རྡོག་ཅིག་བརྗོད་ན་ཧ་ལམ་འདི་འདྲ་ཞིག་རེད། ཁོང་ན་རེ།སྔོན་ཆད་ང་རང་མགོ་ལོག་ཁུལ་སློབ་གསོ་ཅུས་ནང་གི་སློབ་སྟོན་ཁྲུའུ་(教导處)རུ་ལས་གནས་སྤོར་བའི་ཡིག་ཆ་ཐོན་ཏེ།ལས་གནས་མ་སྤར་བའི་སྔོན་ཚོགས་འདུ་ཐེངས་འགར་འཚོགས་པར།ཚོགས་ཐོག་ཏུ་རྒྱ་རིགས་འགོ་ཁྲིད་དེས་ཏཱ་ལའི་རུ་ཚོགས་ཞེས་ཉིན་རྟག་པར་ཚོགས་འདུའི་འགོར་དྲིལ་བསྒྲགས་ཀྱི་སྐད་ཆ་དེ་ལབ་འོང་།ཐེངས་ཤིག་ལ་ཁོས་སྐད་ཆ་དེ་བསྐྱར་ཟློས་བྱེད་སྐབས། ང་རང་ཚིག་པ་ལངས་ནས་སྡོད་མ་ཐུབ་པར་མདུན་ཅོག་སྟེང་གི་སྐོམ་ཆུའི་འགྱིག་དམ་སྟོང་པ་དེ་ལག་པས་གཅུ་བཙིར་དྲག་པོ་བྱས་ཏེ་གཅུ་སྒྲ་ཙིར་ཙིར་གྲགས་སུ་བཅུག་པས།འགོ་ཁྲིད་དེས་ལམ་སེང་རྣམ་འགྱུར་མ་དགའ་བ་དེ་ཚོར་ཏེ།ཁྱོད་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་བྱུང་།ངས་གད་སྙིགས་ལྟ་བུའི་དྲིལ་བསྒྲགས་དེ་འདྲ་མ་བསྒྲགས་ནའང་སུས་མི་ཤེས་ཞེས་ལན་བཏབ་པ་ཡིན།དེ་ནས་སྐད་ཆ་ཕར་བཤད་ཚུར་བཤད་ལན་འགའ་བྱས་རྗེས་ཚོགས་འདུ་གྲོལ་སོང་།དེའི་རྗེས་ནས་ང་ཡང་ལས་གནས་དེར་གནས་སྤོར་མ་ཐུབ་པར་མགོ་ལོག་སློབ་འབྲིང་གི་ལས་གནས་སུ་རང་འཇགས་ལོག་དགོས་བྱུང་ཟེར།གཅན་མེ་སྟག་གི་གནས་ཚུལ་དེ་ནི་བོད་ནང་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་དེ་ལ་ཁེལ་འདུག གང་ལྟར་ཁོང་གི་རྣམ་འགྱུར་དེ་ལས་ཁོང་ཉིད་༧གོང་ས་མཆོག་ལ་དད་སེམས་གཡོ་མེད་རྩེ་གཅིག་ཏུ་ཡོད་པ་དང་རང་གི་མི་རིགས་ཀྱི་བདེ་སྡུག་དྲན་མ་ཐག་ཚོར་བ་རྣོན་པོ་ཡོད་པ་ཤེས་ཐུབ།
མཇུག་ཏུ་ཁོང་གིས་ང་ལ་ན་རེ། ང་རང་མཐོ་སྒང་ན་ཡོད་པས། གྲོང་ཁྱེར་དུ་ཐེངས་མང་པོ་སླེབས་ཐུབ་ཀྱི་མེད། ད་ལྟ་དཔར་སྐྲུན་བྱེད་ཐུབ་མེད་མ་གཏོགས། དཔར་སྐྲུན་བྱེད་ཐུབ་པ་ཡིན་ན། སྙན་ངག་སོགས་ཀྱི་དེབ་དྲུག་བདུན་ཅིག་ཡོད་ཟེར། གཅན་མེ་སྟག་ངེད་གཉིས་ཀྱི་ཁ་བརྡའི་བརྗོད་གཞི་ཐ་མ་དེ་དཔར་སྐྲུན་བྱ་རྒྱུར་ལྷག་བསྡད་ཡོད་པའི་ཁོང་གི་བརྩམས་ཆོས་དེ་དག་ཡིན་པ་འདྲ། མ་འོངས་པར་ཁོང་གི་ཉེ་འབྲེལ་གྲོགས་མཆེད་ཚོས་སྙན་ངག་པ་འདས་པོ་བསོད་ནམས་བསྟན་པའང་གཅན་མེ་སྟག་ལགས་ཀྱི་བརྩམས་ཆོས་དེ་དག་ལ་བདག་གཅེས་བརྒྱབ་སྟེ་དཔར་སྐྲུན་བྱེད་ཐུབ་པའི་རེ་བ་ཞུ།
བདེ་བར་བཞུད་ཅིག སྙན་ངག་པ། གཉོམ་ཆུང་ཆུང་གི་སྙན་ངག་པ། ཁྱོད་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ། ཨ་མྱེས་རྨ་རྒྱལ་སྦོམ་རའི་རི་རྩེ་བཅོ་བརྒྱད་ཀྱིས་བསྐལ་པ་ཇི་སྲིད་བར་དུ་ཁྱོད་རང་མིག་གིས་འཚོ་སྲིད་པར་ཐེ་ཚོམ་མེད་དོ།། །།