༄༅། །རྒྱ༌ནག༌ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་ཕྱི༌ཟླ༌ ༥ ཚེས༌ ༢༡ ནས༌ ༢༨ བར༌པེ༌ཅིང༌དུ༌ཚོགས་ཡོད། དེ༌སྔོན༌གྱི༌ཚོགས༌ཆེན༌གཉིས༌སྐབས༌རྒྱ༌གཞུང༌གི༌ལོ༌འཁོར༌སྙན༌ཐོའི༌ནང༌རྒྱལ༌ནང༌དཔལ༌འབྱོར༌འཕེལ༌རྒྱས༌གལ༌འགངས༌ཆེ༌ཤོས༌ལ༌ངོས༌འཛིན༌བྱས་ནས་ལོ༌འཁོར༌རྒྱལ་ཡོངས་ཐོན་བབ་ GDP འཕར༌བའི༌དམིགས༌འབེན༌གཏན༌འབེབས༌བྱེད༌ཀྱི༌ཡོད། འོན༌ཀྱང༌ད༌ཐེངས༌ཚོགས་འདུའི་ཐོག་མ་འོངས་པར་ཧོང་ཀོང་དུ་ལག་བསྟར་བྱ་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་ཟིན་བྲིས་དེར༌དོ༌སྣང༌ཆེ༌ཤོས༌དང༌ཚད་མཐོའི་མང་མོས་སྒོ་ནས་གཏན་འབེབས་བྱེད་ཁུལ་བྱས་འདུག
གནད༌དོན༌དེ་ལ་བརྟེན་ནས་ཧོང༌ཀོང༌མི་མང་ཚོས་སྲིད་བྱུས་དེར་གཞི་རྒྱ་ཆེ་བའི་ངོ༌རྒོལ༌བྱས་ཡོད། དེ་ནི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་རྗེས་ཞི་རྒོལ་རྔམ་སྟོན་ཆེ་ཤོས་དེ་ཆགས་འདུག སྐབས་དེར་ཧོང་ཀོང་མི་མང་གྲངས་ ༨༠༠ ཙམ་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་ཡོད་པ་རེད།
ཡང༌ཐེ༌ཝན༌གྱི༌གནད༌དོན༌ཐོག༌རྒྱ་ནག་གཞུང༌ནས༌དེ༌སྔོན༌རྒྱུན༌དུ༌སྒྲོག་བཞིན༌པའི༌ཞི༌བའི༌གོང༌བུ༌གཅིག༌གྱུར༌དང༌གོ༌གཉིས༌ཐུན༌མོང༌ངོས༌འཛིན། ཟེར་བའི༌རྗོད༌ཚིག་གཉིས༌གར༌སོང༌ཆ༌མེད༌དུ་གྱུར༌ནས༌གོང༌བུ༌གཅིག༌གྱུར༌ཁེར༌རྐྱང༌བསྒྲགས༌ནས༌ཐེ༌ཝན༌ལ༌འཇིགས༌སྐུལ༌གྱི་རྣམ༌འགྱུར་བསྟན་ཡོད།
བོད༌ནང༌གི༌གནད༌དོན༌དང༌འབྲེལ༌ཕྱི་ཟླ༌ ༥ ཚེས༌ ༢༤ ཉིན༌རྒྱལ༌ཡོངས༌སྲིད༌གྲོས༌འཐུས༌མི༌ ༼ཨུ༌ཡོན།༽ དང༌བོད༌རང༌སྐྱོང༌ལྗོངས༌ཞིང༌འབྲོག༌ཚན༌རིག༌ཁང༌ཏང༌ཨུད༌ཀྱི༌ཧྲུའུ༌ཅི༌གཞོན༌པ༌ཉི༌མ༌བཀྲ༌ཤིས༌ཀྱི༌པེ༌ཅིན༌དུ༌བོད༌རང༌སྐྱོང༌ལྗོངས༌ནང༌དབུལ༌ཕོངས༌མི༌འབོར༌ཁྲི༌ ༦༢༌༨ ཚང༌མ༌དབུལ༌གྲོལ༌བྱུང༌བ། དབུལ༌ཕོངས༌རྫོང༌ ༧༤ ཚང༌མ༌དབུལ༌གྲོལ༌བྱུང༌བ༌ཕྱིར༌བསྒྲགས༌བྱས༌འདུག
ཉི༌མ༌བཀྲ༌ཤིས༌ཀྱིས༌ཞི༌ཅིང༌ཕིང༌གི་འགོ་ཁྲིད༌པའི༌གུང༌ཁྲན༌ཏང༌སྲིད༌གཞུང༌གིས༌བོད༌རང༌སྐྱོང༌ལྗོངས༌ནང༌དབུལ༌སྒྲོལ༌སྲིད༌ཇུས༌ལ༌བསྟོད༌གླུ༌ལེན༌པ༌དེ༌ནི༌མིའི༌རིགས༌དབུལ༌ཐར༌ལོ༌རྒྱུས༌སྟེང༌གི༌བྱས༌རྗེས༌ཅན༌གསར༌སྐྲུན༌བྱས༌པ༌ཞེས༌བརྗོད༌འདུག ཡང༌ཉི༌མ༌བཀྲ༌ཤིས༌ཀྱིས༌རྒྱ༌གཞུང༌གི༌རང༌སྐྱོང༌ལྗོངས༌ནང༌མི༌འབོར༌ཁྲི༌ ༢༦༌༦ དབུལ༌སྐྱོང༌གནས༌སྤོས༌བྱས༌ཟིན༌པ༌དང༌། ས༌བབ༌མཐོ༌བའི༌ས༌ཁུལ༌གྱི༌སྐྱེ༌ཁམས༌གནས༌སྤོས༌ལས༌གྲྭ༌ལས༌མི༌འབོར༌ཁྲི༌ ༡༣༌༣ གནས༌སྤོས༌འཆར༌གཞི༌ལས༌ད༌ལྟ༌བར༌གྲོང༌ཚོ༌ལྔའི༌ནང༌གི༌མི༌གྲངས༌ ༥༠༠༠ ཚང༌མ༌ཡུལ༌གཞན༌དུ༌གནས༌སྤོས༌ཟིན༌པར༌བསྟོད༌བསྔགས༌བྱས༌འདུག དེ༌ཡང༌འདས༌པའི༌ཟླ༌བ༌ཁ༌ཤས༌ནང༌དབུལ༌སྒྲོལ་ཞེས༌པའི༌བརྗོད༌གཞི༌དེ༌རྒྱ༌གཞུང༌གིས༌ཕྱིར༌བསྒྲགས༌གལ༌ཆེ༌ཤོས༌ཞིག༌ཆགས༌འདུག
ཕྱི༌ལོ༌ ༢༠༢༠ ཟླ༌ ༢ ཚེས༌ ༡༨ ཉིན༌སི༌ཁྲོན༌ཞིང༌ཆེན༌སྲིད༌གཞུང༌གིས༌གསལ༌བསྒྲགས༌བྱས༌པར༌ཞིང༌ཆེན༌དེའི༌ནང༌ཡོད༌པའི༌རྔ༌པ༌བོད༌རིགས༌ཆང༌རིགས༌རང༌སྐྱོང༌ཁུལ༌ནང༌ཁྲོ༌ཆུ༌དང༌རྔ༌བ། རྫམ༌ཐང༌རྫོང༌། གཞན་ཡང༌དཀར༌མཛེས༌བོད༌རིགས༌རང༌སྐྱོང༌ཁུལ༌གསེར༌རྟ༌དང༌བྲག༌མགོ ནག༌ཆུ༌རྫོང༌སོགས༌རྫོང༌ ༡༦ ཞིག༌དབུལ༌ཕོངས་ནས་གྲོལ་བ་དང༌། ད༌བར༌སི༌ཁྲོན༌བོད༌རིགས༌ས༌ཁུལ༌དབུལ༌ཕོངས༌རྫོང༌ ༣༢ ཚང༌མ༌དབུལ༌ཕོངས་ལས་གྲོལ༌ཡོད་པ་བཤད༌འདུག
ཕྱོགས་མཚུངས་ཕྱི༌ཟླ༌ ༤ ཚེས༌ ༢༡ ཉིན༌མཚོ༌སྔོན༌ཞིང༌ཆེན༌མཚོ༌སྔོན༌ཉིན༌རེའི༌ཚགས༌པར༌གྱིས༌རང༌རེའི༌ཞིང༌ཆེན༌གྱི༌དབུལ༌ཕོངས༌དབུལ༌རྐྱང༌ཁྱོན༌ཡོངས༌ནས༌གཙང༌བཤེར༌བྱེད༌པའི༌དམིགས༌འབེན༌ཞེས༌པའི༌བརྗོད༌བྱའི༌གསར༌འགྱུར༌ནང༌། ཞིང༌ཆེན༌དེའི༌ནང༌ཡོད༌པའི༌དབུལ༌ཕོངས༌རྫོང༌ ༡༧ ཚང༌མ༌དབུལ༌སྒྲོལ༌བྱུང༌ཡོད༌པ༌དང༌། ད༌བར༌མཚོ༌སྔོན༌ཞིང༌ཆེན༌ནང༌གི༌དབུལ༌ཕོངས༌རྫོང༌ ༤༢ དང༌། དབུལ༌ཕོངས༌གྲོང༌ཚོ༌ ༡༦༢༢ དེའི༌ནང༌དབུལ༌ཕོངས༌བ༌མི༌གྲངས༌ཁྲི༌ ༥༣༌༩ ཚང༌མ༌དབུལ༌སྒྲོལ༌བྱུང༌བ༌གསལ༌བསྒྲགས༌བྱས༌འདུག
ལོ༌སྔོན༌མ༌ནས༌བཟུང༌རྒྱ༌ནག༌དང༌ཨ༌རི༌དབར༌གྱི༌ཉོ༌ཚོང༌འཐབ༌རྩོད༌རྐྱེན༌པས༌རྒྱ༌ནག༌ནང༌དཔལ༌འབྱོར༌ཉམས༌རྒུད༌འགྲོ༌བཞིན༌པ༌དེའི༌སྟེང༌ཏོག༌དབྱིབས༌གཉན་རིམས་རྒྱ༌ནག༌ནང༌ཁྱབ༌གདལ༌དང༌ཕལ༌ཆེར༌གོ༌ལ༌ཧྲིལ༌པོར༌མཆེད༌པའི༌རྐྱེན༌གྱིས༌རྒྱ༌ནག༌གིས་གཙོས༌རྒྱལ༌ཁབ༌ཚང༌མའི༌ནང༌ཚོང༌ལས༌དང༌དཔལ༌འབྱོར༌ཐུར༌དུ་བབས་ནས་འགྲོ༌བ་རེད།
ལྷག༌པར༌རྒྱ༌ནག༌ནི༌འཛམ༌གླིང༌བཟོ༌གྲྭ༌ལྟ༌བུ༌ཆགས༌ཡོད། ཐེངས་འདིར་རྒྱ༌ནག༌གཞུང༌ནས༌བཙན༌ཤེད༌ཀྱི༌ལས༌ཀ༌བསྐྱར༌གསོ༌བྱས༌ཀྱང༌ད༌ལྟ༌ཕྱི༌རྒྱལ༌གྱི༌མངགས༌ཐོ༌མི༌རག༌པས༌ལས༌གྲྭ༌སྒོ༌ཕྱེ༌མི༌ཐུབ༌པ༌དང༌ལས༌མི༌ཕོན༌ཆེ༌ལ༌འཚོ༌བརྟེན༌མེད༌པར༌གྱུར།ད༌ལྟ༌རྒྱ༌ནག༌ནང༌གི༌དངོས༌ཡོད༌དཔལ༌འབྱོར༌གནས༌སྟངས༌དེ༌རྒྱ༌ནག་གཞུང༌གིས༌དྲིལ༌བསྒྲགས༌བྱས༌པ༌ལས༌ལྡོག་སྟེ་ཡ༌ང༌དགོས་པའི་གནས་སྟངས་ཆགས་ཡོད།
ད༌ཐེངས༌ཀྱི༌ཚོགས༌ཆེན༌སྐབས༌རྒྱ༌ནག༌གི༌སྲིད༌བློན༌ ༼ཙུང༌ལི།༽ལི༌ཁེ༌ཆང༌གི༌ཕྱི༌བསྒྱགས༌བྱས༌པར༌ལོ༌ངོ༌ ༣༠ ཙམ༌ནང༌ཕྱིར༌གླ༌པར༌སོང༌བའི༌གླ༌རྒྱག༌ཞིང༌པར༌ལས༌ཀ༌རག༌གི༌མེད༌པ༌དང༌ཕྱི༌ཕྱོགས༌ཉོ༌ཚོང༌ཀུང༌སིར༌མངགས༌ཐོ༌ལེན༌མི༌ཐུབ༌པ།ལྷག༌པར༌རྒྱ༌ནག༌ནང༌མི༌གྲངས༌དུང༌ཕྱུར༌དྲུག༌གི༌ཟླ༌རེའི༌གླ༌ཕོགས༌ཆིག༌སྟོང༌ལས༌མེད༌པ༌བཤད་འདུག
དེར༌བརྟེན༌གུས༌མོས༌ཚོད༌དཔག༌བྱས༌པར༌རྒྱ༌ནག༌གཞུང༌ནས༌འདས༌པའི༌ཟླ༌བ༌ཁ༌ཤས༌ནང༌བོད༌རང༌སྐྱོང༌ལྗོངས༌གཙོས༌པའི༌སི༌ཁྲོན༌དང༌མཚོ༌སྔོན༌བོད༌པའི༌ས༌ཁུལ༌ནང༌དབུལ༌ཕོངས༌གཙང༌སེལ༌ཁྱབ༌བསྒྲགས༌ཤུགས༌ཆེན༌བྱས༌པ༌དེ༌ལྷག༌པར༌རྒྱ༌ནག༌ནང༌དཔལ༌འབྱོར༌ཉམས༌རྒུད༌འགྲོ༌བའི༌སྐབས༌སུ༌བོད༌ཀྱི༌ས༌ཆ༌ཕལ༌ཆེ༌བ༌དབུལ༌སྒྲོལ༌བཟོས༌པ༌དེས༌ད༌ལྟ༌རྒྱ༌གཞུང༌གི༌བོད༌ནང༌དཔལ༌འབྱོར༌རོགས༌དངུལ༌སྤྲོད༌ཐུབ༌ཀྱི༌མེད༌པ༌ལས༌དངོས༌ཡོད༌ཀྱི༌དབུལ་སྒྲོལ༌བྱུང༌བ༌རྩ༌བ༌ཉིད༌ནས༌ཡིན༌མི༌སྲིད།
དེ༌ཡང༌ཟླ༌ ༥ ཚེས༌ ༢༢ ཉིན༌རྒྱ༌ནག༌གི༌སྲིད༌བློན༌ལི༌ཁེ༌ཆང༌གི༌ཚོགས༌ཆེན༌ལས༌དོན༌སྙན༌ཞུ༌ཁྱབ༌བསྒྲགས༌གནང༌སྐབས༌གསུང༌དོན། ང༌ཚོས༌མི༌རིགས༌ས༌གནས༌སྲིད༌ཇུས༌ལ༌འཐུས༌སྒོ༌ཚང༌དུ༌བཏང༌ནས༌གྲངས༌ཉུང༌མི༌རིགས༌འཕེལ༌རྒྱས༌མགྱོགས༌མྱུར༌གཏོང༌བར༌རྒྱབ༌སྐྱོར༌བྱེད༌པ། ཀྲུང༌ཧྭ༌མི༌རིགས༌ཀྱི༌ཐུན༌མོང༌གི༌འདུ༌ཤེས༌ལུགས༌རྒྱགས༌པ།
ལི༌ཁེ༌ཆང༌སྐད༌ཆའི༌ནང༌ནས༌གལ༌ཆེ༌ཤོས༌ནི༌ཧྭ༌མི༌རིགས༌ཀྱི༌ཐུན༌མོང༌གི༌འདུ༌ཤེས༌ཟེར་བ་དེ༌རེད། རྒྱ༌གཞུང༌བོད༌ས༌བཙན་བཟུང་བྱས་པ་ནས༌བཟུང༌བོད༌ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུར་འབད༌བརྩོན༌བྱས༌དང༌བྱེད༌མུས༌རེད། ལྷག་པར་ཞི༌ཅིང༌ཕིང༌གིས་དབང༌ཆ༌བཟུང༌རྗེས༌ལས་འགུལ་དེ་ལྟར་སྤེལ་བར་སྔར་བས་འཛེམ༌ཟོན༌སྤངས་ནས་ལག་བསྟར་བྱེད་འགོ་བརྩམས་ཡོད།
ད༌ཐེངས༌སྲིད༌བློན༌ལི༌ཁེ༌ཆང༌ལས༌དོན༌སྙན༌ཐོའི༌ཐོག༌ཐད༌ཀར༌དེ༌འདྲ༌ལབ༌པ༌དེས༌རྒྱ༌གཞུང༌གིས༌བོད༌གཙོས༌པའི༌གྲངས༌ཉུང༌མི༌རིགས༌དེ་དག་རྩ༌མེད༌བཟོ༌རྒྱུའི་སྲིད་བྱུས་སྔར༌བས༌ཤུགས༌ཆེ་རུ་གཏོང་ངེས་ཡིན། དེ་མ་ཟང་བླ་ཆེན་ཐོ་གྲས་དང་ཆོས་ལུགས་དད་མོས་བྱེད་མཁན་མང༌ཚོགས༌ཁྲོད་དཔལ༌འབྱོར༌འཕེལ༌རྒྱས༌ཐད༌དགེ༌མཚན༌ལྡན༌པའི༌ནུས༌པ༌འདོན༌དགོས༌པ་བཤད་ཡོད། སྐད༌ཆ༌དེ༌ནི༌གོ༌དོན༌ཟབ༌མོ༌ཡོད༌པ༌ཞིག༌རེད། འོན༌ཀྱང༌རྒྱ༌གཞུང༌གིས༌ལག༌བསྟར༌ཇི་ལྟར་བྱ་རྒྱུ་ཡིན་མིན་ད་ལྟ་ཁ་ཚོན་གཅོད་མ་ཐུབ།
ཡང༌གནས༌ཚུལ༌གཞན༌ཞིག༌ལ༌རྒྱལ༌ཡོངས༌མི༌དམངས༌འཐུས༌མི༌དང༌པེ༌ཅིང༌གྲོང༌སྡེ༌ཨུ༌ཡོན༌ལྷན༌ཁང༌གི༌དྲུང༌ཡིག༌ཆེན༌མོ༌གཞོན༌པ༌ཐང༌ཧེའི༌ལོང༌ནས༌གྲོས༌གཞི༌བཏོན་པར། སྐད༌དང༌ཡི༌གེའི༌བཀོལ༌སྤྱོད༌སྔར༌བས༌ཚད༌ལྡན༌དུ༌གཏང༌རྒྱུ༌དང༌། སྤྱི༌དམངས༌ཀྱི༌རྒྱལ༌ཁབ༌ཀྱི༌ངོས༌འཛིན༌གཅིག༌མཐུན༌ཡོང༌བར༌དོ༌ཁུར༌བྱེད༌དགོས།
ཐང༌ཧེའི༌ལོང༌ནས༌བཤད༌པར༌རྒྱལ༌ཁབ༌ཀྱི༌སྤྱི༌སྤྱོད༌སྐད༌ཡིག༌བཅའ༌ཁྲིམས༌ལ༌འོས༌འཚམས་ཀྱིས༌བཟོ༌བཅོས༌བྱས༌ཏེ༌སྤྱི༌སྐད༌འབུར༌དུ༌ཐོན༌པ༌བྱེད༌དགོས།མ༌གཞི༌ཁོ༌རང༌གི༌གྲོས༌འདོན༌ནང༌སྔ༌ཕྱི༌བར༌གསུམ༌དུ༌གྲངས༌ཉུང༌མི༌རིགས༌བྱེ་བྲག་པ་ཞིག་གི་མིང༌དངོས་སུ་ཕྱིར་འདོན་བྱས་མེད་ཀྱང་ཁོ་པས་གསལ༌འདོན༌བྱས༌པའི༌སྤྱི་སྐད་ཟེར་བ་དེ་རྒྱ༌སྐད༌ལ་གོ་བ་རེད། བསམ་ཚུལ་དེ་ལྟ་བུ་ནི་རྒྱ༌མི་རིགས༌ཕལ་མོ་ཆེའི་བསམ༌ཚུལ༌རེད༌ལ༌གལ༌སྲིད༌གྲོས༌གཞི༌དེར༌ཁྲིམས་སུ་གཏན་འབེབས་བྱུང་བ་ཡིན་ན་བོད༌ཀྱིས་གཙོས༌གྲངས༌ཉུང༌མི༌རིགས༌ཀྱི་ས༌ཁུལ༌ནང༌མི༌རིགས༌སོ༌སོའི༌ཐུན་མིན་སྐད༌ཡིག་ལ༌གནོད༌ཚབས་དེ༌བས༌ཆེ༌རུ་གཏོང་ངེས༌ཡིན།
ཡང༌གནས༌ཚུལ༌གཞན༌ནང༌ཚོགས༌ཆེན༌གཉིས༌སྐབས༌སུ༌རྒྱ༌གཞུང༌ནས༌བོད༌ནང༌ཚོགས༌ཆེན༌གཉིས༌ཀྱི༌དགོངས༌དོན༌ལེ༌དབར༌ཁྲི༌སྟོང༌གི༌གངས༌ལྗོངས༌མཐའ༌མཚམས༌སུ༌ཁྱབ༌པ། ཞེས༌པའི༌ལས༌དོན༌སྤེལ༌ནས༌བོད༌ལྗོངས༌རྒྱལ༌མཚམས༌འགྲོ༌འོང༌མཐའ༌སྲུང༌ཞིབ༌བཤེར༌སྤྱི༌ཁྱབ༌ས༌ཚིགས༌ལྷོ༌ཁའི༌མཐའ༌མཚམས༌དོ༌དམ༌ཡན༌ལག༌རུ༌ཁག༌ཉེན༌རྟོག༌པ༌ཕོན༌ཆེན༌མི༌དམངས༌ཁྱིམ༌ཚང༌དུ༌འཛུལ༌ནས༌ཚོགས༌ཆེན༌གཉིས༌ཀྱི༌ནང༌དོན༌བསྒྲགས༌བཤད༌བྱེད༌པ། ཞེས༌པའི༌མིང༌འོག༌ནས༌མི༌དམངས༌ཐོག༌སེལ༌བཀྲུ༌བ༌དང༌ལྟ༌སྐུལ༌ཚོད༌འཛིན༌བྱེད༌པ།
ཡང༌ཚོགས༌ཆེན༌གཉིས༌སྐབས༌སུ༌རྒྱ༌གཞུང༌ནས༌ལྷ༌ས༌གྲོང༌ཁྱེར༌ནང༌ཚོགས༌ཆེན༌གཉིས༌དང༌ས༌ག༌ཟླ༌བའི༌ཆོས༌ཕྱོགས༌བྱེད༌སྒོ༌སྤེལ༌རིང༌གི༌བརྟན༌ལྷིང༌སྲུང༌སྐྱོབ༌དང༌ལྟ༌སྐུལ༌ལས༌དོན༌འོག༌ནས༌ལྟ༌སྐུལ༌བྱེད༌པའི༌མི༌དམངས༌ཚོར༌ཆབ༌སྲིད༌ཀྱི༌ཚུགས༌གནས༌མཐོ༌རུ༌གཏོང༌དགོས༌པ༌དང་། བློ༌ཐག༌རྦད༌ཆོད༌ཀྱིས༌སྲིད༌གཞུང༌གི༌བཀོད༌སྒྲིག༌དང༌ལེན༌བྱེད༌དགོས༌པའི༌འཇིགས༌སྐུལ༌བྱས༌པའི༌གནས༌ཚུལ༌ཡང་བྱུང༌འདུག་པ་བཅས།།