རྒྱ་གཞུང་གིས་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་རང་དབང་ལ་ཚོད་འཛིན་བྱེད་ཀྱིན་པའི་དོན་དངོས་དཔེ་མཚོན་དུ་གླེང་བ།

རྩོམ་པ་པོ། རྨུགས་འབུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ།

ནང་དོན་གནད་བསྡུས།

རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ནང་ཆོས་དད་རང་དབང་དང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་རང་དབང་དར་སྤེལ་ཡག་པོ་ཡོད་རབས་ཕྱི་ལ་དྲིལ་བསྒྲགས་འདྲ་མིན་བྱས་དང་བྱེད་ཀྱིན་ཡོད་ནའང་། དོན་དངོས་ཐོག་དེ་ལས་ལྡོག་སྟེ་བོད་ཀྱི་ས་ཁུལ་མང་པོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གོ་སྐབས་ལ་ཚོད་འཛིན་བྱེད་བཞིན་པ་དང་། གཞན་ས་གནས་མང་པོར་སྐད་གཉིས་སློབ་གསོ་ལག་ལེན་ཁྲོད་བོད་མིར་བོད་སྐད་ཡིག་སྦྱོང་བར་འགོག་རྐྱེན་སྣ་ཚོགས་སྤྲོད་བཞིན་ཡོད། ད་དུང་བོད་རིགས་ལོ་ཆུང་བྱིས་པ་མང་པོར་རྒྱ་སྒྱུར་གྱི་སློབ་གསོ་སྤྲོད་ཆེད་རྒྱ་ནག་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་ཁྲིད་དེ་བོད་ལྗོངས་སློབ་གྲྭ་དང་བོད་ལྗོངས་འཛིན་གྲྭ་ཟེར་བ་གསར་བཙུགས་ཀྱིས་རྒྱའི་སྐད་ཡིག་དང་རྒྱའི་རིག་གཞུང་གི་ནང་བཅུད་ལྡན་པའི་བསླབ་དེབ་ཆེད་བསྒྲིགས་བྱས་ཏེ་སློབ་གསོ་སྤྲོད་བཞིན་ཡོད་པའི་སྐོར་དང་། བོད་ཕྲུག་མང་པོར་ལོ་མང་རིང་རྒྱ་སྒྱུར་སློབ་གསོ་སྤྲད་རྗེས་ཕྱིར་བོད་ཁུལ་དུ་བཏང་སྟེ་བོད་མི་རིགས་ཀྱི་ཕྱི་རབས་པའི་བསམ་བློ་བཅོས་སྒྱུར་བྱེད་པའི་ལས་དོན་སྒྲུབ་ཏུ་འཇུག་གི་ཡོད་སྐོར་སོགས་དོན་ཚན་ལྔ་རུ་བགོས་ཏེ་རགས་ཙམ་གླེང་ཡོད།

གཅིག

རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་དང་ལག་ལེན་སྐོར།

རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་བ་ནས་བཟུང་ད་བར་དུ་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་འཆར་གྱི་སྲིད་བྱུས་རབས་དང་རིམ་པར་སྤེལ་དང་སྤེལ་བཞིན་ཡོད་ཅིང་། བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་སྤྱོད་ཀྱི་རང་དབང་ལ་ཚོད་འཛིན་ནམ་ཡོངས་སུ་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་དང་། དེ་ཡང་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བའི་གྲངས་ཀར་ཚོད་འཛིན་དང་དམར་པོའི་གཞུང་ལ་དགའ་ཞེན་དང་ཏང་གི་སློབ་གསོ་རིམ་སྤེལ་ལ་བོད་ཀྱི་གྲྭ་བཙུན་དང་སློབ་མ་སྟོང་ཕྲག་མང་པོས་དེར་ངེས་ལེན་མེད་པའི་ཞི་རྒོལ་རིམ་པར་གནང་ཡོད།

བོད་ཀྱི་སློབ་ཕྲུག་རྣམས་ལ་བོད་རང་གི་སྐད་ཡིག་སྦྱོང་སྤྱོད་བྱེད་པའི་རང་དབང་དང་གོ་སྐབས་རྣམས་རིམ་པས་མེད་པར་བཟོ་ཐབས་ཀྱིས་སྲིད་བྱུས་འདྲ་མིན་བཟོས་ཏེ། བོད་ཀྱི་བྱིས་པ་དག་ལ་བོད་རང་གི་ཡི་གེ་སྦྱོང་སྐལ་མེད་པ་མ་ཟད། སློབ་གྲྭ་ཁག་ཏུ་བོད་སྐད་བཤད་ནའང་ཉེས་པར་བརྩིས་ཏེ་རྡུང་རྡེག་བཏང་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད།

སྤྱིར་རྒྱ་ནག་གི་རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་དང་ཡི་གེ་སྦྱོང་སྤྱོད་རང་དབང་ཡོད་པ་མ་ཟད། རྩ་ཁྲིམས་ཀྱིས་སྐད་ཡིག་བེད་སྤྱོད་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་མཛེས་ཆོས་ཀྱིས་སྤྲས་པའི་ཡིག་འབྲུ་མང་པོ་རྩ་ཁྲིམས་དང་བཅའ་ཁྲིམས་སུ་འཁོད་ཡོད་ནའང་། འོན་ཏེ་ལག་ལེན་སྐབས་སུ་དེ་ལས་ལྡོག་སྟེ་བོད་རིགས་འདུས་སྡོད་ཞིང་ཆེན་བཞི་དང་ལྗོངས་གཅིག་བཅས་ཀྱི་བོད་རིགས་རྣམས་ལ་རྒྱའི་སྐད་ཡིག་བེད་སྤྱོད་བྱ་དགོས་དངོས་སུ་ལག་བསྟར་བྱས་དང་བྱེད་མུས་ཡིན།

དེ་ཡང་སྔོན་མ་ནས་ནུབ་རྒྱུད་ཐོབ་འབྱེད་ཆེན་མོ་ཞེས་པའི་ལས་གཞིའི་རྣམ་གྲངས་རིགས་འདྲ་མིན་ཁྲོད། བོད་ཁུལ་གྱི་བྱིས་པ་མང་པོ་རྒྱ་ནག་ནང་ཁྲིད་དེ་རྒྱའི་སྐད་ཡིག་དང་རྒྱའི་རིག་གཞུང་ནང་བཅུད་བྱས་པའི་སློབ་གསོ་སྤྲད་རྗེས་ཕྱིར་བོད་ཁུལ་ཁག་ཏུ་ལས་བྱེད་པར་མངགས་གཏོང་བྱས་པ་དང་། བོད་ཀྱི་ས་གནས་རྣམས་སུ་དེང་རབས་ཀྱི་སློབ་གསོ་ལྡན་པའི་དགེ་རྒན་མེད་པར་ཁ་གཡར་ཏེ། རྒྱ་ནག་ནང་ཁུལ་ནས་རྒྱ་རིགས་དགེ་རྒན་སྟོང་ཕྲག་མང་པོ་བོད་ཀྱི་ས་གནས་ཁག་ཏུ་བཀོད་མངགས་བྱས་ཏེ། བོད་ཁུལ་གྱི་ས་གནས་སོ་སོར་སློབ་གྲྭའི་དགེ་རྒན་བྱེད་དུ་བཅུག དགེ་རྒན་གྱིས་རྒྱ་སྐད་ནང་སློབ་ཚན་འཁྲིད་སྐབས་བོད་རིགས་བྱིས་པ་མང་པོས་དགེ་རྒན་གྱིས་སློབ་ཁྲིད་ནང་དོན་མི་གོ་བ་དང་། སློབ་ཁྲིད་ནང་དོན་མ་གོ་བས་ཡིག་རྒྱུགས་ཡག་པོ་མི་ལོན་པ། ཡིག་རྒྱུགས་ཡག་པོ་མ་ལོན་པས་བྱ་བ་མི་རག་པ་སོགས་དཀའ་ངལ་རིམ་པས་བང་བསྒྲིགས་བྱས་པ་དག་ལས། བོད་རིགས་བྱིས་པ་རྣམས་ཀྱི་རྒྱའི་སྐད་ཡིག་མི་སློབ་ཐབས་མེད་དུ་གྱུར་བ་དང་། སློབ་གྲྭ་དང་ལས་ཀ་གང་ལའང་རྒྱའི་སྐད་ཡིག་མེད་ཐབས་མེད་པར་གྱུར་སྟབས། བོད་རིགས་བྱིས་པ་རྣམས་ནི་བོད་རང་གི་སྐད་ཡིག་སྦྱོང་སྐལ་མེད་པར་རྒྱའི་སྐད་ཡིག་དང་རྒྱའི་རིག་གཞུང་གི་ནང་བཅུད་མི་འདོད་བཞིན་སྦྱོང་དགོས་པ་ཆགས་ཡོད།

རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་རྗེས་ཞི་དྲག་གཉིས་ཀྱི་ལམ་ནས་བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་ཆེད་ཐབས་ཤེས་འདྲ་མིན་བཏང་དང་གཏོང་བཞིན་ཡོད་ཅིང་། དེའི་ཐད་ནས་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་སྐྱོན་བརྗོད་རིམ་པ་བྱུང་ཡོད། ཉེ་ཆར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་Volker Türk ལགས་ཀྱིས་ཀྱང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད།[1] རྒྱ་གཞུང་གིས་ལོ་མང་སྔོན་ནས་བོད་མི་རིགས་སྐད་ཡིག་རིག་གཞུང་རྩ་མེད་གཏོང་འཆར་སྲིད་བྱུས་འདྲ་མིན་སྤེལ་བ་དང་། དེ་ཡང་ “ ༡༩༥༧ དང་ ༡༩༥༩ ལོ་ནི་རིག་གནས་སྣ་མང་ཅན་གྱི་དུས་རིམ་ཡིན། དུས་རིམ་འདིའི་ནང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་དང་ཐབས་ཤེས་གཏན་འབེབ་བྱས་ཤིང་། སྲིད་བྱུས་དེའི་འོག་བོད་ཀྱི་སྐད་དང་ཡི་གེ་ལ་བོད་ཁུལ་དུ་སྲུང་སྐྱོབ་བྱས། ༡༩༥༨ ནས་ ༡༩༧༧ ལོའི་བར་དུ་གཅིག་གྱུར་གྱི་དུས་རིམ་སྟེ། རིག་གསར་གྱི་གཡོན་ལྷུང་བསམ་བློའི་ཤུགས་རྐྱེན་འོག་གྲངས་ཉུང་མི་རིགས་ཕལ་ཆེ་བའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁེ་དབང་མེད་པ་དང་། བོད་ཁུལ་གྱི་སློབ་གྲྭའི་སློབ་ཐུན་རེའུ་མིག་ནང་བོད་ཡིག་སློབ་ཁྲིད་ཧ་ལམ་མཐོང་རྒྱུ་མེད་པར་བོད་ཡུལ་གྱི་བྱིས་པས་སློབ་གྲྭར་རྒྱའི་སྐད་ཡིག་ཁོ་ན་སྦྱངས་པ་ཡིན།”[2] འདི་ནི་རྒྱ་གཞུང་གིས་བོད་སྐད་དང་རིག་གཞུང་ལ་སྤྲད་པའི་བཀག་འགོག་དང་པོ་དེ་ཡིན་ཞིང་། དེ་ནས་ཕྱི་ལོ་ ༡༩༨༠ ལོ་ཙམ་ནས་བོད་ཁུལ་དུ་སྐད་གཉིས་སློབ་གསོའི་ལས་འགོ་བཙུགས། དེ་ཡང་(མི་རིགས་སློབ་གསོའི་བྱ་བར་ཤུགས་སྣོན་བྱེད་པའི་ཐད་ཀྱི་བསམ་འཆར་)ཞེས་པ་ ༡༩༨༠ ལོར་སྤེལ་བའི་ནང་དུ། “ མི་རིགས་རང་ལ་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཚང་མས་མི་རིགས་རང་གི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་དགོས་པ་དང་། མི་རིགས་རང་གི་སྐད་ཡིག་ལེགས་པོར་སློབ་པ་དང་དུས་མཚུངས་སུ་རྒྱའི་སྐད་དང་ཡི་གེ་ལ་ཡང་སློབ་སྦྱོང་བྱེད་དགོས་” ཞེས་འཁོད་ཡོད། དུས་སྐབས་འདི་ནས་བཟུང་བོད་ཁུལ་དུ་ ༡༩༨༧ ལོའི་བར་དུ་སྐད་གཉིས་སློབ་གསོའི་བཀོད་ཁྱབ་འདིའི་འོག་སྐད་གཉིས་སློབ་གྲྭ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཛུགས་བསྐྲུན་བྱས།[3]

འདི་ལྟར་ལོ་མང་གོང་ནས་སྐད་ཡིག་གཉིས་ལྡན་གྱི་སློབ་གསོའི་ལས་གཞི་ཞིག་ཇུས་འགོད་བྱས་ཏེ། བོད་རིགས་ས་ཁུལ་ཡོངས་སུ་བཀོད་སྒྲིག་བྱས། དེ་ཡང་སློབ་གྲྭའི་ནང་སྐད་ཡིག་གཉིས་ལྡན་གྱི་སློབ་ཁྲིད་བྱེད་དགོས་པ་དང་། ནང་དོན་ཡང་བོད་རྒྱའི་རིག་གཞུང་གི་ནང་དོན་ཅན་ཡིན་སྟབས། བོད་རིགས་བྱིས་པ་ཚོར་དཀའ་ངལ་ཆེན་པོ་ཆགས་ཡོད། དེ་ཡང་ཐོག་མར་བོད་རྒྱ་སྐད་ཡིག་གཉིས་སྦྱོང་དགོས་པ་དང་། དེ་ནས་ནང་དོན་འདྲ་མིན་ཅན་གྱི་སློབ་ཚན་སྦྱོང་དགོས། བོད་རིགས་བྱིས་པ་ཚོས་དེ་ལྟར་སྐད་གཉིས་སློབ་གསོའི་སློབ་སྦྱོང་ཅི་ཙམ་བྱས་ནའང་། འཛིན་གྲྭ་རིམ་འཕར་གྱིས་མཐོ་རིམ་སློབ་གསོ་འགྲིམ་སྐབས་རང་བཞིན་གྱིས་རྒྱ་རིགས་སློབ་མའི་ཤེས་ཚད་ཀྱི་རྗེས་ཟིན་དཀའ་བ་དང་། ཡིག་རྒྱུགས་སྐབས་སུ་བརྒྱ་ཆའི་སྐར་གྲངས་རྒྱ་རིགས་སློབ་ཕྲུག་ལས་དམའ་བ་སོགས་ཀྱིས་སློབ་ཐོན་རྗེས་ལས་ཀ་འཚོལ་བ་དང་། མཐོ་སློབ་ཡག་པོར་འགྲིམ་པའི་སྐལ་བ་སོགས་ཧ་ཅང་ཆུང་ལ་དཀའ་ངལ་ཆེ་བ་ཡིན། འདི་དག་ནི་རྒྱ་གཞུང་གིས་ཆེད་དུ་བཟོས་པའི་བོད་རིགས་བུ་ཕྲུག་ལ་དཀའ་ངལ་ཐེབས་པའམ་བྱ་ཐབས་མེད་པའི་འཆར་གཞི་ལྡན་པའི་ལས་གཞི་ཞིག་ཡིན།

བོད་རིགས་སློབ་མར་དེ་ལྟ་བུའི་དཀའ་ངལ་འཕྲད་སྐབས་བོད་རིགས་སློབ་མ་མང་པོའི་སེམས་སུ་ང་ཚོས་སྐད་ཡིག་གཉིས་སྦྱོང་བ་ལས་རྒྱའི་སྐད་ཡིག་གཅིག་པུ་སློབ་སྦྱོང་བྱས་ཚེ་རྒྱ་རིགས་སློབ་ཕྲུག་དང་འདྲ་མཉམ་གྱིས་ཡིག་རྒྱུགས་ལོན་པ་དང་སློབ་གྲྭ་ཡག་པོར་འགྲིམ་སྐལ་ལྡན་པའི་བསམ་ཚུལ་ཡོང་གི་ཡོད། ཡིན་ནའང་བོད་རིགས་ཕ་མ་དག་གིས་རང་གི་བུ་ཕྲུག་དེ་བོད་མི་ཞིག་ཆགས་རྒྱུར་སེམས་ཁྲལ་ཆེ་ཞིང་། ཐབས་ཤེས་ཡོད་རྒུས་བྱིས་པར་བོད་སྐད་བོད་ཡིག་སློབ་ཐབས་སྣ་ཚོགས་བྱེད་ཅིང་། དབྱར་དགུན་གུང་གསེང་སྐབས་སུ་བོད་སྐད་ཡིག་ཟུར་སྦྱོང་གི་གོ་སྐབས་བསྐྲུན་ཆེད་དགོན་སྡེ་ནང་བོད་སྐད་ཡིག་དང་བོད་ཀྱི་ཆོས་རིག་སློབ་སྦྱོང་ཟུར་ཁྲིད་གོ་སྒྲིག་ཞུ་ཐབས་བྱེད་བཞིན་ཡོད། ཡིན་ནའང་རྒྱ་གཞུང་གིས་དེ་ལྟར་བྱེད་བཞིན་པ་ཤེས་རྟོགས་བྱུང་བས། བོད་རིགས་སློབ་ཕྲུག་ཚོ་གུང་གསེང་སྐབས་སུ་བོད་སྐད་ཡིག་སློབ་སྦྱོང་དང་དགོན་སྡེ་ནང་བོད་ཀྱི་ཆོས་རིག་སྦྱོང་དུ་འགྲོ་བར་ཐད་ཀར་འགོག་རྐྱེན་བཟོ་བཞིན་ཡོད་ཅིང་། དེ་ལྟར་མི་ཆོག་པའི་བཀའ་རྒྱའང་བཀྲམས་ཡོད། (པར་རིས་དགུ་པ་དེར་གཟིགས)

རྒྱ་གཞུང་གིས་རྩ་ཁྲིམས་སུ་“མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་སྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།”[4] ཅེས་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བེད་སྤྱོད་དང་གོང་སྤེལ་བྱེད་པའི་རང་དབང་ཡོད་པ་དང་། བེད་སྤྱོད་བྱེད་པར་རྩ་ཁྲིམས་ཀྱིས་རྒྱབ་དཔང་རོགས་རམ་ཡོད་ཚུལ་འཁོད་ནའང་། རྩ་ཁྲིམས་དང་བཅའ་ཁྲིམས་དེ་ས་གནས་ས་ཐོག་ཏུ་ནང་དོན་བཅོས་སྒྱུར་གྱིས་བེད་སྤྱོད་བྱེད་བཞིན་ཡོད། སྐད་གཉིས་སློབ་གསོ་ཞེས་པའི་མིང་དོན་འོག་བོད་རིགས་བྱིས་པ་ཚོས་བོད་རང་གི་སྐད་ཡིག་སྦྱོང་བའི་གོ་སྐབས་ཡོངས་སུ་ཤོར་དུ་བཅུག་ཡོད། དེ་ཡང་ཐད་ཀར་ཁྱོད་ཚོས་བོད་སྐད་ཡིག་སྦྱོང་མི་ཆོག་པ་དང་། བེད་སྤྱོད་བྱེད་མི་ཆོག་ཅེས་བཀའ་རྒྱ་བཀྲམས་མེད་ནའང་། གོ་སྐབས་འདྲ་མིན་གྱིས་ལམ་ཁ་ཇེ་དོག་ནས་མེད་པར་བཟོས་ཏེ་བོད་རིགས་སློབ་མ་ཚོས་རྒྱའི་སྐད་ཡིག་མི་སྦྱོང་ཐབས་མེད་ཀྱི་ལམ་དུ་དེད་ཡོད། གོང་ཞུས་ལྟར། བོད་ཁུལ་གྱི་སློབ་གསོར་རོགས་སྐྱོར་བྱ་ཆེད་དུ་ནང་སའི་མཐོ་སློབ་དང་སློབ་གྲྭ་ཆུང་འབྲེང་མང་པོར་འབྲེལ་མཐུད་བྱས་ཏེ། བོད་ཀྱི་ཞིང་ལྗོངས་སོ་སོ་རྒྱ་ནག་ནང་ཁུལ་གྱི་ཞིང་ཆེན་སོ་སོར་བགོས་འགྲེམ་གྱིས། སྲིད་འབྱོར་རིག་གསུམ་གང་ཐད་ནས་བཅོས་སྒྱུར་རོགས་རམ་དགོས་ཚུལ་གྱི་ལས་རིམ་འཆར་གཞི་ལྡན་པའི་ངང་ལེགས་སྒྲིག་བྱས་ཤིང་། རྒྱའི་ནང་ཁུལ་དུ་བོད་རིགས་བྱིས་པའི་ཆེད་དུ་སློབ་གྲྭ་གསར་རྒྱག་དང་། འཁྲིད་གཞིའི་བསླབ་དེབ་དང་དེ་འཁྲིད་མཁན་ཆེད་ལས་དགེ་རྒན་སོགས་གོ་སྒྲིག་བྱས་ཏེ། ལོ་མང་རིང་བོད་རིགས་བྱིས་པ་མང་པོར་རྒྱ་སྒྱུར་སློབ་གསོ་སྤྲད་དེ་སློབ་ཐོན་བྱུང་མཚམས་ཐད་ཀར་བོད་ཁུལ་གྱི་ས་གནས་སོ་སོར་བགོས་འགྲེམ་གྱིས་དགེ་རྒན་བྱེད་དུ་བཅུག་པ་དང་། ད་དུང་ནང་ཁུལ་ནས་རྒྱ་རིགས་དགེ་རྒན་སྟོང་ཕྲག་མང་པོ་ཆེད་འགུག་གིས་བོད་རིགས་ས་ཁུལ་གྱི་བྱིས་པའི་དགེ་རྒན་བྱེད་འཇུག་གི་ཡོད། དཔེ་མཚོན་ཞིག་བཀོད་ན་ཟི་ལིང་དུ་གཉེར་བའི་བཅའ་སྡོད་སློབ་གྲྭ་སྟེ་(果洛西宁民族中学校。) ཞེས་པར། རྒྱ་ནག་ཧྲང་ཧེ་ནས་དགེ་རྒན་མང་པོ་བཀོད་མངགས་བྱས་སྐོར། (今年2月底,55岁的上海市鲁迅中学数学教研组组长罗天华,和11位上海教师赴青海开展“组团式”教育对口帮扶工作。) ཞེས་པ་ལྟ་བུ་ལས་ཤེས་ཐུབ། [5]

སྤྱིར་སྔོན་མ་ནས་བོད་རིགས་འདུས་སྡོད་ས་ཁུལ་ཁག་གི་ཆེད་དུ་ཞིང་ལྗོངས་ལྔའི་བོད་ཡིག་སློབ་དེབ་འདྲ་མིན་བཟོས་ཡོད་ནའང་། དེ་དག་བེད་སྤྱོད་རྒྱུན་སྐྱོང་བྱ་ཐུབ་མེད། རྒྱུ་མཚན་གོང་ནས་ཞུས་པ་ལྟར་དང་། ཕྱི་རྒྱལ་གྱི་མི་སྣ་འདྲ་མིན་ལ་མགོ་སྐོར་གཏོང་ཆེད་ཞིང་ལྗོངས་ལྔའི་སློབ་དེབ་དག་མིག་སྟོན་དང་། བོད་ཁུལ་དག་ཏུ་བོད་རང་གི་སྐད་ཡིག་རིག་གཞུང་སྦྱོང་བའི་གོ་སྐབས་ཡག་པོ་ཡོད་ཚུལ་གྱི་དྲིལ་བསྒྲགས་ཡིག་ཆ་ལྟ་བུར་བེད་སྤྱོད་བྱེད་པ་ལས། བོད་ཀྱི་བྱིས་པ་ཚོར་སློབ་དེབ་དེ་སློབ་སྦྱོང་གི་གོ་སྐབས་ཡེ་ནས་བསྐྲུན་མེད།

གཉིས།

བཅའ་སྡོད་སློབ་གྲྭ་དང་བོད་རིགས་བྱིས་པ་རྒྱ་སྒྱུར་གསོ་གསོའི་ལས་གཞིའི་དངོས་བྱུང་བརྗོད་པ།

རྒྱ་གཞུང་གིས་བོད་ནང་བོད་རིགས་བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་སོ་སོར་སྐྱེལ་བཞིན་ཡོད་ཅིང་། དེ་ནི་བྱིས་པ་ཆུང་དུས་ནས་རྒྱའི་སྐད་ཡིག་དང་རིག་གཞུང་བསླབས་ཏེ་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་མི་ཤེས་པའི་མ་འོངས་མི་རབས་གསར་པ་ཞིག་སྐྲུན་རྒྱུར་ཐབས་བྱུས་ལྡན་པའི་སྒོ་ནས་བཙན་འདེད་བྱེད་བཞིན་པ་དང་། བྱ་སྤྱོད་དེ་ནི་སློབ་གྲྭའི་སློབ་གསོའི་བྱ་བ་སྒྲུབ་པ་ཞིག་མ་ཡིན་པར་རིག་གཞུང་དམར་བསོད་“cultural genocide” ཀྱི་ལས་ཀ་ཞིག་ཡིན་སྐོར་རྒྱ་གར་གྱི་གསར་ཁང་ཆེ་གྲས་NDTV  ཡིས་༢༠༢༥ ལོའི་ཟླ་༣ པའི་ཚེས་༡ ཉིན་གནས་ཚུལ་བསྒྲགས་ཡོད། [6]

བོད་ཕྲུག་རྒྱ་སྒྱུར་དང་བཅའ་སྡོད་སློབ་གྲྭའི་སྐོར་ལ་བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ལོ་མང་རིང་འཛམ་གླིང་གི་གསར་ཁང་ཁག་དང་གཞུང་སྒེར་མི་སྣ་མང་པོར་ཞུ་གཏུགས་སྙན་ཞུ་ཕུལ་བ་དང་། གཏམ་བཤད་གནང་བ། རྩོམ་ཡིག་བྲིས་པ་སོགས་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་ཅིང་། ཕྱི་ལོ་༢༠༢༣ ལོའི་ཟླ་༩ པའི་ཚེས་༡༥ ཉི་ཨ་རིའི་ཉིག་ཡོག་དུས་བབ་ཀྱིས་བོད་ནང་བཅའ་སྡོད་སློབ་གྲྭའི་གནས་ཚུལ་དང་འབྲེལ་ནས་རྒྱལ་ལོ་ལགས་ཀྱི་སྐད་ཆ་ལུང་འདྲེན་བྱས་[7] ཏེ་གནས་ཚུལ་སྤེལ་ཡོད།

ཉིག་ཡོག་དུས་བབ་ནས་གནས་ཚུལ་འཁོད་དོན། “པེ་ཅིན་གྱིས་སློབ་གྲྭ་བེད་སྤྱད་ནས་བོད་ཀྱི་རིག་གཞུང་བསུབ་པ་ནི་གསར་པ་ཞིག་མ་རེད། རིག་གནས་གསར་བརྗེའི་སྐབས་སུ་གཞུང་གིས་སློབ་གྲྭ་མང་པོའི་ནང་བོད་ཡིག་སློབ་ཁྲིད་བྱེད་ མི་ཆོག་པ་དང་། དེ་ནས་ཕྱི་ལོ་ ༡༩༨༥ ལོར་བོད་ནང་ཁུལ་དུ་བཙུགས་པའི་སློབ་གྲྭའི་ནང་ཁུལ་ཁག་མ་ཟད། རྒྱ་ནག་གི་མི་རིགས་སྲིད་བྱུས་ཆེད་མཁས་པ་ཇེམ་སི་ལེ་བོལཌ་ ཡིས་སློབ་གྲྭ་དེ་དག་ ལ་ “རྒྱ་ནག་གི་མི་རིགས་ཤིག་ཆགས་དགོས་པ་དང་། ཕྱི་ལོ་ ༢༠༠༥ བར་སློབ་གྲྭ་དེ་དག་ནང་བོད་ཕྲུག་ ༢༩༠༠༠ ཙམ་འབྱོར་ ཡོད་པ་དང་།[8] ཞེས་ཕྱི་ལོ་༡༩༨༥ ནས་འཆར་གཞི་ལྡན་པའི་ངང་བོད་ཕྲུག་བྱིས་པ་ཚོར་རྒྱ་སྒྱུར་སློབ་གྲྭ་དང་སློབ་གསོ་ཤུགས་ཆེར་སྤྲོད་འགོ་བཅུགས་ཡོད། བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་དབྱིན་ཇིའི་བྷེ་བྷེ་སེ་གསར་ཁང་ལ་བཤད་དོན། “མི་འབོར་ཁ་ཐོར་ཆེ་བའི་རྐྱེན་གྱིས་བྱིས་པ་རྣམས་སློབ་གྲྭར་འགྲོ་བར་ཐག་རིང་པོ་འགྲོ་དགོས་པས་སྟབས་མི་བདེ་བ་ཞིག་རེད་”ཅེས་དང་། “པེ་ཅིང་གི་དམིགས་ཡུལ་ངོ་མ་ནི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོར་དམིགས་འབེན་བཟུང་ནས་བོད་ཀྱི་ངོ་བོ་ལ་གཏོར་བརླག་གཏོང་རྒྱུ་དེ་ཡིན་”པ་དང་། “ཁོང་ཚོས་མ་འོངས་པར་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལག་ལེན་བསྟར་མི་ཐུབ་པའི་མི་འབོར་ཞིག་ཐོན་སྐྱེད་བྱེད་པའི་སློབ་ཚན་འཆར་འགོད་བྱས་པ་རེད་”[9] ཅེས་བརྗོད་ཡོད།

རྒྱ་གཞུང་གི་ཡིག་ཆ་མང་པོར། རྒྱའི་སྐད་ཡིག་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་སྐད་ཡིན་ཞིང་སྤྱི་སྐད་བེད་སྤྱོད་གཏོང་རྒྱུ་ནི་སྐད་ཡིག་ཚད་ལྡན་བེད་སྤྱོད་གཏོང་བ་ཡིན་པས། རྒྱ་སྐད་རྒྱ་ཡིག་ནི་སྐད་ཡིག་ཚད་ལྡན་ཡིན་པ་དང་། དེ་ལས་གཞན་དག་ནི་སྐད་ཡིག་ཚད་ལྡན་མིན་པ་ཞོར་ནས་བཤད་ཡོད།

“སྤྱི་སྐད་གསུང་རྒྱུ་ནི་སློབ་གྲྭའི་སྐད་བརྡ་ཡིན།” བསྒྲགས་གཏམ་འདི་ཤོག་བྱང་བཟོས་ཏེ་གང་སར་འགྲེམས་སྤེལ་བྱས་ཡོད། ད་དུང་ “སྤྱི་སྐད་གསུང་པ་དང་ཚད་ལྡན་གྱི་ཡི་གེ་བྲིས་གནང་དང་” ཞེས་སྦྱར་བྱང་ངོས་སུ་མངོན་གསལ་དུ་བྲིས་ཡོད། དེའི་དོན་ནི་སྤྱི་སྐད་དང་ཚད་ལྡན་ཡི་གེ་ནི་རྒྱ་ཡིག་རྒྱ་སྐད་ཡིན་པ་དང་། གཞན་བོད་སྐད་ཡིག་སོགས་ནི་རང་རིགས་ཀྱི་སྤྱི་སྐད་མིན་པ་མ་ཟད། སྐད་ཡིག་ཚད་ལྡན་ཡང་མིན་པ་འཛེམས་མེད་དུ་བྲིས་ཡོད། དེར་མ་ཟད། (ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ།

ཨང་ ༣༧ པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་ལྡན་སྨྲ་བརྗོད་དང་ཡི་གེའི་སྐོར་གྱི་བཅའ་ཁྲིམས།) ཞེས་པའི་ཡིག་ཆ་གཏན་འབེབས་བྱས་ཏེ་བཀྲམས་ཡོད།[10] འདི་ལྟར་ཐབས་དང་དབང་གིས་སྤེལ་བཞིན་པའི་སྲིད་བྱུས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་རྒྱུན་སྤེལ་བྱེད་བཞིན་པ་རྟོགས་སླ།

གཤམ་གསལ་དྲ་ཐག་ལས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་བཀག་སྡོམ་བཀའ་རྒྱ་གསལ་ཡོད། China bans Tibetan language teaching in schools in Ganzi Tibetan Autonomous

Prefecture “中國在甘孜藏區全面禁止學校教授藏文”[11] བཀའ་རྒྱ་འདི་ནི་ཕྱི་ལོ་2023-10-17 09:35 ཉིན་སྤེལ་བ་ཞིག་ཡིན་པ་དཔེ་མཚོན་དུ་དྲངས་པ་ཡིན། ད་དུང་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུའང་བྱིས་པའི་བསླབ་བྱའི་ནང་རྒྱའི་སྲོལ་རྒྱུན་རིག་གཞུང་ཁུང་ཙིའི་བསྟན་བཅོས་ནང་གསེས་(བྱིས་པའི་བསླབ་བྱ་) ལྟ་བུ་ནང་འཇུག་བྱས་ཏེ་སློབ་ཀྱིན་ཡོད། [12]

ད་དུང་བོད་ཀྱི་བྱིས་པའི་སློབ་གསོ་དང་འབྲེལ་བ་ཡེ་ནས་མེད་པའི་བདེན་དཔང་གཅིག་བཀོད་ན།བོད་ཀྱི་བྱིས་པའི་སློབ་དེབ་ནང་དུ་རྒྱའི་གནའ་བོའི་རོམ་ཆས་箜篌 Konghou ཞེས་པའི་རི་མོ་དང་འགྲེལ་བཤད་བཀོད་དེ། སྦྱོང་ཚན་དུ་བཞག་པ་དེ་བྱིས་པ་དང་དང་ཁྱིམ་བདག་ཕ་མ་ཚོས་མ་ཤེས་པར་འགྲེལ་བཤད་རྒྱག་མ་ཤེས་པར། སྐད་འཕྲིན་ཚོགས་པ་ཞིག་ཏུ་དེའི་ཐད་ནས་བགྲོ་གླེང་བྱས་མྱོང་། དཔེར་ན། བོད་ལ་རོལ་ཆས་དེར་མིང་ཡོད་མེད་དང་། མེད་ལ་ལོ་ཙཱའི་འགྱུར་ཡིག་གི་ཁྲོད་དུ་དེ་འདྲ་ཡོད་མེད། གསར་དུ་འདོགས་དགོས་ཚེ་ཅི་ལྟར་བཏགས་ན་ཡག་པོ་ཡོད་ཚུལ་སོགས། གང་ལྟར། དཀའ་ངལ་འདིས་ཉིན་དེར་བྱིས་པ་དེ་དང་དེའི་ཕ་མ་ཚོས་བྱིས་པའི་ནང་སྦྱོང་དེ་འབྲི་མ་ཤེས་པས། ཕྱིན་ཉིན་དགེ་རྒན་གྱིས་བསྐྱར་དུ་འགྲེལ་བཤད་བྱས་ཀྱང་བོད་ལ་དེའི་སྐོར་གྱི་རྒྱུན་ཤེས་ཙམ་ཡང་མེད་པས། སློབ་ཚན་དེས་ཕན་མ་ཐོག་ཁར། བྱིས་པས་སེམས་ཁམས་པ་བོད་སྐད་ནང་དུ་ཤེས་བྱ་མང་པོ་མེད་པ་དང་ཤེས་བྱ་མང་པོར་འགྲེལ་བཤད་མེད་པའི་ཚོར་སྣང་བསྐྲུན་ཡོད་འདུག [13]

གསུམ།

མཐོ་རྒྱུགས་ནང་བོད་ཡིག་བཞག་མེད་པའི་སྐོར།

ཉེ་ཆེར་ ༢༠༢༤ ལོའི་ཕྱི་ཟླ་ ༡༢ པའི་ནང་། བོད་ནང་གི་ན་གཞོན་མང་པོས་བོད་ཡིག་མཐོ་རྒྱུགས་ནང་བཞག་མེད་པ་དང་། དེ་ནི་མ་འོངས་པར་བོད་རིགས་སློབ་མས་མཐོ་རྒྱུགས་ནང་བོད་ཡིག་ཡིག་རྒྱུགས་མ་བཏང་ན་ཆོག་པ་དང་། ཡིག་རྒྱུགས་གཏོང་མཁན་མ་བྱུང་ཚེ་མ་འོངས་པར་བོད་ཡིག་སློབ་ཚན་མེད་པ་བཟོ་རྒྱུ་ཡིན་པས། འཆར་གཞི་ལྡན་པའི་ཐབས་བྱུས་འདི་ལ་བསམ་བློ་བཏང་སྟེ་བོད་རིགས་སློབ་མ་ཚོས་ངེས་པར་དུ་བོད་ཡིག་སློབ་ཚན་སྦྱོང་རྒྱུ་དང་ཡིག་རྒྱུགས་འཇོག་དགོས་པའི་བསམ་ཚུལ་ཤུགས་ཆེར་གླེང་བའི་དཔེ་མཚོན་ཞིག་ཡིན། སྐབས་དེར་

བོད་ཡིག་མཐོ་རྒྱུགས་ནང་མ་བཞག་པར་བསམ་ཚུལ་གླེང་བའི་དཔེ་མཚོན་པར་རིས

བོད་ནང་གི་ན་གཞོན་མང་པོས་གནས་ཚུལ་འདིའི་ཐད་ནས་ཡི་གེ་བྲིས་པ་དང་བསམ་ཚུལ་བགྲོ་གླེང་གནང་བའི་བརྙན་ཐུང་ཡང་མང་པོ་ཞིག་དྲ་ལམ་དུ་བཀྲམས་ཤིང། “བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ལ་མཚོན་ན་ཁང་པའི་རྩིག་གདན་དང་ཀ་བ་ལྟ་བུ་ཡིན་ཞིང་། རྩིག་གདན་དང་ཀ་བ་མེད་ཚེ་སྔ་ཕྱི་མ་གཏོགས་ཁང་མ་དེ་རང་བཞིན་གྱིས་འཇིག་འགྲོ་གི་ཡོད་ཚུལ་དཔེ་འཇོག་དང་བཅས་བགྲོ་གླེང་གནང་ཞིང་།” འདིའི་སྐོར་བཙན་བྱོལ་ནང་གི་བོད་སྐད་གསར་ཁང་མང་པོས་གནས་ཚུལ་བཀོད་ཡོད། གོང་བཀོད་ནི་དཔེ་མཚོན་ཙམ་ཡིན་ཞིང་། མང་པོ་ཞིག་ཁོང་ཅག་གི་བདེ་འཇགས་ཆེད་དུ་བེད་སྤྱོད་བྱས་མེད། སྤྱིར་མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཟོས་པའི་སྐོར་དེ་སྔོན་ཆད་ཀྱང་བྱུང་མྱོང་ཡོད་དེ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཙམ་ནས་རྒྱ་ནག་རྒྱལ་ཡོངས་སུ་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཆེད་ཡིག་རྒྱུ་གཅིག་གྱུར་བཟོས་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ནས་སློབ་མ་ཁྲི་ ༣ ལྷག་དང་། མཚོ་སྔོན་ཞིང་ཆེན་ནས་སློབ་མ་ཁྲི་༥ ལྷག་གཅིག་གྱུར་ཡིག་རྒྱུགས་ནང་ཞུགས་དགོས་བྱུང་། སྤྱིར་བོད་རང་སྐྱོང་ལྗོངས་སུ་ཕྱི་ལོ་༢༠༡༤ ལོ་ཙམ་ནས་སྤྱི་ཡོངས་ཡིག་རྒྱུགས་རྒྱ་ནག་རྒྱལ་ཡོངས་ལྟར་གཅིག་གྱུར་གཏོང་དགོས་པ་བཟོས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཁག་གཅིག་ཡོད་པའང་དེའི་སྐབས་གཅིག་གྱུར་བཟོས་ཡོད་འདུག [14]

ད་དུང་ཕྱི་ལོ་ ༢༠༢༤ ལོའི་ ཟླ་༥ པའི་ཚེས་༨ ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དྲ་བར་མཐོ་རྒྱུགས་སྐོར་གྱི་གནས་ཚུལ་བསྒྲགས་པའི་ནང་གསལ་བ་ལྟར་ན། མཐོ་རྒྱུགས་ཐད་ཁྲིམས་སྲོལ་གསར་པ་འགའ་འདུག་པ་དང་། དང་པོ། ཞིང་ལྗོངས་དང་གྲོང་ཁྱེར་བདུན་གྱིས་ 3+1=2 གྱི་མ་དཔེ་བཏོན་འདུག དེ་ལས་ 3 ཞེས་པ་ནི་རྒྱའི་སྐད་ཡིག་དང་། རྩིས་རིག ཕྱི་རྒྱལ་སྐད་ཡིག་བཅས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་རིག་ཚན་ལ་ཟེར་ཞིང་། 1 ཅེས་པ་ནི་སྔོན་འདེམས་སློབ་ཚན་ཏེ་དངོས་ཁམས་དང་ལོ་རྒྱུས་གཉིས་ལས་གཅིག་འདེམས་རྒྱུར་ཟེར། 2 ཞེས་པ་ནི་སླར་འདེམས་རིག་ཚན་ལ་ཟེར་བ་དང་། དེ་ཡང་བསམ་བློ་ཆབ་སྲིད་དང་ས་ཁམས། རྫས་འགྱུར། དངོས་ཁམས་བཅས་རིག་ཚན་བཞིའི་ཁྲོད་ནས་གཉིས་འདེམས་དགོས།[15] ཞེས་སོགས་འཁོད་ཡོད།

གོང་བཀོད་གནས་ཚུལ་འདི་དག་ནི་བོད་སྐག་ཡིག་སློབ་སྦྱོང་ལ་འཆར་གཞི་ལྡན་པའི་སྒོ་ནས་འགྲོ་ལམ་བཀག་དང་འགོག་བཞིན་པའི་དཔེ་མཚོན་ཙམ་ཡིན།

བོད་རིགས་བྱིས་པའི་ཕ་མ་ཚོས་སློབ་གྲྭ་ཁག་ལ་བོད་ཡིག་སློབ་ཁྲིད་བྱ་དགོས་ཚུལ་ཞུ་གཏུགས་བྱེད་སྐབས། རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་བོད་ཀྱི་བྱིས་པ་ཚོའི་ལག་ཏུ་བོད་ཡིག་གི་སློབ་དེབ་བཞག་སྟེ་པར་བླངས་རྗེས་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་ཏེ། བོད་ཀྱི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་སྐོར་བརྗོད་པའི་དྲིལ་བསྒྲགས་བྱེད་ཅིང་། དོན་དངོས་དེ་ལྟ་བུའི་ལས་ཀ་དོན་དངོས་དང་མི་མཐུན་པའི་རྫུས་བཟོ་ཁོ་ན་ཡིན་པར་བརྗོད་[16] ཀྱི་ཡོད།

བཞི།

ཧྲན་ཏུང་ཞིང་ཆེན་ཅི་ནན་བོད་ལྗོངས་སློབ་འབྲིང་།[17]

ཕྱི་ལོ་ ༡༩༨༤ ལོར་བོད་ལྗོངས་ཀྱི་སློབ་གསོའི་བྱ་བ་རྗེས་ལུས་ཅན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་པའི་ལས་དོན་ལ་ཁ་གཡར་ཏེ། རྒྱ་ནག་ནང་ཁུལ་གྱི་པེ་ཅིང་དང་ཐེན་ཅིན། ཧྲང་ཧེ། ཧུའུ་པེ། ལོའུ་ཉིན། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་། ཧའེ་ནན། ཧུའུ་ནན། ཧུའུ་པེ། ཀོང་ཏུང་། སི་ཁྲོན། ཧྲན་ཞི། ཁྲུང་ཆིན་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོར་བོད་ལྗོངས་སློབ་གྲྭ་དང་བོད་ལྗོངས་འཛིན་གྲྭ་ཟེར་བ་གསར་འཛུགས་ཀྱིས་ལས་དོན་སྒྲུབ་ཅིང་། དེ་ཡང་རྩ་འཛིན་ཡིག་ཆ་<<关于内地西藏班(校)扩大规模有关问题的请示》 ཞེས་པའི་འོག་ནས་ལག་ལེན་བྱས་ཡོད། ཡིག་ཆ་དེའི་འགོ་བརྗོད་ནང་། “ལས་དོན་འདི་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ་ཚད་མཐོའི་དོན་གཉེར་དང་སྒྲིག་འཛུགས་དོ་ནན། རྒྱལ་སྐྱོར་ཤུགས་ཆེར་བྱས་ཏེ་ལས་དོན་ལེགས་བསྒུབ་བྱ་དགོས་”ཚུལ་སོགས་གསལ་ཡོད།

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ནང་ལོགས་ཀྱི་བོད་ལྗོངས་སློབ་གྲྭ་དང་བོད་ལྗོངས་འཛིན་གྲྭ་ཞེས་པ་བཙུགས་ཏེ་མི་ལོ་ ༣༦ འཁོར་པའི་ལས་བསྡོམས་ནང་འཁོད་དོན། བོད་ལྗོངས་སློབ་གྲྭའམ་བོད་ལྗོངས་འཛིན་གྲྭའི་ལས་དོན་བསྒྲུབས་ཏེ་ད་བར་དུ་བོད་ཁུལ་གྱི་སློབ་ཕྲུག་དང་བོད་ཁུལ་དུ་བྱ་བ་གཉེར་བཞིན་པའི་མི་རིགས་གཞན་གྱི་བྱིས་པ་བཅས་ཁྱོན་སློབ་ཕྲུག་ཁྲི་༡༤།༣ སློབ་འཇུག་སློབ་སྦྱོང་སྤྲད་པ་དང་། དེ་དག་ལས་ཁྲི་༥།༦ ལྷག་བོད་ལྗོངས་(བོད་རང་སྐྱོང་ལྗོངས་)དུ་བྱ་བ་སྒྲུབ་པར་བཏང་ཡོད་སྐོར་གསལ། [18] འདི་ནི་གོང་ཞུས་ལྟར། བོད་ཀྱི་བྱིས་པ་ཚོ་ཆུང་དུས་ནས་རྒྱ་སྒྱུར་བྱས་ཏེ་ཕྱིར་བོད་ཁུལ་དུ་ལས་དོན་སྒྲུབ་པར་མངགས་གཏོང་བྱས་པའི་བདེན་དཔང་གཅིག་ཡིན།

བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་སྐྱེལ་འཇོག་གིས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། གཤམ་གྱི་གནས་ཚུལ་འདི་ནི་ཕྱི་ལོ་༢༠༢༤ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་ཞིན་ཧྭ་དྲ་བས་བཀོད་པ་ཞིག་རེད།

རྒྱ་ནག་གི་བྱང་ཤར་ཧྲན་ཡང་གྲོང་ཁྱེར་ཞང་ཡས་སློབ་འབྲིང་གི་བོད་རིགས་བྱིས་པ།

བོད་ཕྲུག་དབང་ཆེན་མཚོ་མོ། བསྟན་འཛིན་སྒྲོལ་དཀར། བུ་མོ་འདི་གཉིས་བོད་ཀྱི་ས་གནས་གང་ནས་ཡིན་མིན་མ་ངེས་ཀྱང་བོད་ཡིན་པ་ཁོང་གཉིས་ཀྱི་མིང་ལས་ཤེས་སླ། སློབ་གྲྭའི་སློབ་མ་མང་ཆེ་བ་མཚོ་སྔོན་མགོ་ལོག་ཁུལ་དགའ་སྡེ་རྫོང་སོགས་ནས་ཡོང་སྐོར་ཞིན་ཧྭ་དྲ་གནས་སུ་འཁོད་ཡོད་ཅིང་། བོད་ཀྱི་བྱིས་པ་མང་པོ་ཕ་ཡུལ་བོད་དང་ས་ཐག་ཧ་ཅང་རིང་པོ་ནས་རྒྱའི་བྱང་ཤར་གྱི་གྲོང་ཁྱེར་ཧྲན་ཡང་ཞང་ཡས་སློབ་འབྲིང་(沈阳市翔宇高级中学)ཞེས་པར་སློབ་གྲྭར་འགྲིམ་བཞིན་པ་དང་། འདིའི་སྐོར་ཞིན་ཧྭ་དྲ་རྒྱ་(新华网) ཡིས་བཀོད་ཡོད།[19] སློབ་འབྲིང་འདིར་བོད་མི་ཅི་ཙམ་ཡོད་མེད་མི་ཤེས་མོད། གོང་ཞུས་རྒྱ་སྒྱུར་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་གསལ་རྟོགས་ཐུབ་ཅིང་། ༢༠༡༠ ལོར་ཡུལ་ཤུལ་ས་ཡོམ་རྗེས་ཡུལ་ཤུལ་ནས་བོད་ཕྲུག་ ༤༦༦ ཙམ་སློབ་གྲྭ་འདིར་ཁྲིད་ཡོང་ཡོད་འདུག ད་དུང་དྲ་རྒྱ་དེར་ཉེ་བའི་ལོ་ཤས་ནང་མཚོ་སྔོན་གྱིས་ཆིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་གི་སློབ་གྲྭ་ ༢༠ ཙམ་ནང་འཛིན་གྲྭ་གཉེར་བ་དང་སློབ་མ་ཁྲི་ཕྲག་མང་པོ་གསོ་སྐྱོང་བྱས་ཡོད་སྐོར་གནས་ཚུལ་བཀོད་འདུག

གྲོང་ཁྱེར་ཧྲན་ཡང་ཞང་ཡས་སློབ་འབྲིང་གི་སྐོར་འདི་ཧ་ཅང་སྙན་ལ་མཛེས་ཆ་དོད་པོའི་ངང་མི་དམངས་དྲ་བར་ཡང་སྤེལ་འདུག་[20]ལ། མི་རིགས་སློབ་གསོ་དང་སྲིད་ཕྱོགས་ནས་དོ་སྣང་མི་བྱེད་མཁན་དག་ལ་སེམས་འགུལ་ཐེབས་ཤིང་མགོ་གཡོག་ལས་སླ་མོར་གཏོང་ཐུབ་པའི་དྲིལ་བསྒྲགས་ཡིད་དུ་འོང་བ་ཞིག་བྱས་འདུག

ལྔ།

བོད་ཡིག་སློབ་མཚམས་འཇོག་དགོས་སྐོར་གྱི་གནས་ཚུལ།

གཞན་ཡང་ (RADIO TAIWAN INTL) ཞེས་པའི་དྲ་རྒྱར་(རྒྱ་ནག་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་བཀག་སྡོམ།) [21] ཞེས་པའི་ཁ་བྱང་འོག་གནས་ཚུལ་སྤེལ།

པར་རིས་འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡ ཉིན་རྒྱ་ནག་ནུབ་ཕྱོགས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནག་ཆུ་ཨང་ ༢ པའི་མཐོ་འབྲིང་དུ་སློབ་མ་ཚོས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་འཛིན་གྲྭར་ཞུགས་བཞིན་ཡོད། [22] ནག་པང་སྟེང་དུ་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སྐོར་བོད་ཡིག་ནང་བྲིས་ཡོད་འདུག

གོང་གི་གནས་ཚུལ་དེར་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༢༠ ལོ་ཙམ་ནས་དཀར་མཛེས་ཁུལ་དུ་བོད་ཡིག་སློབ་ཚན་ཁྲིད་རྒྱུ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་བསྒྲགས་ཡོད་པ་དང་། རྒྱའི་དབང་འཛིན་པ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་རིགས་བྱིས་པ་ཚོར་བོད་སྐད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་གོ་སྐབས་ཡག་པོ་དང་སློབ་གྲྭའི་མཐུན་རྐྱེན་བཟང་ཚུལ་ཁྱབ་བསྒྲགས་བྱས་ནའང་། ལོ་དེའི་ཕྱི་ཟླ་ ༦ གུང་གསེང་སྐབས་ཀྱི་ཡིག་རྒྱུགས་དེ་ནི་བོད་ཡིག་གི་ཡིག་རྒྱུགས་མཐའ་མ་དེ་ཡིན་ཚུལ་དང་། ཕྱི་ཟ་ ༩ པར་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་མཚམས་འཇོག་གི་ཡིན་ཚུལ་བསྒྲགས་འདུག་པའི་འགྲེལ་བརྗོད་ཀྱང་བྱས་ཡོད། [23]

དེ་བཞིན་མཚོ་སྔོན་ཁོངས་མགོ་ལོག་ཏུ་བོད་ཡིག་ནི་སྐད་ཡིག་གཅིག་བུ་ལས་སློབ་ཚན་གཞན་རྣམས་སྤྱི་སྐད་ཐོག་སློབ་ཁྲིད་བྱ་དགོས་པར་བརྗོད་ཡོད་པ་དང་། བོད་ཀྱི་བྱིས་པ་རྣམས་གསུང་གསེང་སྐབས་སུ་དགོན་པ་ཁག་ཏུ་བོད་སྐད་ཡིག་རིག་གཞུང་ཟུར་སྦྱོང་བྱེད་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་བསྒྲགས།[24]

 འདི་ལྟར་བོད་སྐད་ཡིག་དེ་སློབ་ཚན་གདམས་གསེས་དང་ཡང་ན་སྐད་གཉིས་སློབ་གསོའི་རྩ་འཛིན་འོག་གོ་སྐབས་ཉུང་བ་ནས་མེད་པར་སྒྱུར་བཞིན་པ་དང་། སྤྱི་སྐད་དང་ཚད་ལྡན་སྐད་ཡིག་བེད་སྤྱོད་དགོས་པའི་ལས་གཞི་རིམ་སྤེལ་ཁྲོད་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་ཚད་བརྒྱ་ཆའི་༨༥ ཟིན་དགོས་སྐོར་བསྒྲགས་པ་དང་། བོད་ཁུལ་གྱི་བྱིས་པ་ཚོར་ ༢༠༡༤ ལོ་ཙམ་ནས་རྒྱ་སྐད་རྒྱ་ཡིག་གཙོ་གཉེར་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་འདུག [25] རྒྱ་ནག་ནང་ས་ནས་བོད་དུ་དགེ་རྒན་མང་པོ་བཀོད་མངགས་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་འཆར་འགོད་སོགས་ཀྱིས་“ཟུངས་ཁྲག་བཟོ་བའི་”(“造血”能力)ནུས་པ་ཆེ་རུ་གཏོང་དགོས་བཀའ་བཀོད་བྱས་པའི་སྐོར་སོགས་མི་དམངས་ཉིན་རེའི་ཚགས་པར་སྟེང་བཀོད་ཡོད།[26]

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ Human Rights Watch[27] ཡིས་ ༢༠༢༠ ལོར་བཏོན་པའི་སྙན་ཐོའི་ནང་དུའང་དེ་མཚུངས་བཀོད་ཡོད་སྐོར་བོད་མིའི་སྒྲིག་འཛུགས་དྲ་རྒྱས་ལུང་འདེན་བྱས་ཡོད།[28]

རྒྱ་སྐད་རྒྱ་ཡིག་བསླབ་གཞི་གཙོ་བོ་མིན་པར་བོད་སྐད་ཡིག་ཆེད་གཉེར་བྱེད་པའི་བོད་གྱི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་བཙན་བཀའ་བཏང་སྟེ་སྒོ་རྒྱབ་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་གཞུང་གིས་བཀའ་ཕབ་སྟེ་སེང་འབྲུག་སྟག་རྩེ་བཅའ་སྡོད་སློབ་གྲྭ་དངོས་སུ་སྒོ་རྒྱབ་པ་དང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ་མགོ་ལོག་རྨ་ཆེན་རྫོང་གི་སློབ་གྲྭ་གསུམ་དང་དགའ་བདེ་ནས་སློབ་གྲྭ་གཅིག མགོ་ལོག་གཅིག་སྒྲིལ་ནས་སློབ་གྲྭ་གཉིས་བཅས་ཁྱོན་བོད་མི་རང་གིས་གཉེར་བའི་སློབ་གྲྭ་༧ སྒོ་རྒྱབ་ཡོད་འདུག [29] ཉེ་བའི་ཆར་རྭ་རྒྱ་སློབ་གྲྭའང་བཙན་གྱིས་སྒོ་རྒྱག་དགོས་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ཁོངས་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་ལ་བསྒྲགས་པའི་བཀའ་རྒྱ། བཀའ་རྒྱ་འདིར་ནང་གསེས་དོན་ཚན་ལྔ་ཡོད་ཅིང་། ༡ བྱིས་པ་རྣམས་བསམ་བློ་སློབ་གསོ་སྐུལ་འདེད་གཏོང་ཆེན་བྱིས་ཕྲུག་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ཁྲིད་མི་ཆོག ༢ ཁྱིམ་བདག་ནི་བྱིས་པར་ལྟ་སྐྱོང་བྱེད་མཁན་ཡིན་པས་ཁྱིམ་བདག་ཀྱང་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འགྲོ་མི་ཆོག ༣ གོང་རིམ་སྡེ་ཁག་གིས་ལྐོག་ལ་ལྟ་སྐུལ་བྱས་ནས། སྒྲིག་སྲོལ་འགལ་མཁན་ལ་ཐག་གཅོད་བྱེད་རྒྱུ། ༤ སློབ་གྲྭའི་ཉིན་རེ་བཞིན་ཕྲུ་གུ་ལས་ཆད་རྗེས་འདེད་བྱས་ནས། ལྐོག་ལ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ཁྲིད་པ་ཧ་གོ་ན། ཐད་ཀར་གྲོང་ཁྱེར་སློབ་གསོ་ཅུས་ལ་རྩིས་སྤྲད་རྒྱུ། ༥ རྒྱ་ཆེ་ཁྱིམ་བདག་རྣམ་པ་ཕྲུ་གུ་བདེ་འཇགས་དོ་དམ་བྱེད་པར་རྒྱུད་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་གནང་རོགས། ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་ལ། ཐམ་ག། ༢༠༡༨། ༥། ༡༤ ཡིག་ཆ་འདིའི་མ་ཡིག་འདིར་བཀོད་ཡོད།

ད་དུང་བོད་ཀྱི་མཁས་པ་ཞིག་གིས་(བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།) ཞེས་པའི་སྙན་ཞུ་དང་།[30] བོད་ཀྱི་སློབ་གསོ་བ་གྲགས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་བརྩམས་པའི་(བོད་ཡུལ་གྱི་སྔོན་འགྲོའི་སློབ་གསོ་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན་དང་ལག་ལེན་ཁྲོད་ཀྱི་ཚད་གཞི་གླེང་བ།)[31] ཞེས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་ལྷ་མོ་འཚོས་བརྩམས་པའི་(བོད་ཡུལ་ཀྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་དང་རྙོག་འཛིང་རང་བཞིན་གླེང་བ།)[32] ཞེས་པ་འདི་དག་གིས་བོད་ཡུལ་གྱི་བྱིས་པའི་སློབ་གསོ་དང་བོད་སྐད་ཡིག་གི་གནས་སྟངས་ལ་སེམས་ཁྲེལ་ཆེན་པོས་དགོངས་ཚུལ་བཏོན་ཡོད།

ཕྱི་ལོ་༢༠༢༤ ལོའི་ཟླ་༩ པའི་ཚེས་༢ ཙམ་ནས་བཟུང་། རྒྱ་གཞུང་གི་སློབ་གསོ་ལས་ཁུངས་ཁག་གིས་བྱིས་པའི་བསླབ་དེབ་ལ་འགྱུར་བ་བཏང་སྟེ། ཆབ་སྲིད་སློབ་གསོ་གསོར་བཟུང་གིས་རྒྱ་ནག་གི་མཐའ་མཚམས་སྲུང་མཁན་དཔའ་བོའི་ལོ་རྒྱུས་དང་། དཔལ་ཡོན་དར་སྟངས་ཟེར་བ་ལྟ་བུའི་ནང་དོན་ཁྲིད་གཞིར་གོ་སྒྲིག་འགྲེམས་སྤེལ་བྱས། བོད་ཁུལ་གྱི་སློབ་ཆུང་དང་དམའ་འབིང་སློབ་གྲྭ་ཁག་ཏུའང་སློབ་དེབ་དེ་འགྲེམས་སྤེལ་བྱས་དེ་སྦྱང་བྱར་བཀོད་ཡོད། དེ་ཡང་ ཕྱི་ལོ་༢༠༢༤ ལོའི་ཟླ་༩ ཙམ་ནས་བོད་མདོ་སྨད་རྔ་བ་དང་ཁྱུང་ཆུ། མཛོད་དགེ་དང་དཀར་མཛེས་སོགས་གཙོ་བྱས་སི་ཁྲོན་ཞིང་ཆེན་ཁོངས་བཅུག་པའི་བོད་ཁུལ་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་དེབ་གཅིག་ཀྱང་མེད་པར་མ་ཟད། དེང་བསླབ་གཞིར་གྱུར་བ་དག་ནི་རྒྱ་གཞུང་གི་ཆབ་སྲིད་སློབ་གསོ་དང་། སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་དག་ཡིན་འདུག[33]

ད་དུང་རྒྱ་གཞུང་གིས་བོད་ནང་བོད་སྐད་ཡིག་སློབ་གསོའི་ཐད་འཆར་གཞི་ལྡན་པའི་སྒོ་ནས་བོད་སྐད་ཡིག་སློབ་ཚན་ཉུང་འཕྲི་ནས་མེད་པར་བཟོ་བཞིན་པའི་གནས་ཚུལ་བཀོད་པའི་གསར་གནས་ཁག་གི་ཁ་བྱང་དང་དྲ་ཐག་གཤམ་དུ་བཀོད་པ་ལྟར། བོད་སྐད་ཡིག་རིག་གཞུང་ལ་ཤ་ཚ་ཐུགས་སྣང་ཅན་ཚོས་གོང་ཞུས་སྙན་ཞུ་འདི་དང་དྲ་ཐག་ཁག་ལ་གཟིགས་ཚེ་བདེན་པའི་དོན་གནད་གསལ་ཁ་ཡོང་རེ་ཆེ་ཞུ།

མཇུག་སྡོམ།

སྙན་ཐོ་འདིར་རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱས་པ་ནས་ད་ལྟའི་བར་དུ་བོད་ནང་ཆོས་དད་རང་དབང་དང་བོད་སྐད་ཡིག་བེད་སྤྱོད་བྱེད་པར་འགོག་རྐྱེན་སྣ་ཚོགས་སྤྲད་དང་སྤྲོད་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱ་གཞུང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གྲངས་ཉུང་མི་རིགས་དང་རང་སྐྱོང་ས་ཁུལ་ཁག་ལ་སྐད་ཡིག་དང་ཆོས་དད་རང་དབང་སོགས་སྲུང་སྐྱོབ་ཡོད་ཚུལ་སོགས་གང་འཁོད་ནང་དོན་དང་རྒྱབ་འགལ་བྱས་ཏེ། ཁྲིམས་དང་མི་མཐུན་པའི་མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་རབས་དང་རིམ་པར་སྤེལ་བཞིན་པ་དང་། ལྷག་པར་རྩ་ཁྲིམས་དང་བཅའ་ཁྲིམས་ནང་འཁོད་དོན་དང་རྒྱབ་ཀྱིས་ཕྱོགས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་སྦྱོང་བ་དང་བེད་སྤྱོད་བྱེད་པའི་རང་དབང་ཡོངས་སུ་འཕྲོག་སྟེ། བོད་རིགས་རྣམས་ལ་བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་རྩ་བ་ནས་མེད་པར་བཟོས་དང་བཟོ་བཞིན་པ་དང་། ཐ་ན་བོད་མི་རིགས་དེ་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་སྒྱུར་གྱི་ལས་འགུལ་སྒྲུབ་བཞིན་ཡོད་པའི་སྐོར་སོགས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་ཆོས་དད་རང་དབང་དང་སྐད་ཡིག་སྦྱོང་སྤྱོད་རང་དབང་གི་ཐོབ་ཐང་ཅི་ཡོད་སྐོར་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཡིག་ཆ་ཁག་དང་གཞུང་སྒེར་གྱི་དྲ་རྒྱ་ཁག འཛམ་གླིང་གི་རང་དབང་ཅན་གྱི་ལྷན་ཁང་ཁག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རང་དབང་ཅན་གྱི་གསར་འགོད་ལས་ཁུངས་སོགས་ཀྱིས་བཏོན་པའི་སྙན་ཐོ་དང་གནས་ཚུལ་དག་ལ་གཞི་བཅོལ་ནས་རགས་ཙམ་གླེང་ཡོད། སྙན་ཐོའི་ནང་འཁོད་དོན་ཁུངས་འཕེར་ཡིན་མིན་གྱི་དོགས་པ་བྱུང་ཚེ་དཔྱད་ཡིག་གི་ཁུངས་སོ་སོར་གསལ་བས་དེར་ཆ་འཛིན་བྱ་རྒྱུ་དང་། ལྷག་དོན་རྒྱ་ནག་གཞུང་གཉེར་དྲ་ཚིགས་ཁག་དང་། དེ་ལས་གཞན་པའི་ཡིག་ཆའི་ཁུངས་གང་ཡིན་རྣམས་སྙན་ཐོ་འདིའི་ཞབས་མཆན་དང་མཇུག་ཏུ་བཀོད་ཡོད་པས་དེ་དག་ཏུ་གཟིགས་ཞིབ་གནང་རོགས་ཞུ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ཟླ་ཚེས་པ་ཕུལ།
༢༠༢༥། ༠༣། ༡༠།

རྒྱ་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། སློབ་ཁྲིད་བཅས་ལ་འཆར་གཞི་ལྡན་པའི་སྒོ་ནས་ཉུང་འཕྲི་དང་བཀག་འགོག་ཅི་བྱས་འཁོད་པའི་གསར་འགྱུར་ཁ་བྱང་དང་དྲ་རྒྱའི་འབྲེལ་ཐག་ཁག་འགའ།

         1 མཚོ་སྔོན་གྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཐད་ཞིབ་འཇུག་སྙན་ཞུ།

青海藏汉双语教学调研报告 – 范文118

            2 党的十八大以来教育援藏助力西藏改善办学条件、提高教育教学质量 为雪域高原浇灌希望的花朵

http://fangzhifuzhuangziyuan.com/profession/info/5

          3 རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཆེད་དུ་རྒྱ་སྐད་དར་སྤེལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཆེད་དུ་རྒྱ་སྐད་དར་སྤེལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། — བོད་སྐད་སྡེ་ཚན། The Chinese government is conducting a strong campaign to promote the Tibetan language throughout Tibet. — Tibetan Language section

4 བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ཁྲོད་རྒྱ་རིགས་ཕོན་ཆེ་ལས་བོད་རིགས་ཉུང་ཉུང་ཡིན་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག

བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ཁྲོད་རྒྱ་རིགས་ཕོན་ཆེ་ལས་བོད་རིགས་ཉུང་ཉུང་ཡིན་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག — བོད་སྐད་སྡེ་ཚན།

5 རྨ་ལྷོ་ཁུལ་བོད་སྐད་ཡིག་གི་སྲོལ་ཡིག་ཟེར་བར་འགྱུར་བཅོས་བཏང་སྟེ་རྒྱ་ཡིག་དར་སྤེལ་གཏོང་དགོས་པ་གཙོ་འདོན་བྱས་འདུག

རྨ་ལྷོ་ཁུལ་བོད་སྐད་ཡིག་གི་སྲོལ་ཡིག་ཟེར་བར་འགྱུར་བཅོས་བཏང་སྟེ་རྒྱ་ཡིག་དར་སྤེལ་གཏོང་དགོས་པ་གཙོ་འདོན་བྱས་འདུག — བོད་སྐད་སྡེ་ཚན།

6 རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་བཞིན་ཡོད་འདུག — བོད་སྐད་སྡེ་ཚན།

7 རྒྱ་ནག་གཞུང་གིས་བོད་ཀྱི་སློབ་ཕྲུག་ལོ་ཆུང་ཚོ་བསམ་བློ་གཏོང་ཕྱོགས་ངོས་ནས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་བཞིན་ཡོད་པ།ཉམས་ཞིབ་པས་བརྗོད་སོང་།

རྒྱ་ནག་གཞུང་གིས་བོད་ཀྱི་སློབ་ཕྲུག་ལོ་ཆུང་ཚོ་བསམ་བློ་གཏོང་ཕྱོགས་ངོས་ནས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་བཞིན་ཡོད་པ།ཉམས་ཞིབ་པས་བརྗོད་སོང་། — བོད་སྐད་སྡེ་ཚན།

8 རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག — བོད་སྐད་སྡེ་ཚན།

9 རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཚན་ཕྱིར་བསྡུ་བྱས་པ་སོགས་ཀྱིས། བོད་པ་ཡིན་པའི་འདུ་ཤེས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས། བོད་ཀྱི་ཤེས་རིག་རྩ་གཏོར་གཏོང་མི་ཐུབ།

རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཚན་ཕྱིར་བསྡུ་བྱས་པ་སོགས་ཀྱིས། བོད་པ་ཡིན་པའི་འདུ་ཤེས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས། བོད་ཀྱི་ཤེས་རིག་རྩ་གཏོར་གཏོང་མི་ཐུབ། — བོད་སྐད་སྡེ་ཚན།

10 བོད་ནང་གི་སློབ་གྲྭ་ཁག་སློབ་མགོ་ཚུགས་ཀྱི་ཡོད་ཀྱང་བོད་ཡིག་སློབ་ཁྲིད་སྔར་ལས་ཇེ་ཉུང་དུ་གཏོང་གི་ཡོད་འདུག

བོད་ནང་གི་སློབ་གྲྭ་ཁག་སློབ་མགོ་ཚུགས་ཀྱི་ཡོད་ཀྱང་བོད་ཡིག་སློབ་ཁྲིད་སྔར་ལས་ཇེ་ཉུང་དུ་གཏོང་གི་ཡོད་འདུག — བོད་སྐད་སྡེ་ཚན།

11 རྒྱ་ནག་གཞུང་གིས་བོད་ནང་དུ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་སྐབས་བྱིས་པ་ཚོར་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་དུ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་སྐབས་བྱིས་པ་ཚོར་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག — བོད་སྐད་སྡེ་ཚན།

12 བོད་པ་ཚོར་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་བྱེད་བཅུག་བཞིན་པ་ནི་བོད་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་ངན་བྱུས་ཤིག་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

བོད་པ་ཚོར་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་བྱེད་བཅུག་བཞིན་པ་ནི་བོད་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་ངན་བྱུས་ཤིག་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག — བོད་སྐད་སྡེ་ཚན།

13 “སྐད་གཉིས་སློབ་གསོ”འི་ཐབས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་པ།

“སྐད་གཉིས་སློབ་གསོ”འི་ཐབས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་པ།  – བོད་ཀྱི་བང་ཆེན།

14 བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་རྩ་བ་ནས་མེད་པའི་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ནང་དོན་ཅན་གྱི་སློབ་དེབ་འགྲེམས་སྤེལ་བྱེད་བཞིན་ཡོད་པ། བོད་ནང་གི་བོད་མིས་བརྗོད་བྱུང་།https://www.rfa.org/tibetan/sargyur/china-revised-textbook-tibet-school-09112024030306.html


[1] https://tibet.net/un-high-commissioner-for-human-rights-addresses-human-rights-concerns-in-tibet-at-the-58th-session-of-unhrc/

[2] ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར། བོད་འགྱུར་དཔྱད་རྩོམ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༢ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཡེ་ཤེས་ལྷ་མོ་འཚོ། བོད་ཡུལ་གྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་དང་རྙོག་འཛིང་རང་བཞིན་གླེང་བ། ཤོག་ངོས་ ༡༠༨

[3] ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར། བོད་འགྱུར་དཔྱད་རྩོམ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༢ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཡེ་ཤེས་ལྷ་མོ་འཚོ། བོད་ཡུལ་གྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་དང་རྙོག་འཛིང་རང་བཞིན་གླེང་བ། ཤོག་ངོས་ ༡༡༣

[4] https://trimleng.org/2019/08/21/tsatrim-parchoe-2018/

[5] https://app.xinhuanet.com/news/article.html?articleId=84d5ed569b1ab8f487fbca53de893a25

[6] https://www.youtube.com/watch?v=IjWVDf511_w

[7] https://www.nytimes.com/2023/09/15/opinion/china-tibet-boarding-school.html

[8] https://www.nytimes.com/2023/09/15/opinion/china-tibet-boarding-school.html

[9] https://www.bbc.com/news/world-asia-china-68492043

[10] https://www.gov.cn/ziliao/flfg/2005-08/31/content_27920.htm 中华人民共和国中央人民政府

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དྲ་རྒྱར་བཀོད་འདུག

[11] https://www.rti.org.tw/news/view/id/2183564  དྲ་ཐག་འདི་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བོད་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པའི་བཀའ་རྒྱའི་ནང་དོན་ལ་གཟིགས་རོགས།

[12] https://www.chinaaid.net/2019/01/blog-post_43.html?fbclid=IwY2xjawI1_2xleHRuA2FlbQIxMAABHdD6xJ_tcKwdVVTCLmvzDs6-8fiLXOaS2X2YGC7b4g6j-_YfKBvPlywJQQ_aem_CYK3XHxJ9clFIJf91lubyA

[13] གསན་ཚུལ་འདིའི་སྐོར་དྲི་བ་དྲིས་ལན་དང་བགྲོ་གླེང་བྱེད་པ་རྩོམ་པ་པོས་དངོས་སུ་མཐོང་ཐོས་བྱུང་ཡོད་ཅིང་། རྩོམ་པ་པོས་སྐབས་དེར་箜篌 Konghou ཞེས་པར་ (མཛུལ་དཀྲོལ་རྒྱུ་མངས་) ཞེས་དོན་སྒྱུར་བྱས་ཏེ་བགྲོ་གླེང་གི་ཆ་ཤས་བླངས་མྱོང་།

[14] བོད་རིགས་སློབ་ཚོར་བོད་རང་གི་སྐད་ཡིག་སྦྱོང་དགོས་པ་དང་རྒྱའི་སྐད་ཡིག་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱ་རིགས་སློབ་མ་ལྟར་སྤྱི་མཚུངས་སྦྱངས་ཏེ་ཡིག་རྒྱུགས་ལ་ཞུགས་དགོས་པས། བོད་རིགས་སློབ་མ་ཚོར་བོད་སྐད་ཡིག་སྦྱོང་པ་དེ་དཀའ་ངལ་ཐེབས་པ་ཆགས་ཏེ་བོད་རིགས་སློབ་མ་མང་པོ་ཞིག་གིས་ཐད་ཀར་རྒྱའི་སྐད་ཡིག་ཁོ་ན་སྦྱོང་བ་ལས་བོད་སྐད་ཡིག་སྦྱོང་གི་མེད་མཁན་ཡང་མང་པོ་འབྱུང་བཞིན་ཡོད་ཅིང་། གནས་ཚུལ་འདིས་བོད་རིགས་བྱིས་པའི་ཕ་མ་རྣམས་ལའང་དཀའ་ངལ་དང་སེམས་ཁྲལ་ཆགས་བཞིན་ཡོད། གནས་སྟངས་འདིའི་འོག་ནས་བྱིས་པ་རྣམས་ཁྱིར་རང་ཁྱིམ་དུ་ལོག་སླབས་ཕ་མ་དང་བུ་ཕྲུག་དབར་སྐད་བརྡ་དང་བསམ་བློའི་ཐོག་མི་མཐུན་པའི་དཀའ་འབྱུང་བཞིན་ཡོད་ཅིང་། བྱིས་པ་ཚོས་རང་གི་ཕ་མ་ནི་གོ་རྟོགས་ཞན་པ་དང་མཐོང་ཐོས་ཆུང་བ། གོ་བ་མེད་པའི་རྙིང་ཞེན་ཆེ་བ་ཞིག་ཏུ་མཐོང་བ་མ་ཟད། ཐད་ཀར་ཕ་མ་དང་ཁ་རྩོད་བྱེད་པའི་གནས་ཚུལ་ནི་རྒྱུན་ལྡན་དུ་གྱུར་ཡོད།

[15] http://my.haibei.gov.cn/bzkx/2371.html

[16] བོད་ནང་གི་སློབ་གྲྭ་ཁག་སློབ་མགོ་ཚུགས་ཀྱི་ཡོད་ཀྱང་བོད་ཡིག་སློབ་ཁྲིད་སྔར་ལས་ཇེ་ཉུང་དུ་གཏོང་གི་ཡོད་འདུག — བོད་སྐད་སྡེ་ཚན།

[17] https://www.gx211.cn/school/school7162.shtml  山东省济南西藏中学 88 Yuhan Rd, Shizhong District, Jinan, Jinan, Shandong, China, 250002 དྲ་ཐག་འདི་ནས་གོང་བཀོད་སློབ་གྲྭ་གར་ཡོད་གསལ། བོད་ཡིག་སློ་གྲྭ་བོད་ཁུལ་དུ་མི་སྒྲུབ་པར་རྒྱ་ནག་ནང་ཁུལ་ནས་སྒྲུབ་དགོས་དོན་མེད།

[18] https://tibettimes.net/2023/11/01/228854/ ཡང་སློབ་གྲྭའི་སྐོར་མཐོ་སློབ་སྒེའུ་ཁུང་(高校之窗) ཞེས་པར་འདི་ལྟར་འཁོད་འདུག 山东省济南西藏中学是将原济南回民中学和济南第十四中学的西藏班合并,于91年7月成立的山东省唯一一所专门招收西藏日喀则地区学生的寄宿制学校。2004年教育部将全国唯一一个边境班安排在该校,面对西藏五个地区招生,是山东省对口援藏项目之一,是一所由省市区三级管理的藏族学校。

学校占地面积21600m2,建筑面积18300m2。现有4个年级,16个教学班,610名学生,教职工78人,高级教师17名,中级教师29名,教师学历达标率为100%。教师以中青年为主,结构比较合理。学校自1985年西藏班成立至今,共接收了2800多名西藏学生,先后为西藏地区培养了2200余名毕业生,其中1900多名学生接受完了内地中、高等教育回到西藏。他们不仅成为西藏两个文明建设的高素质劳动者,也成为沟通内地与西藏文化教育交流的桥梁,为促进两地民族团结进步、实现共同繁荣发展作出了贡献。https://www.gx211.cn/school/schoolcontent7162.shtml

[19] https://app.xinhuanet.com/news/article.html?articleId=84d5ed569b1ab8f487fbca53de893a25

[20] http://tibet.people.com.cn/n4/2024/1023/c309795-20006284.html

[21] https://www.rti.org.tw/news/view/id/2183564  中國在甘孜藏區全面禁止學校教授藏文

[22] https://www.rfa.org/english/news/tibet/tibet-forcedseparation-12012022174040.html. Students attend a Chinese language learning class at Nagqu No. 2 Senior High School, a public boarding school for students from northern Tibet, in Lhasa in western China’s Tibet Autonomous Region, June 1, 2021. (Credit: Associated Press)

https://www.rti.org.tw/news/view/id/2183564

[24] https://www.tibetanjournal.com/china-ban-tibetan-kids-attending-classes-in-monasteries-during-vacation/

[25] https://www.theguardian.com/world/2022/jan/16/chinese-dialects-in-decline-as-government-enforces-mandarin

[26] http://fangzhifuzhuangziyuan.com/profession/info/5

[27] https://www.hrw.org/report/2020/03/05/chinas-bilingual-education-policy-tibet/tibetan-medium-schooling-under-threat  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ལྷ་སྒྲོན་ལགས་ཀྱིས་མཁོ་སྤྲོད་གནང་།

[28] https://www.bod.asia/2020/03/བོད་ནང་གཞི་རིམ་སློབ་གྲ/

[29] https://tibettimes.net/2021/12/31/217184/

[30] https://www.tibetcm.com/contemporary/critical/2014-12-11/3259.html

[31] ༢༠༡༨ ལོའི་(མཚོ་སྔོན་སློབ་གསོ།) དེབ་ལྔ་པའི་སྟེང་བཀོད། རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར་བའི་(བོད་འགྱུར་དཔྱད་རྩོམ་ཕྱོགས་བསྒྲིགས) ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༢ ཤོག་ ༧༠ ནས་ ༡༠༦།

[32] ༢༠༡༨ ལོའི་(མཚོ་སྔོན་སློབ་གསོ།) དེབ་དང་པོའི་སྟེང་བཀོད། རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར་བའི་(བོད་འགྱུར་དཔྱད་རྩོམ་ཕྱོགས་བསྒྲིགས) ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༢ ཤོག་ ༡༠༧ ནས་༡༢༨།

[33] https://www.rfa.org/tibetan/sargyur/china-revised-textbook-tibet-school-09112024030306.html

*Dr. Lobsang Thapka, the author of the article, is a Research Fellow and Tibetan Editor at the Tibet Policy Institute

PS: The views expressed here are of the author and do not necessarily reflect those of the Tibet Policy Institute

The article was originally published by Bangchen.net 

keyboard_arrow_up