༡༽ ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མི་འགྱངས་བར་བསང་ཆུའི་གནམ་གྲུ་ཐང་ནས་ཁྲེན་ཏུའུ་དང་དབྱིན་ཁྲོན་ (银川) ལ་མཁའ་ལམ་གསར་པ་གཉིས་བཏོད་རྒྱུ་ཡིན་ལ། མཁའ་ལམ་འདི་གཉིས་ནས་དངོས་སུ་འཕུར་སྐྱོད་བྱ་ཐུབ་ཚེ། ཀན་ལྷོ་ཁུལ་དང་ཕྱི་རོལ་འཇིག་རྟེན་གྱི་བར་ཐག་སླར་ཡང་ཇེ་ཐུང་དུ་གཏོང་ཐུབ་ངེས་ཡིན་ཟེར།
བསང་ཆུའི་གནམ་གྲུ་ཐང་བཙུགས་ནས་འཁོར་སྐྱོད་བྱས་པ་ནས་བཟུང་། ཀན་ལྷོའི་འགྲིམ་འགྲུལ་ལ་སྔ་ན་མེད་པའི་སྟབས་བདེ་བསྐྲུན་ཡོད་ཅིང་། ཚོང་དོན་བགྲོ་གླེང་དང་ཡུལ་སྐོར་སྤྲོ་གསེང་གང་ཡིན་ནའང་། ཕྱི་ནང་གི་ཡུལ་སྐོར་མགྲོན་པོ་ཕར་འགྲོ་ཚུར་འོང་བྱས་ནས། རྩྭ་ཐང་གི་མཛེས་པ་དང་ཕྱི་རོལ་གྱི་འཇིག་རྟེན་ཉམས་སུ་མྱོང་བར་འགྲུལ་བཞུད་ཀྱི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་ནས། ཟླ་ ༡༢ ཚེས་ ༡༨ ཉིན་ནས་བཟུང་། སླར་ཡང་མཁའ་ལམ་གསར་པ་འདི་གཉིས་ནས་དངོས་སུ་གནམ་གྲུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དེས་ཀན་ལྷོ་དང་འཛམ་གླིང་བར་གྱི་བར་ཐག་ཡང་བསྐྱུར་ཐུང་དུ་ཐེངས་ཤིག་གཏོང་རྒྱུ་རེད།
གསར་དུ་འཕུར་སྐྱོད་བྱེད་པའི་གནམ་གྲུའི་ཨང་གྲངས་ནི་ 3U8115 དང་ 8116 ཡིན་ལ། གཟའ་འཁོར་རེར་འཕུར་ཐེངས་གསུམ་རེ་གཏན་འཁེལ་བྱས་ཡོད་དེ། སོ་སོ་ནི་གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་པ་སངས་ཉིན་འཕུར་སྐྱོད་བྱེད་རྒྱུ་ཡིན་ལ། ཞོགས་པར་ཁྲེན་ཏུའུ་ནས་འཕུར་ཏེ་བསང་ཆུའི་གནམ་གྲུ་ཐང་ནས་བབས་པ་དང་། དེ་ནས་བསང་ཆུའི་གནམ་གྲུ་ཐང་ནས་དབྱིན་ཁྲོན་ལ་འཕུར་རྒྱུ་ཡིན་པ་དང་། ཉིན་གུང་ནས་སླར་ཡང་དབྱིན་ཁྲོན་ནས་བསང་ཆུ་བརྒྱུད་དེ་ཁྲེན་ཏུའུ་ལ་ཕྱིར་འཕུར་རྒྱུ་རེད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས། ཟླ་ ༡༢ ཚེས་ ༡༦ ཉིན།༽
༢༽ ཟླ་ ༡༢ ཚེས་ ༡༦ ཉིན་སི་ཁྲོན་རྔ་པ་ཁུལ་རིག་གནས་ཕོ་བྲང་གི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དེ་གར་རྔ་པ་ཁུལ་གྱི་འབྲོག་ཁུལ་རྫོང་དྲུག་གི་གཞོན་ནུ་མ་གྲོས་གཅིག་མཐུན་ངང་འཛོམས་ནས་ཡོད། ཁོང་ཚོས་ལག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་འཁོད་པའི་རེའུ་མིག་འཁྱེར་བཞིན་ནན་ལ་གོ་རིམ་ལྡན་པའི་སྒོ་ནས“འབྲོག་ཁུལ་གྱི་མི་སྟོང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གདན་ཞུའི་ཚོགས་འདུའི”ཁེ་ལས་ཁག་གི་ཇུས་འདྲིའི་གནས་སུ་རང་ཉིད་ལ་འཚམ་པའི་ལས་གནས་ཇུས་འདྲི་བྱེད་བཞིན་མཆིས།
འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་རྔ་པ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་རེས་སྐོར་གསར་པའི་འབྲོག་ཁུལ་གྱི་མི་སྟོང་ལས་ཞུགས་ཀྱི་སྐུལ་འདེད་བྱ་སྤྱོད་ལག་བསྟར་བྱས་ཤིང་། ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་དེ་དུས་གོང་གི་སྐུལ་སློང་དང་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཕྱོགས་མང་ཐོག་ནས་སྒྲིག་འཛུགས་མཐུན་སྦྱོར་བྱས་པ་བརྒྱུད། འབྲོག་ཁུལ་མང་ཚོགས་ལ་འཚམ་པའི་ལས་གནས་ ༡༧༠༠ ཙམ་བསྡུ་རུབ་བྱས་པའི་ཐོག་འབྲོག་ཁུལ་རྫོང་དྲུག་གི་མི་ ༣༢༠༠ མིང་ཐོ་འགོད་རྒྱུ་སྒྲིག་འཛུགས་བྱས་ཡོད།
གདན་ཞུ་བྱ་ཡུལ་དུ་ཁུལ་ཕྱི་ནང་གི་ཁེ་ལས་ ༤༢ ཞུགས་ཡོད་པ་དང་ལས་གནས་ ༡༥༠༠ མཁོ་འདོན་བྱས་ཡོད་པ་མ་ཟད། ད་དུང་ཁེ་ལས་མངགས་བཅོལ་བར་སྦྲེལ་སྒྲིག་གཞི་ ༡༠༠ ཙམ་ཞུགས་ཡོད། གདན་ཞུའི་རིང་མི་ ༡༣༠༠ ཡིས་ལས་ཞུགས་འདོད་མོས་གྲོས་དོན་ལ་མིང་རྟགས་བཀོད་པ་དང་མི་ ༣༠༠ ཡིས་དེ་མིན་བྱ་གཞག་རྩལ་ནུས་གསོ་སྦྱོང་ནང་མིང་ཐོ་བཀོད་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༢༢ ཉིན༽
༣༽ ཟླ་ ༡༢ ཚེས་ ༥ ཉིན་ཧྲང་ཧའེ་དགེ་འོས་སློབ་ཆེན་དུ་བོད་རིག་པ་ཞིབ་འཇུག་ལྟེ་གནས་འཛུགས་པའི་མཛད་སྒོ་ཞུས་ཧུའེ་སློབ་ཁུལ་གྱི་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཀྲུའུ་ཙི་ཆང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་ཝེ། 《ཀྲུང་གོའི་བོད་རིག་པ》དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཧོང་ཝེ་ཀྲུང་། སི་ཁྲོན་སློབ་ཆེན་སློབ་གསོ་པུའུ་ཡི་འབྲུ་ཆུའི་མཁས་པ་དང་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཧྲི་ཧྲུའོ། བོད་ལྗོངས་སློབ་ཆེན་སློབ་གསོ་པུའུ་ཡི་འབྲུ་ཆུའི་མཁས་པ་དང་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཚེ་བརྟན་བཀྲ་ཤིས་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱི་ཆེད་ལས་མཁས་པ་དང་རིག་པ་བ་ ༢༠ ལྷག་དང་། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་མི་དོན་ཁྲུའུ། སྤྱི་ཚོགས་ཚན་རིག་ཁྲུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་དང་ཁྱབ་སྤེལ་སློབ་གླིང་བཅས་ཀྱི་འགན་ཁུར་པ་སོགས་གདན་ཞུ་ལྟར་བོད་རིག་པ་ཞིབ་འཇུག་ལྟེ་གནས་འཛུགས་པའི་མཛད་སྒོར་ཞུགས། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀའོ་ཅན་ཧྭ་ཡིས་མཛད་སྒོ་གཙོ་སྐྱོང་གནང་།
བོད་རིག་པ་ཞིབ་འཇུག་ལྟེ་གནས་འཛུགས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཧྲོང་ཁྲེང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་དང་རྗེས་མར་བསྒྲུབ་རྒྱུའི་ལས་ཀ་གཙོ་བོ་མཚམས་སྦྱོར་བྱས་པ་རེད། བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་རྗེས་སློབ་ཆེན་གྱི་ཏང་ཨུས་ཡང་དག་པའི་འགོ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག ནུས་པ་གང་ཡོད་ཀྱིས་ཧྲང་ཧའེ་དང་ཧྭ་ཤར་ས་ཁུལ་གྱི་བོད་རིག་པ་ཞིབ་འཇུག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རིག་གཞུང་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་རིག་མཛོད་འཛུགས་སྐྲུན་ཕྱོགས་གཉིས་ཀྱི་ཐད་ལ་རིམ་བཞིན་བོད་འབྲེལ་ཆ་འཕྲིན་འཚོལ་བསྡུ་དང་། བོད་འབྲེལ་གནད་དོན་ཞིབ་འཇུག བོད་འབྲེལ་ལས་དོན་བློ་འདོན་བཅས་བྱེད་པའི་ཆེད་འཛུགས་ལས་ཁུངས་སུ་འགྱུར་བར་འཛུགས་སྐྲུན་བྱས་ཏེ་བོད་ཁུལ་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཞི་བདེ་གཅིག་གྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་རེད། དགེ་རྒན་ཆེ་མོ་བ་ལིའུ་ཡུང་ཝུན་གྱིས“ཧྲང་ཧའེ་དགེ་འོས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བསྒྲགས་གཏམ”ཀློག་འདོན་བྱས།
ཚེ་བརྟན་བཀྲ་ཤིས་དང་། ཅང་ཏི། ཕན་ཝུའུ་ཡུན་སོགས་ཆེད་ལས་མཁས་པ་དང་རིག་པ་བ་ཚོས་ཀྱང་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཨང་གྲངས་ཅན་དུ་བསྒྱུར་རྒྱུ་དང་བོད་ཀྱི་ཡུལ་སྐད་བརྟག་དཔྱད་ཞིབ་འཇུག ཧྲང་ཧའེ་དགེ་འོས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་བྱས་ནས་བོད་རིག་པ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུའི་སྐོར་ལ་དཔྱད་བསྡུར་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༢༣ ཉིན༽
༤༽ ལོ་ ༥༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་སྒྱུར་བཟོ་བསྐྱར་སྒྲིག་བྱས་པ་བརྒྱུད། ཟླ་འདིའི་ཚེས་ ༢༡ ཉིན་དངོས་སུ་སྒོ་བྱང་བཀལ་ནས“སྨན་རྩིས་སྦྱོར་རྟ་ཁང”ཞེས་པར་མིང་བསྒྱུར་བ་དེ་ཐོག་ནས་གངས་ལྗོངས་ས་མཐོར་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་བོད་སྨན་ཐོན་སྐྱེད་དང་ལས་སྣོན་བྱ་རྒྱུ་དེ་དེ་བས་ཆེད་ལས་ཅན་གྱི་ཆུ་ཚད་ཐོག་སླེབས་པ་མཚོན་ཡོད་ཟེར།
རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་སྨན་རྩིས་ཁང་གི་སྦྱོར་རྟ་ཁང་གི་ཚོང་རྟགས་ཐོ་འགོད་རེ་ཞུ་དང་ཐུམ་སྒྲིལ་གྱི་དཔེ་རིས་ཇུས་འགོད་དང་ལེན་བྱས་རྗེས་འདི་ལོའི་ཟླ་ ༡༡ པར་སྨན་རྩིས་ཁང་གི་སྦྱོར་རྟ་ཁང་ལ《སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཆོག་འཐུས་ལག་ཁྱེར》རག་ནས་བོད་ཀྱི་སྨན་རྩིས་ཁང་གི་སྦྱོར་རྟ་ཁང་རྙིང་པའི་ལས་དོན་དེང་རབས་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་དེ་བས་འཚམ་ཐུབ་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།
སྨན་རྩིས་སྦྱོར་རྟ་ཁང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཁོངས་སུ་གཏོགས་པ་དང་དེ་གར་རྒྱལ་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཀྱི་སྣེ་འདྲེན་ཁེ་ལས་བདུད་རྩི་རྟགས་ཅན་གྱི་བོད་སྨན་ཚད་ཡོད་ཀུང་སི་བཙུགས་ནས་ཀྲུང་གོའི་གྲགས་ཅན་ཚོང་རྟགས“བདུད་རྩི”རྟགས་ཅན་བཏོད་དེ་ལྗོངས་ཡོངས་ཀྱི་ཁེ་བེད་བདག་ཐོབ་ཐོག་མར་བཏོད་པ་སོགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོའན་ཀྲང་ཡེ་ཤེས་གཡང་འཛོམས་ཀྱིས ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་གཉེར་སྐྱོང་གི་ཕན་འབྲས་མཐོ་རུ་གཏོང་རྒྱུ”དམིགས་ཡུལ་དུ་བྱས་ཏེ། བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་ལམ་ལུགས་སྒྱུར་བཅོས་བྱས་པ་རེད། སྨན་རྩིས་ཁང་གིས་ན་ནིང་ལོ་དཀྱིལ་དུ་སྦྱོར་རྟ་ཁང་རྩིས་ལེན་བདག་སྤྲོད་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་བདུད་རྩི་རྟགས་ཅན་ཀུང་སི་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་བརྒྱུད། ན་ནིང་ལོ་མཇུག་ཏུ་བཟོ་ཁང་སོགས་སྒྲིག་ཆས་སྒྲིག་བཀོད་ཁག་གཅིག་རྩིས་ལེན་བདག་སྤྲོད་བྱས། སྨན་རྩིས་སྦྱོར་རྟ་ཁང་ལ་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་བྱུང་བ་མ་ཟད། ད་དུང་སྨན་རྩིས་ཁང་གི་ལོ་ངོ་བརྒྱ་ལྷག་ཙམ་གྱི་མིང་རྙིང་པའི་རིག་གནས་འཕེལ་རྒྱས་དང་ཐོན་སྐྱེད་རྒྱུན་འཛིན་བྱེད་པའི་ཕྱོགས་བསྡུས་ཀྱི་སྤྱི་ཚོགས་ཕན་འབྲས་ཀྱང་ཐོན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྟེན་གཞིར་དེ་བས་འགྱུར་ཡོད་ཅེས་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༢༤ ཉིན༽
༥༽ ཟླ་ ༡༢ ཚེས་ ༢༣ ཉིན་ཀྲུང་གོའི་ཚན་རིག་གླིང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་གཞོང་སར་ལོ་ངོ་འབུམ ༤༠ ལྷག་ཙམ་གོང་གི་ཕེ་ལི་ཡེ་ཧྲང་ཞིན་གཅན་གཟན་ཁྱི་མ་ཞིམ་གྱི་འགྱུར་རྡོ་རྙེད་པ་རེད། ལོ་མང་རིང་གི་འགྱུར་རྡོར་ཞིབ་འཇུག་བྱས་པ་བརྒྱུད་ཆེད་ལས་མཁས་པས་ཐེངས་འདིར་གསར་དུ་རྙེད་པའི་འགྱུར་རྡོ་འདི་ནི་རུས་ཆག་ཅན་གྱི་གཅན་གཟན་ཁྱི་མ་ཞིམ་ཆེ་གྲས་ཀྱི་འགྱུར་རྡོ་མཚོ་བོད་མཐོ་སྒང་སྟེང་ཐོག་མ་རྙེད་པ་ཡིན་ཞིང་། དེ་གཅན་གཟན་ཁྱི་མ་ཞིམ་རིགས་ཀྱི་སྲོག་ཆགས་ཀྱི་འབྱུང་རྩ་དང་། སྣ་མང་རང་བཞིན། གནའ་བོའི་ས་ཁམས་འཁོད་ཚུལ་བཅས་ཞིབ་འཇུག་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན། ཞེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༢༤ ཉིན༽
༦༽ མི་དམངས་དྲ་བའི་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ཟླ་གཅིག་རིང་གི་བོད་ལྗོངས་པང་ཁའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱིས་རྗེས་ཤུལ་དེ་ནི་བོད་ནས་རྟོགས་པའི་རྡོ་ཆས་གསར་མའི་ཡི་གེ་མ་བྱུང་གོང་གི་རིག་གནས་རྗེས་ཤུལ་གཞན་ཞིག་ཡིན་པའི་གཏན་འཁེལ་བྱས།
པང་ཁའི་རྗེས་ཤུལ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡར་ལུང་ཆུ་བོ་རྒྱུག་ཁུལ་དུ་གནས་པའི་ཡི་གེ་མ་བྱུང་གོང་གི་རྗེས་ཤུལ་གལ་ཆེན་ཞིག་ཡིན་པ་དང་། ༡༩༨༥ ལོར་ཚོད་ལྟའི་སྔོག་འདོན་ཐེངས་དང་པོ་བྱས་པ་ནས་བཟུང་། གནའ་རྫས་རྟོག་ཞིབ་ལས་དོན་མི་སྣས་གནའ་རྫས་རྟོག་ཞིབ་དང་། ཚོད་ལྟའི་སྔོག་འདོན། སྔོག་འདོན་བཅས་ཀྱི་ལས་དོན་ཐེངས་མང་སྤེལ་ཡོད་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་དུས་ད་ཆའི་བར་དཔྱད་གཞིའི་ཡིག་རིགས་དངོས་སུ་འགྲེམས་སྤེལ་བྱེད་མྱོང་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་དོན་སྤེལ་སྐབས། ཆུ་སིང་རྒྱག་པའི་ཐབས་ལ་བརྟེན་ནས་སྲོག་ཆགས་ཆུང་རིགས་ཀྱི་རུས་པ་དང་། རྩི་ཤིང་གི་སོན། སོལ་ནག་སོགས་ཀྱི་དངོས་དཔེ་འཚོལ་བསྡུ་བྱེད་རྒྱུ་གཙོ་གནད་དུ་བཟུང་བ་དང་། རྗེས་ཤུལ་གྱི་གནས་མཐུན་ས་རིམ་ཁག་གི་ལོ་རབས་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད་པ་རེད། སྔོག་འདོན་ཐུབ་པའི་རིག་གནས་རྗེས་ཤུལ་དངོས་པོར་ལྟ་ཞིབ་རགས་ཙམ་བྱས་པའི་ཐོག་ནས་བལྟས་ཚེ། པང་ཁའི་རྗེས་ཤུལ་ནི་རྡོ་ཆས་གསར་མའི་དུས་མཇུག་གི་ཡི་གེ་མ་བྱུང་གོང་གི་རིག་གནས་ཀྱི་རྗེས་ཤུལ་ཞིག་ཡིན་པ་རེད། རྗེས་ཤུལ་དེ་གསར་པ་རྙེད་པ་ལས་བོད་ཀྱི་གནའ་མིའི་གནས་སྤོར་ཞིབ་འཇུག་དང་བོད་མི་རིགས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་ཐུབ་རྒྱུ་རེད། གཞན་ཡང་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་པའི་བརྒྱུད་རིམ་ནང་རིགས་གཅིག་མཁས་ཅན་གྱིས་ད་དུང་པང་ཁའི་རྗེས་ཤུལ་གནས་ཡུལ་ལ་ས་དཔྱད་ཐིག་ལེན་རིས་འབྲི་བྱས་ནས་གོམ་སྟབས་རྗེས་མར་རྗེས་ཤུལ་གྱི་ཁོར་ཡུག་ཞིབ་འཇུག་ཐད་རྨང་གཞིའི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱ་རྒྱུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡༢ ཚེས་ ༢༥ ཉིན༽
༧༽ ཟླ་འདིའི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་དབར་པེ་ཅིང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཁྲང་ཅིང་རྣམ་གཉིས་ཀྱིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་གསུང་བཤད་གནང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཀྲང་ཙུང་ཡན་རྣམ་གཉིས་མིང་རྟགས་འགོད་པའི་མཛད་སྒོར་ཕེབས།
བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ལྕགས་ལམ་ཀུང་སིས་ཡུན་རིང་ནང་བོད་ཀྱི་ལྕགས་ལམ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ནང་ཧུར་ཐག་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ་་་་་་་་་
ལི་ཁྲང་ཅིང་གིས“རྒྱུད་གཅིག་ལམ་གཅིག”དང་། ཧི་མ་ལ་ཡའི་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱེད་ལུགས་བཏོན་པ་དང་དེར་སྐུལ་འདེད་བཏང་བས་བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་བསུས་ཡོད་པ་རེད། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་ཧུར་ཐག་ཞུས་ནས་འཐབ་ཇུས་གྲོས་མཐུན་གྱི་ཁ་ཆད་ལྟར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“མཚོ་བོད་ལྕགས་ལམ་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་བོད་ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ། ནུས་རྒྱུ། ཆུ་གློག ཐོན་ཁུངས་སོགས་ཀྱི་རྣམ་གྲངས་ལ་མ་འཇོག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་བོད་མི་དམངས་དང་མཉམ་དུ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་འཛུགས་སྐྲུན་བྱེད་པར་འབུལ་འོས་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༢༨ ཉིན༽
༨༽ ཟླ་ ༡༢ པའི་ཚེས་ ༢༣ ཉིན་སི་ཁྲོན་དཀར་མཛེས་གེ་སར་གནམ་གྲུ་ཐང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ལས་ཐོན་པའི་གནས་ཚུལ་ལྟར་ན། དཀར་མཛེས་ཀྱི་གནམ་གྲུ་ཐང་འཛུགས་སྐྲུན་གྱི་ལས་གཞིར་སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཆོག་མཆན་གནང་ཡོད་ཅིང་། གནམ་གྲུ་ཐང་ལེགས་འགྲུབ་བྱུང་རྗེས་ཁྲེན་ཏུའུ་ནས་དཀར་མཛེས་རྫོང་བར་ཆུ་ཚོད་གཅིག་གིས་སླེབ་ཐུབ།
དཀར་མཛེས་ཀྱི་གནམ་གྲུ་ཐང་ལ་འགྲོ་བའི་གཞུང་ལམ་ ༢༠༡༤ ལོའི་སྤྱི་ཟླ་ ༡ པོའི་ཚེས་ ༢༩ ཉིན་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། མིག་སྔར་ལམ་གཞིའི་ཨར་ལས་ཀྱི་ལས་ཀ་ལེགས་གྲུབ་ཟིན་ཡོད་ལ། ར་བ་ཕྱི་རོལ་གྱི་གློག་མཁོ་སྤྲོད་ལས་གཞིའི་སྒྲིག་སྦྱོར་ལེགས་འགྲུབ་བྱུང་སྟེ་སྙན་ཞུ་ཡར་སྤྲོད་བྱས། ས་རྡོ་དང་རྩིག་རྨང་གི་ཐག་གཅོད་ཚོད་ལྟའི་དུས་མཚམས་ཇུས་གཞིར་སྤྱི་ཟླ་ ༡༡ པའི་ནང་ཞིབ་དཔྱད་གྲོས་འཆམ་བྱུང་། འཆར་གཞི་ལྟར་ན་ད་ལོའི་སྤྱི་ཟླ་ ༡༢ པའི་མཇུག་ཏུ་འཛུགས་སྐྲུན་གྱི་འགོ་འཛུགས་རྒྱུ་རེད།
མིག་སྔར་དཀར་མཛེས་ཁུལ་ལ་དར་མདོའི་གནམ་གྲུ་ཐང་དང་འདབ་པ་ཉི་བརྟེན་གནམ་གྲུ་ཐང་གཉིས་ཡོད་ཅིང་། དཀར་མཛེས་གནམ་གྲུ་ཐང་བསྐྲུན་རྗེས། ཁུལ་དེར་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པར་འགྱུར་རྒྱུ་རེད།༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༡༢ ཚེས་ ༢༨ ཉིན༽
༩༽ བོད་རང་སྐྱོང་ལྗོངས་གནམ་གཤིས་རྟོག་དཔྱོད་ཁང་གིས་༢༠༡༥ལོའི་སྟོན་དུས་སྟེ་ཟླ༩བ་ནས་ཟླ ༡༡ པའི་བར་གྱི་གནམ་གཤིས་དབྱེ་ཞིབ་འབྲས་བུ་ལྟར་ན། ཟླ ༩ བའི་ལྷ་སའི་དྲོད་ཚད་མཐོ་ཤོས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་ཡོད་ཅིང་། ༡༩༨༡ ལོའི་ཚུན་ལ་བོད་ལྗོངས་ཀྱི་སྟོན་ཁའི་དྲོད་ཚད་ཆ་སྙོམས་ལོ་ ༡༠ རེའི་ནང་ཧྲེ་ཧྲི་ཏུའུ (摄氏度Celsius) ༠.༣༧ མཐོ་རུ་ཕྱིན་ཡོད།
འདས་པའི་ལོ་ངོ ༡༠༠ ཡི་ནང་། འཛམ་གླིང་ཡོངས་ཀྱི་ས་ངོས་ཆ་སྙོམས་དྲོད་ཚད་མཐོ་རུ་ཕྱིན་པའི་འཕེལ་ཕྱོགས་མངོན་ཞིང་། ༡༩༦༡ ལོ་ནས་ ༢༠༡༤ ལོའི་བར་དུ། ཀྲུང་གོའི་ཆ་སྙོམས་ལོ་བཅུ་རེའི་དྲོད་ཚད་ཧྲེ་ཧྲི་ཏུའུ་ ༠.༢༨ ཇེ་མཐོར་ཕྱིན་ཡོད་པ་དང་། དེའི་ནང་དགུན་ཁ་དང་དཔྱིད་ཁའི་གནམ་གཤིས་ཇེ་དྲོར་ཕྱིན་པའི་སྣང་ཚུལ་ལྷག་པར་མངོན་གསལ་ཡིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་ཏུའུ་ཅུན་གྱིས་ངོ་སྤྲོད་གནང་བ་ལྟར་ན། མཚོ་བོད་མཐོ་སྒང་ནི་གནམ་གཤིས་འགྱུར་ལྡོག་ཆེ་བའི་ཁུལ་དུ་གྱུར་ཡོད་ཅིང་། བོད་ལྗོངས་ཀྱི་གནམ་གཤིས་དྲོད་འགྱུར་གྱི་ཚད་དེ་འཛམ་གླིང་གི་ས་ཁུལ་གཞན་ལས་མངོན་གསལ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་གནམ་གཤིས་དབྱེ་ཞིབ་སྐོར་གྱི་སྙན་ཞུ་གསར་བ་ཞིག་སྤེལ་བའི་ནང་། ༢༠༡༥ ལོའི་སྟོན་ཁར་བོད་ལྗོངས་ཀྱི་ས་ཁུལ་མང་ཤོས་ཀྱི་གནམ་གཤིས་དྲོད་ཚད་ཅུང་མཐོ་ཞིང་། ཆ་སྙོམས་དྲོད་ཚད་དེ་ཧྲེ་ཧྲི་ཏུའུ་ ༦.༤ སླེབས་ཡོད་པ་དེ་༡༩༨༡ལོ་ནས་ ༢༠༡༠ ལོའི་བར་གྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ ༡.༢ ལས་མཐོ་བ་དང་། དེའི་ནང་དུ་ལྷ་ས་དང་ཆབ་མདོ། མངའ་རིས། ནག་ཆུ་སོགས་ས་ཁུལ་གྱི་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏུའུ་ ༡ ཡན་ འཕར་ཡོད་ལ། ལྷག་པར་དུ་ད་ལོའི་ཟླ ༡༡ པར་མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་དང་། ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་རྫོང་བཅས་ཀྱི་ཆ་སྙོམས་དྲོད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བརྒལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ནས། ཟླ་ ༡༢ ཚེས་ ༢༩ ཉིན༽
༡༠༽ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ ༣༦ ལ་མཚན་རྟགས་བཀོད་ནས་ཡོངས་བསྒྲགས་བྱས་ཤིང་། བཅའ་ཁྲིམས་འདི་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
དབང་ཆ་སྤྲད་པ་ལྟར་ཤིན་ཧྭ་གསར་འགྱུར་ཁང་གིས་བཅའ་ཁྲིམས་འདི་ཆ་ཚང་ཡོངས་བསྒྲགས་བྱས་ཤིང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དེར་ཁྱོན་བསྡོམས་ལེའུ་བཅུ་དང་དོན་ཚན་ ༩༧ ཡོད་པ་དང་། འཇིགས་སྐུལ་བྱ་སྤྱོད་ཀྱི་རྩ་འཛུགས་དང་མི་སྣ་ངོས་འཛིན་གཏན་འཁེལ་དང་། བདེ་འཇགས་དོགས་ཟོན། གསང་འཕྲིན་ཆ་འཕྲིན། བརྟག་དཔྱད། ཁ་གཏད་གཅོག་ཐབས་དང་ཐག་གཅོད་བྱ་ཐབས། རྒྱལ་སྤྱིའི་མཉམ་ལས། འགན་ལེན་བྱ་ཐབས། བཅའ་ཁྲིམས་འགན་འཁྲི་སོགས་ཀྱི་ཐད་གཏན་འབེབས་བྱས་འདུག
་་་་་་་་ བཅའ་ཁྲིམས་དེའི་ནང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཁྲིམས་ལྟར་བསྒྲུབས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པ་དང་། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་ལས་ས་ཁོངས་དང་། མི་རིགས། ཆོས་ལུགས་སོགས་རྒྱུ་མཚན་དུ་བྱས་ནས་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་གང་ཞིག་ཡིན་རུང་བཀག་འགོག་བྱེད་དགོས་ཞེས་གཏན་འབེབས་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༢ ཚེས་ ༢༨ ཉིན༽
༡༡༽ ཟླ་ ༡༢ ཚེས་ ༢༨ ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ༢༠༡༦ ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་ཀྱི་རྨ་ཆུ་མྱུར་བརྒལ་མཐར་སོན་འགྲན་སློང་ལེགས་ཐོན་འགྲན་བསྡུར་དེ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༨ ཉིན་ནས་ཚེས་ ༡༠ ཉིན་བར་ས་མཐོའི་རྨ་ཆུའི་ཉེ་འགྲམ་དུ་གནས་པའི་ཁྲི་ཀ་རྫོང་དུ་གཉེར་རྒྱུ་ཡིན་པ་དང་། སྐབས་དེར་འཛམ་གླིང་ས་ཆ་ཁག་གི་དགུན་དུས་ཆུ་རྐྱལ་རྒྱག་རྒྱུར་དགའ་པོ་བྱེད་མཁན་རྣམས་རྨ་ཆུར་ཛ་དྲག་གི་འགྲན་བསྡུར་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེས་ཨུ་རུ་སུ་དང་། འཇར་མན། དབྱི་ཐ་ལི། ཧྥ་རན་སེ། ཨོ་སི་ཁྲུ་ལི་ཡ། འཁྱག་གླིང་། སུའེ་ཏེན། དབྱིན་ཇི། སི་ཕེན་སོགས་རྒྱལ་ཁབ་དང་ས་ཁུལ་ ༡༤ ཡི་བདམས་ཐོན་པ་ ༧༤ ཡི་ཡིད་དབང་བཀུག་པ་དང་། འགྲན་བསྡུར་ལ་མིང་ཐོ་འགོད་པའི་བདམས་ཐོན་པའི་གྲངས་འབོར་སྐབས་རིམ་བྱུང་གི་འགྲན་བསྡུར་ཁྲོད་ནས་མང་ཤོས་ཡིན་ཞིང་། ད་ཐེངས་འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པའི་ཁྱབ་ཁོངས་ཀྱང་མེ་གླིང་ལྷོ་མ་བར་ཐོག་མར་རྒྱ་སྐྱེད་བྱུང་ཡོད་པ་རེད།
རྒྱལ་སྤྱིའི་དགུན་དུས་ཀྱི་རྨ་ཆུ་མྱུར་བརྒལ་མཐར་སོན་འགྲན་སློང་འགྲན་བསྡུར་སྐབས་ལྔ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ས་བབ་མཐོ་བ་དང་། ཆུ་ཆེ་བ། ཆུ་རྐྱལ་རྒྱང་ཐག་རིང་བ་སོགས་རྒྱུ་རྐྱེན་དག་ལས་འགྲན་བསྡུར་དེར་རྒྱལ་ནང་གི་ཡོངས་བསྒྲགས་ཆུ་ཁོངས་ཀྱི་དགུན་དུས་ཆུ་རྐྱལ་འགྲན་བསྡུར་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༡༢ ཚེས་ ༣༠ ཉིན༽[PDF]
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༥ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན།